རྗེ་མར་མི་ཡབ་སྲས་ཞལ་གྱེས་སའི་ཆོས་ལ་སྒང་། | འཕགས་ཆེན།
རྗེ་མར་མི་ཡབ་སྲས་ཞལ་གྱེས་སའི་ཆོས་ལ་སྒང་།
འཕགས་ཆེན། (ཡུལ་ཤུལ)
བརྙན། ཆོས་ལ་སྒང་།
ཆོས་ལ་སྒང་ནི་མར་སྟོན་རྡོ་རྗེ་འཆང་འཁོར་བཅས་དང་རྗེ་བཙུན་མི་ལ་རས་པ་མཇུག་མཐར་ཞལ་གྱེས་སའི་ལ་ཁ་ཞིག་རེད། ལྷོ་གྲོ་བོ་ལུང་དགོན་པ་ནས་འདིའི་བར་ཚ་ལམ་གཅིག་གི་ལམ་ཡིན་པར་བཤད། ཚ་ལམ་གཅིག་ནི་གནའ་སྔ་མོར་འགྲུལ་པས་ཚ་ཕོག་རྒྱག་ས་སྟེ་ངལ་གསོའི་ཆེད་བཟའ་བཏུང་རོལ་སའི་ལམ་ཚད་ལ་གོ། ཡང་ན་ཉིན་ཕྱེད་གྱི་ལམ་ཚུགས་ཤིག་རེད། ད་ལྟ་རླངས་འཁོར་གྱི་འགྲོ་ལམ་ཡོད་སྟབས་ང་ཚོ་གྲོ་བོ་ལུང་དགོན་པ་ནས་སྲས་མཁར་དགུ་ཐོག་བརྒྱུད་དེ་ཤར་སེ་ཆོས་ལ་སྒང་འདིར་ཆས་པས་དུས་ཚོད་ཕྱེད་ལྷག་རྗེས་ནས་བསླེབས་སོང་། རི་སྒང་འདི་རུ་རྡོ་ཡི་ཚོགས་གཞོང་དང་། རྡོ་རྩེག་མཆོད་རྟེན། དར་ལྕོག་གི་ཕུང་པོ་མཆིས། འདི་ནས་ཕྱོགས་ཀུན་གསལ་ཐིང་ཐིང་རེད། ཡར་བལྟས་ན་ལྷོ་གྲོ་བོ་ལུང་དགོན་པ་མཐོང་།
དེ་ལ་དུས་རབས་བཅུ་པའི་སྐབས་གངས་ཅན་གྲུབ་པའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པས་རྩ་བའི་བླ་མ་མར་པ་ལོ་ཙཱའི་སྐུ་མདུན་ནས་མི་ལོ་མང་པོའི་རིང་ལ་ཆོས་ཕྱིར་དཀའ་བ་སྤྱད། ཐོས་བསམ་སྒོམ་སྒྲུབ་རྣམ་དག་མཛད་རྗེས་ཕ་ཡུལ་ལ་ཕེབས་འདོད་བྱུང་། དྲན་ནས་བཟོད་གླགས་མེད་པའི་ཨ་མ་དང་འཕྲད་ན་སྙམ། སྙིང་ནས་བརྩེ་བའི་སྲིང་མོའི་སྐྱིད་སྡུག་གཟིགས་འདོད་སྐྱེས། ཡིད་ལ་ཡང་ཡང་འཁོར་བའི་ཁང་པ་ཀ་བཞི་གདུང་བརྒྱད་འགྱེལ་མིན་མཐོང་འདོད་ལངས། ལས་ཀྱིས་བསྐོས་པའི་ཆུང་གྲོགས་མཛེས་སེ་མཇལ་སྙིང་བྲོ། ལྟོ་གོས་གཏམ་གསུམ་དང་ལུས་ངག་ཡིད་གསུམ་འབུལ་སའི་བླ་མ་མར་པ་ལོ་ཙཱ་ལ་ལན་ཞིག་ཡུལ་དུ་གཏོང་བའི་སྙན་ཞུ་མཁར་ལ་ཉི་མ་ཤར་དུས་ཕུལ་བས་བླ་མས་ཕ་ཡུལ་ཞེན་པའི་མཁར་ཞིང་ལ་མི་རྟག་སྒྱུ་མའི་སློབ་དཔོན་ཡོད་པ་དགོངས་ཏེ་ཕ་ཡུལ་དུ་ཕེབས་ཆོག་པའི་བཀའ་ཁྲོལ་གནང་། དེ་ནས་ཉིན་འགའ་ལ་སྨིན་ལམ་བརྡའི་དབང་དང་། གྲོལ་ལམ་ཆིག་བརྒྱུད་ཀྱི་གདམས་ངག་ལྷག་མ་རྣམས་གནང་ཞིང་། བསྟན་པ་འཛིན་པའི་མངའ་གསོལ་དང་སྒྲུབ་པའི་གནས་མཆོག་རྣམས་ལུང་བསྟན། དེ་ལྟར་སེམས་ཀྱི་ཕུ་ཐག་བཅད། ཡིད་ཀྱི་སྒྲོ་འདོགས་བསལ། ཡུལ་ལ་ལོག་པའི་གྲ་སྒྲིག་ཨང་གསར་མཛད།
