འཕགས་ཆེན། (ཡུལ་ཤུལ)
ཆོས་རྣམས་ཀུན་འདུས་མངོན་མཛོད་མ་དྲོས་མཚོ།།
ཆོས་རབ་རྣམ་པར་འབྱེད་པའི་གཙང་ཆབ་ཀྱིས།།
མི་ཤེས་རྨོངས་པའི་དྲི་མ་འཁྲུད་མཛད་པ།།
དབྱིག་གཉེན་ཀླུ་དབང་མཆོག་ལ་ཕྱག་འཚལ་ལོ།།
གང་གི་གཞུང་ལུགས་རིན་ཆེན་ནོར་བུ་ལ།།
སློབ་དཔོན་ཉིད་ཀྱིས་རང་འགྲེལ་མཛད་པ་ནས།།
བློ་གྲོས་བརྟན་པ་གང་སྤེལ་རྒྱལ་སྲས་སོགས།།
རྒྱ་གར་མཁས་པས་འགྲེལ་བ་མང་དུ་བརྩམས།།
ཕྱིས་སུ་བོད་འདིར་མངོན་པའི་ཆུ་ཀླུང་ཆེ།།
རྔོག་ལོ་ཆེན་པོས་གསང་ཕུ་ཡུལ་དུ་དྲངས།།
དེ་དོན་སྤེལ་ལ་མཆིམས་ཀྱི་མཁས་མང་བྱོན།།
ཁྱད་པར་འཇམ་དཔལ་དབྱངས་ཀྱིས་མངོན་རྒྱན་མཛད།།
བསྟན་པ་ཕྱི་དར་ཁམས་ཀྱི་ཀློང་ཐང་དུ།།
ཇོ་བོ་སྨྲི་ཏིས་མཛོད་ཀྱི་བཤད་རྒྱུན་ལས།།
མཆིམས་བརྩོན་སེང་གིས་ཊིཀྐ་ནག་འབྱམས་མཛད།།
བོད་ནས་མཛོད་འགྲེལ་ཀུན་གྱི་ཐོག་མ་སྨྲ།།
དེ་རྗེས་བོད་འདིར་མཛོད་འགྲེལ་མང་བྱུང་བས།།
འདི་དམན་དེ་མཆོག་དབྱེ་བ་དགར་དཀའ་ཡང་།།
བཀའ་བརྒྱུད་པ་ལ་མཛོད་ཀྱི་ལྡེ་མིག་འབྱོར།།
ཆོས་མངོན་རྒྱ་མཚོའི་གཏེར་སྒོ་རབ་ཏུ་ཕྱེས།།
རྒྱ་གར་མཁས་པའི་ཆོས་མངོན་འོ་མ་ལས།།
ལྷད་མེད་མར་གྱི་ཉིང་བཅུད་ཕྱུངས་པ་ལ།།
འགྲན་གྱི་དོ་མེད་ཀུན་མཁྱེན་མི་བསྐྱོད་རྗེས།།
གཞུང་འགྲེལ་ཆེན་པོ་༼གྲུབ་བདེའི་དཔྱིད་འཇོ་༽མཛད།།
དེ་དོན་ཉེ་བར་བསྡུ་ལ་རྒྱན་གཅིག་པུར།།
རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེ་ཡིས།།
རྣམ་པར་བཤད་པ་༼གཞོན་ནུའི་རྣམ་རོལ་༽གང་།།
གྲུབ་བདེའི་ཤིང་རྟས་སྔོན་མེད་གནས་འདིར་དྲངས།།
དེ་ཉིད་ཚིག་གི་འབྲུ་ཡིས་མ་བཀྲལ་བར།།
ཀུན་གཟིགས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས།།
དཀའ་བའི་གནད་ལ་དཔྱོད་པའི་རྩལ་བཏོན་ཏེ།།
