ལོ་མ་སེར་པོ། | འཕགས་ཆེན།
ལོ་མ་སེར་པོ།
ལོ་ཟླའི་རི་མོ་འཁྱོག་པའི་བྱེས་ནས
དྲན་གདུང་གི་ཆུ་ཐིགས་བསགས་ནས་ཡོང་དུས
ཕ་ཡུལ་གྱི་ལག་མཐིལ་དུ་ཇི་ལྟར་བལྟ་དགོས་ཨང
འདི་སྣང་གི་ཞེན་ཆགས་ལམ་ནས་བྲིས་ཏེ
ཕ་ཡུལ་གྱི་གདོང་ལ་ཅེར་རེར་ལྟ་སྐབས
ནམ་མཁའ་དང་ས་གཞིའི་ཆེ་རུ་བཏང་མྱོང་བའི
ལོ་མ་སེེར་པོ་ཐོག་མར་མཐོང་བ་དེེས
ས་རུ་ཟགས་པའི་ལོ་མ་དེ་དག་གིས
ང་ལ་འདས་པའི་རྗེས་གཅོད་འདོད་ཅིག
གནམ་ནས་འགུལ་བའི་ལོ་མ་དག་གིས
ང་ལ་མ་འོངས་པའི་མདུན་བསུ་འདོད་ཅིག
བྱེས་སུ་གྱེས་པའི་ན་གཞོན་སྐོར་ཞིག
ལས་འབྲས་ཀྱི་ཕོ་སྒོ་མཐོ་བའི་ཕ་ཡུལ་དུ
ད་དུང་ཚུར་ལོག་མ་ཐུབ་པ་ལ་བསམས་ན
ང་རང་ཕ་ཡུལ་དུ་ལོག་ཚུལ་འདི་མི་མཐུན་པའི་དཔེ་ཞིག་རེད
ཐ་སྙད་ཀྱི་རྣམ་གྲངས་མང་བའི་ལོ་མ་སེར་པོ
དུས་ཚོད་ཅིག་ངེས་པར་བརྒྱུད་ནས་ཡོང་དོན་ག་རེ་ཡིན་ནམ
ཕ་ཡུལ་སྟོན་ཟླ་ཧ་ཅང་དཀར་བའི་སྒང་འདིར
ངས་ཁྱོད་ལ་གྲོགས་པོ་ཞེས་པའི་ཐ་སྙད་ཅིག་སྦྲན་ཡོད
ཉིན་མཚན་གྱི་ལམ་ཐིག་དྲང་བའི་གཞིས་ནས
འཆར་སྣང་གི་སྒེ་ཁུང་ཕྱེས་ནས་འདུག་དུས
གཞན་ཡུལ་གྱི་མེ་ལོང་ལ་ཇི་ལྟར་བལྟ་དགོས་ཨང
2021.9.30ཉིན་ཟུར་མང་ནས་བྲིས།
འཕགས་ཆེན།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青