འཕགས་ཆེན། (ཡུལ་ཤུལ)
སྨུག་སྤྲིན་ལངས་སོང་བས
ངའི་སེམས་པའང་རླུང་བུ་བཞིན་ལྡང་སོང
གུང་ཐང་ལ་མོ་ཐོགས་མེད་དུ་བརྒལ་ནས
སྐད་ཅིག་ཙམ་ལ་སྐྱིད་གྲོང་བསྐོར་སོང
སྐྱིད་གྲོང་དུ་ཤོར་བའི་སེམས་ཉིད་འདི
འཇམ་མཉེན་གྱི་སྐྱེས་ཚལ་ལ་ཐོགས་སྲིད་དམ
རང་བྱུང་གི་རྦབ་ཆུ་ལ་འདྲེས་སྲིད་དམ
སྐྱིད་གྲོང་གི་ནམ་མཁའ་དང་འདྲ་བར
སྐྱིད་གྲོང་གི་ནགས་ཚལ་དང་འདྲ་བར
སྐྱིད་གྲོང་གི་ཞིང་ས་དང་འདྲ་བར
སྐྱིད་གྲོང་དུ་ཤོར་བའི་སེམས་ཉིད་འདི
སྐྱིད་གྲོང་དུ་མ་སོང་པའི་སྔོན་དུ
ངས་སྐྱིད་གྲོང་ཞེས་བློས་བསླང་བྱས
སྐྱིད་གྲོང་དུ་སོང་རྗེས་སུ
ངས་སྐྱིད་གྲོང་ཡང་ཡང་སྒོམ་པ་འདིས
འཛམ་གླིང་ཡོད་པའི་སྣང་བ་མི་འདུག
དག་པ་ཤེལ་གྱི་ཕོ་བྲང་ལྟ་བུའི་སྐྱིད་གྲོང
ཉིན་མོ་དྲན་རྟོག་གི་ཉི་འོད་ས་ལ་བཞད
མཚན་མོ་རྨི་ལམ་གྱི་ཟླ་འོད་མཁའ་ལ་ཤར
བོར་སོང་བ་དེ་ཁྱོད་རང་མ་ཡིན་པར
ངས་ང་རང་འབོར་བཞིན་འདུག
2021/10/16ཉིན་བྲིས།
རྩོམ་པ་པོ། འཕགས་ཆེན།
པར་རྒྱག་མཁན། འཕགས་ཆེན།
རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青
Send to Author