སྤྱི་དོན་ཟབ་མོ་༼དབྱིག་གཉེན་བཞད་པ་༽མཛད།།
མངོན་པའི་མཛོད་གཞུང་འདྲ་བའི་བསྟན་བཅོས་མེད།།
བདག་གི་མཁན་པོ་འདྲ་བའི་འགྲེལ་མཛད་མེད།།
དེ་ཉིད་གསལ་བར་བྱེད་ལ་ང་འདྲ་མེད།།
ཀུན་གཟིགས་ཁོང་གིས་སྔོན་མེད་བསྟོད་གསུམ་བསྒྲགས།།
འདི་ཙམ་ཞིག་གིས་ད་དུང་གང་ནས་རྫོགས།།
པཎ་གྲུབ་ཆེན་པོའི་མཚན་གྱི་བསྔགས་པ་ཡི།།
རང་བྱུང་རྡོ་རྗེས་༼ཕུང་ལྔའི་དོན་གསལ་བྱེད༽།།
རྣམ་རྒྱལ་གྲགས་པས་༼མཛོད་ཀྱི་སྒོ་མོ་འབྱེད༽།།
ཀུན་མཁྱེན་ཆེན་པོ་པདྨ་དཀར་པོ་ཡིས།།
༼ཆོས་མངོན་རྣམ་འབྱེད་༽༼འགྲེལ་པ་ལུགས་༽གཉིས་མཛད།།
ཀརྨ་ངེས་དོན་ཆོས་ཀྱི་ཉི་མ་ཡིས།།
ལེགས་པར་བཤད་པ་༼དབྱིག་གཉེན་ཞལ་ལུང་༽བརྩམས།།
དུས་ཕྱིས་ཙམ་ན་མངོན་འཛོད་འགྲེལ་པ་ལ།།
བོད་ཡུལ་འདི་ན་འགྲན་པའི་ཟླ་མེད་པ།།
སི་ཏུ་པཎ་ཆེན་གཙུག་ལག་སྣང་བ་ཡིས།།
༼བརྒྱ་བྱིན་ཐོགས་པའི་ནོར་བུའི་འོད་སྣང་༽བརྩམས།།
འོན་ཀྱང་གནས་ཕྱེད་བཞི་ཡི་འགྲེལ་བ་ཡིན།།
པོད་ཆེན་གཉིས་དང་ཤོག་ངོས་སྟོང་ལ་ཉེ།།
འཕྲོས་ཀྱི་འགྲེལ་ནི་རྩོམ་འཕྲོར་བཞག་པ་ན།།
༼དབྱིག་གཉེན་ཞལ་ལུང་༽གསུང་སྒྲོས་ཁ་བསྐང་ཙམ།།
གཞུང་འགྲེལ་འདི་དག་མིག་གི་དགའ་སྟོན་དུ།།
ཟུར་མང་ལྔ་རིག་གཙུག་ལག་གཅེས་སྐྱོང་ཁང་།།
བཀའ་བརྒྱུད་གསུང་རབ་ཉམས་གསོ་ལྷན་ཚོགས་ཀྱིས།།
ཕྱོགས་གཅིག་བསྒྲིགས་ནས་པར་སྐྲུན་འགྲེམས་སྤེལ་བྱས།།
གནའ་ནས་ད་བར་གྲྭ་ས་ཆེ་ཁག་ལ།།
མཚན་ཉིད་རིག་པའི་འཆད་ཉན་རྒྱ་ཆེར་དར།།
ཁྱད་པར་མངོན་པ་མཛོད་ཀྱི་གཞུང་དོན་ནི།།
གཞུང་ལུགས་ཀུན་ལ་ལྟ་བའི་མིག་ཏུ་གྱུར།།
དེང་གི་དུས་འདིར་མཚན་ཉིད་གྲྭ་ས་རུ།།
རྣམ་བཤད་སོ་སོའོ་དགོངས་དོན་ལེན་པ་ལ།།
ངག་སྒྲོས་འཁྱར་པོའི་དཔེ་ལ་མི་བལྟ་བར།།
