ཨབ་ཀ་ནི་སི་ཐན་གྱི་སྲིད་འགྱུར་བྱུང་རྗེས་བྲིས་པ། བཀྲ་ཤིས་དཔལ་ལྡན།
ས་ཁྲ།
ཨབ་ཀ་ནི་སི་ཐན་གྱི་སྲིད་འགྱུར་བྱུང་རྗེས་བྲིས་པ།
ཨོ་རྒྱན་ཡུལ་ཞེས་སྔོན་ཆད་དམ་ཆོས་ཀྱི་དར་ས།།
ཨ་བུ་ཀ་ནི་སི་ཐན་རིམ་བྱུང་བཙན་རྒྱལ་གྱི་རྩོད་ས།།
ཨ་རི་སུའུ་ལེན་དབྱིན་ཇི་རིངས་སྟབས་ཀྱིས་བྲོས་ས།།
ཨ་མ་མ་ལ་ཡ་མེད་སྟོབས་ཤུགས་དེ་ཅི་ལགས།།
ཀ་ལི་འགེབ་བྱེད་ལ་ཐོད་རིང་པོ་བཅིངས།།
ཁ་སྤུ་ཟབ་ཟོབ་ཆོས་ཀྱི་གུས་སྲོལ་བརྩི།།
ག་འཛོལ་དེང་རབས་ཤེས་དཔལ་རྒྱང་འདོར་བའི།།
ང་མིན་གཞན་གསོད་མུན་པའི་འཇིག་རྟེན་གཏོད།།
ཅ་ནོར་ཐ་ཤལ་AK-47ངོམས།།
ཆ་ལུགས་ཁྲལ་ཁྲོལ་མེ་ཤུགས་འཕུར་མདའ་ཐོགས།།
ཇ་ཆང་འགྲོ་གྲོན་ཉལ་ཐ་དུག་ལ་བརྟེན།།
ཉྭ་རེངས་རྐང་རྗེན་རི་ཀླུང་གང་སར་རྒྱུ།།
ཏ་ཐཱ་ག་ཏའི་ཤུལ་རྗེས་མ་ལུས་བརླག།།
ཐལ་སྐྱོད་སྦྱོར་བས་འཛམ་གླིང་ཞི་བདེ་དཀྲུག །
ད་དུང་གླུ་གར་རོལ་རྩེད་ཐམས་ཅད་བཀག།
ན་རག་མུན་པའི་དོང་ལ་འགྲན་མིན་ནམ།།
པ་རྨི་ཡང་གི་སྐུ་བརྙན་སྒྱོགས་ཀྱིས་གཏོར།།
ཕ་གཏམ་བུ་འཇགས་ལོ་རྒྱུས་སུབ་ལ་འབད།།
བུད་མེད་མ་ལུས་ལྭ་བའི་བཙོན་ལ་བཅུག །
མ་རབས་སྤྱོད་པས་མིང་ངན་ཀུན་ལ་ཁྱབ།།
རྩྭ་ཤིང་དབེན་པའི་མྱ་ངམ་ཡུལ་ལྗོངས་སུ།།
ཚ་གྲང་དཀའ་སྡུག་མི་སེར་དཀྱུས་མར་གཏད།།
ཛ་དྲག་དམག་འཁྲུག་དུ་ཞག་རྒྱུན་མི་ཆད།།
ཝ་ལེར་བསམ་ན་ཐམས་ཅད་དབང་སྒྱུར་དོན།།
ཞ་ལོང་ཡུལ་བྱོལ་ཁྱུ་ཚོགས་གང་སར་སྐྲད།།
ཟ་འདྲེ་ISཁྲག་སྦྱོར་ལས་ངན་བཤམས།།
འ་ཆད་འུ་ཐུག་མི་རྣམས་གཞན་ཡུལ་གྱར།།
ཡ་མེད་འཇིགས་གཏུམ་སླར་ཡང་ཡུལ་དེར་དར།།
རང་འདོད་ཟ་ཉལ་རུལ་སུངས་རབ་དར་བས།།
ལ་འུར་ཉིན་ཞག་བཅུའི་ནང་རྒྱལ་སྲིད་ཤོར།།
ཤ་རུལ་དྲི་ངན་ཁ་བའི་སྲིད་གཞུང་ཞིག །
ས་ཆ་དེ་ནས་བརླག་པ་ཨ་ཙ་མ།།
ཧ་ལས་གདུག་རྩུབ་རིང་ལུགས་མ་འདོར་ན།།
ཧ་ཅང་ཁ་མཁས་བཤད་ཀྱང་སུ་ཡིད་ཆེས།།
ཧ་གོ་དོན་རྟོགས་འཇིག་རྟེན་སྐྱེ་བོ་ཚོས།།
ཧང་གཏམ་ཡིན་མིན་ལག་ལེན་དངོས་ལ་བལྟ །
ཨ་ཕུ་ཀ་ནི་སི་ཐན་ཡོ་ལང་དེ།།
ཨ་ཤེ་ཡ་ཡི་གནད་དོན་ཙམ་མིན་པར།།
ཨ་ཅང་འཛམ་གླིང་ཧྲིལ་པོའི་དོན་ཡིན་པས།།
ཨ་བསོད་མི་ཉམས་ཞི་བར་གནས་གྱུར་ཅིག །
༢༠༢༡ལོའི་ཟླ་༨ཚེས་༣༡ལ་བྲིས
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青