གཞུང་དོན་འཁྲུལ་མེད་འདི་རྣམས་གཅེས་སུ་འོས།།
བདག་ནི་བརྩོན་ཆུང་རྣམ་དཔྱོད་ཞེན་ནའང་།།
གཞུང་ལུགས་མེ་ཏོག་ཕྲེང་བའི་ཟེའུ་འབྲུ་ནས།།
ཆོས་མངོན་སྙིང་པོའི་རྩི་བཅུད་ལེན་པ་ལ།།
གཡུ་ཡི་སྦྲང་མ་བཞིན་དུ་རབ་ཏུ་དགའ།།
དེ་ལས་རང་གཞུང་པདྨའི་མཚོ་མོ་རུ།།
གསེར་བྱ་ངང་པ་བཞིན་དུ་འཇུག་པར་སྤྲོ།།
འདི་ནི་དཔལ་ལྡན་བླ་མའི་བྱིན་རླབས་སམ།།
ཚེ་རབས་སྔ་མའི་ལས་སྨོན་ཡིན་ཡང་སྲིད།།
རབ་བྱུང་བཅུ་བདུན་འཕར་བ་ལྕགས་གླང་འདིར།།
བློ་ལྡན་བཅུ་ཕྲག་ཉེ་བའི་ཚོགས་དབུས་སུ།།
མཛོད་ཀྱི་འགྲེལ་བཤད་༼གཞོན་ནུའི་རྣམ་རོལ་༽འདི།།
ཚར་གཅིག་འཆད་པའི་སྐལ་བ་མངོན་དུ་ཤར།།
དཔྱིད་ཟླ་འབྲིང་པོའི་ཡར་ཚེས་གཉིས་པ་ནས།།
ཐོག་མར་དབུ་བཟུང་དགུན་ཟླ་ར་བ་ཡི།།
གྲལ་ཚེས་བཅུ་པའི་སྔ་དྲོའི་ཆ་ཉིད་ལ།།
མཇུག་ཡོངས་གྲུབ་པའི་རྟེན་འབྲེལ་སྨོན་ལམ་བྱས།།
ཟུར་ལྟའི་ཚུལ་དུ་༼གྲུབ་བདེ་དཔྱིད་འཇོ་༽དང་།།
མཆིམས་མཛོད་༼མངོན་པའི་རྒྱན་༽ཡང་ཕལ་ཆེར་བཀླགས།།
༼འགྲེལ་བ་ལུགས་༽དང་༼སྤྱི་དོན་དབྱིག་གཉེན་བཞད༽།།
༼བརྒྱ་བྱིན་ཐོགས་པའི་ནོར་བུ་༽ཐོར་རེ་བལྟས།།
ད་དུང་དེ་ཡིས་རྫོགས་པ་མ་ཡིན་ཏེ།།
༼མངོན་མཛོད་རྩ་བ་༽ལུགས་མཐུན་ལུགས་ལྡོག་བཀླགས།།
༼སེར་ར་རྗེ་བཙུན་སྤྱི་དོན་༽རོབ་ཙམ་ཕྱེས།།
དཀའ་བའི་གནད་ལ་བསྐྱར་དུ་བལྟས་པའང་ཡོད།།
མཛོད་འགྲེལ་ཀུན་ནི་གཞུང་ཤིང་གཅིག་ན་ཡང་།།
འགྲེལ་བཤད་རེ་ལ་ཁྱད་ཆོས་འབུར་ཐོན་རེ།།
ཚིག་འགྲེལ་དོན་འགྲེལ་སྤྱི་དོན་མཐའ་དཔྱོད་སོགས།།
ཀུན་ལས་ཁྱད་འཕགས་གྲུབ་བདེའི་དཔྱིད་འཇོ་ཙམ།།
དེ་བས་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས།།
མངོན་པ་སྡེ་བདུན་བྱེ་བྲག་བཤད་མཛོད་ཀྱི།།
ཆོས་མངོན་རྒྱ་མཚོའི་གཏིང་མཐའ་དཔོག་འདོད་ན།།
གྲུབ་བདེའི་དཔྱིད་འཇོ་འཆད་ཉན་ཡང་ཡང་གྱིས།།
མངོན་མཛོད་འདི་ཉིད་ཚར་གཅིག་མ་བལྟས་པར།།
རང་ལུགས་ཡིག་ཆར་སྦྱངས་བ་བྱས་སོ་ལོ།།
དེ་འདྲའི་བླུན་བཤད་གནམ་ལ་མི་ཤོང་བ།།
བདག་གི་རྣ་བས་ཐོས་པར་མ་གྱུར་ཅིག།
དམན་བུ་བདག་ནི་ཁ་ལྕེ་མི་རྣོ་ཞིང་།།
སྐྱེས་ཐོབ་སྦྱངས་སྟོབས་ཤེས་རབ་ན་ཕྲ་བས།།
མ་ནོར་ཇི་བཞིན་འཆད་པའི་རྩལ་མེད་ཀྱང་།།
རང་གིས་གང་ཤེས་གཞན་ལ་བཤད་ཁུལ་བྱས།།
གཞན་ལ་སྐུལ་མ་ཙམ་དུ་དམིགས་ནས་ནི།།
ཉིན་རེ་བཞིན་དུ་ཆགས་མེད་འབད་ཐབས་བགྱིས།།
ཀུན་ལ་ཕན་པའི་བློ་བསྐྱེད་མེད་ཀྱང་སྲིད།།
རང་ལ་ཐོབ་པའི་ཡོན་ཏན་བག་ཙམ་མཆིས།།
བསྟན་པ་རིན་ཆེན་མར་ངོའི་ཟླ་བཞིན་འགྲིབ།།
བསྟན་འཛིན་སྐྱེས་བུ་ཉིན་མོའི་སྐར་བཞིན་དཀོན།།
བསྟན་ལ་དད་པའི་གྲྭ་རྐྱང་འཁྱམ་པོ་ངས།།
བསྟན་ལ་ཕན་པའི་དོན་ཆེན་འགྲུབ་པར་ཤོག།
བསམ་པ་བཟང་པོས་ཀུན་ནས་བསླངས་བྱས་ཏེ།།
ཆོས་མངོན་རྒྱ་མཚོའི་ཚར་གཅིག་འཆད་པ་འདིའི།།
ནོར་བའི་ཆ་ནི་དཀོན་མཆོག་མདུན་ནས་བཤགས།།
མ་ནོར་དགེ་རྣམས་འགྲོ་བ་ཀུན་ལ་བསྔོ།།
མངོན་པ་མཛོད་ཀྱི་གཞུང་དོན་འཆད་པ་ལ།།
ང་ཆེ་ང་ཡིན་སྙམ་པ་མང་མོད་ཀྱང་།།
མཇུག་ཏུ་སྙན་ངག་རིང་མོས་མཐའ་རྒྱན་མཁན།།
དེ་སྔ་ང་མིན་གཞན་ཞིག་ཡོད་སྲིད་དམ།།
འདི་ནི་བདག་གོ་ངོམ་སོ་བྱས་པ་མིན།།
གཞུང་བཤད་གྲུབ་པའི་དགའ་སྟོན་རྟེན་འབྲེལ་དང་།།
སེམས་ཀྱི་སྤྲོ་བ་ཁོངས་ནས་མི་ནོན་པས།།
ཚིགས་སུ་བཅད་པའི་ཕྲེང་བ་འདི་ཙམ་སྤེལ།།
ཞེས་སྤྱི་ལོ་2021ཟླ་12ཚེས་15ཉིན་བྲིས།
①འདི་ནི་གྲྭ་ས་ཁག་ཏུ་དར་ཁྱབ་ཆེ་བའི་གཏམ་དཔེ་ཞིག་རེད།ངས་ད་ཐེངས་རྩོམ་འདིའི་ཁ་བྱང་དུ་བཞག་པ་ཡིན།
རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青
Send to Author