ཁོང་ཕ་ཡུལ་ལ་ཕེབས་པའི་ཉིན་དེའི་ཞོགས་པར་བླ་མ་མར་པ་ཡབ་ཡུམ་འཁོར་བཅུ་གསུམ་ཙམ་གྱིས་ཆོས་ལ་སྒང་བར་སྐྱེལ་མ་གནང་། ལམ་བར་ནས་ཐུགས་འཕྲེང་བའི་སྐྱོ་ཤས་དང་། གསུང་འཕྲེང་བའི་སྙིང་གཏམ། སྐུ་འཕྲེང་བའི་རྣམ་འགྱུར་མང་པོ་མཛད།
ཆོས་ལ་སྒང་ན་འབྱོར་དུས་ཚོགས་འཁོར་བཟང་པོ་མཛད། ཚོགས་གྲལ་ནས་བླ་མ་ཡབ་ཡུམ་གྱིས་ཞལ་གདམས་དང་ལམ་སྟོན། ལམ་ཆས་དང་གོས་ལྷམ་གནང་། ཕྱག་དབུ་ཐོག་ལ་བཞག་ནས་སྙིང་གཏམ་གྱི་ཐ་མ་གསུངས། རྗེ་བཙུན་གྱིས་གཙང་ལ་ཡར་འགྲོའི་མགུར་ཕུལ། ཕན་ཚུན་བཀྲ་ཤིས་སྨོན་ལམ་མཛད་དེ་འབྲལ་མི་ཕོད་པར་གྱུར།
དེ་ནས་བླ་མ་འཁོར་བཅས་ཀྱིས་སྤྱན་ཆབ་ཉི་ལེར་རྗེ་བཙུན་མི་ལ་རས་པར་གཟིགས། རྗེ་བཙུན་གྱིས་ཡིད་དད་པ་ལྷམ་མེར། མིག་མཆི་མ་ཐར་རེར། ཐུགས་ཡེ་ཤེས་ལམ་མེར། སེམས་སྐྱོ་བ་ལྷང་ངེའི་ངང་ནས་བླ་མར་ཕྱི་ཕྱག་ཕུལ། ཞབས་སྤྱི་བོར་བླངས། བླ་མ་འཁོར་བཅས་ཀྱི་ཞལ་རས་མཐོང་ལམ་ནས་མ་ཡལ་བར་དུ་ཕྱི་འགྲོས་ཀྱིས་ཕེབས། བླ་མ་འཁོར་བཅས་ཀྱིས་ཀྱང་ཙོག་པུར་བཞུགས་ཏེ་རྗེ་བཙུན་ལ་ཕེབས་སྐྱེལ་ཞེ་སྐྱོ་བ་ཞིག་མཛད། རྒྱང་རིང་གི་ལུང་པ་ཞིག་བརྒལ་ཏེ་ཕྱི་མིག་བལྟས་པས་ད་དུང་བླ་མ་འཁོར་བཅས་ཀྱིས་རང་ལ་སྨུག་ཕུང་ངེར་གཟིགས་པ་མཐོང་བས་སེམས་འཕྲེང་དྲགས་ཏེ་སྐུ་མདུན་དུ་ཕར་མྱུར་དུ་ལོག་འདོད་བྱུང་། འོན་ཀྱང་དལ་གཅིག་ལ་བཞེངས་སྟེ་བཟོད་སྲན་དང་ཐུགས་བསམ་ནན་ཏུར་གྱིས་མཛད། ཐུགས་ཀྱི་མེ་ལོང་དུ་འཆར་བ་ནི། གདམས་ངག་རྣམས་རྫོགས་པར་ཐོབ། བླ་མ་སྤྱི་གཙུག་ཏུ་འབྲལ་མེད་སྒོམ་ཆོག་པས་དྲིན་ཆེན་མ་དང་འཕྲད་པར་བྱས་རྗེས་ཡང་དུ་མཇལ་ཆོག་སྙམ། མུ་མཐུད་ནས་ལམ་དུ་ཕེབས་པས་ལྷོ་གྲོ་བོ་ལུང་དང་ཡང་གྱེས།
རྗེ་བཙུན་མི་ལ་རས་པ་ནི་འཇིག་རྟེན་འདིར་ཆེས་གྱེས་པ་མང་བའི་རྣལ་འབྱོར་པ་ཁེར་བུ་ཞིག་སྟེ། ཐོག་མར་ཡབ་དང་གྱེས་པས་ནས་བར་དུ་ཡུམ་དང་གྱེས་ཤིང་ཐ་མ་འཁོར་བ་ལའང་གྱེས། དེ་ལྟར་དམ་ཚིག་གི་གཡའ་ཡིས་མ་གོས་ཤིང་། ཐུགས་ཡིད་གཅིག་ཏུ་འདྲེས་པའི་བླ་སློབ་གཉིས་ཞལ་གྱེས། ཞལ་གྱེས་ནའང་ཕན་ཚུན་གཏན་ནས་ཐུགས་ལས་བོར་མ་མྱོང་། ཉིན་མཚན་ཀུན་ཏུ་བླ་མ་མཆོད་ཅིང་བཀུར། བདེ་སྡུག་ཅི་བྱུང་ཡང་རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་ཞེས་གསོལ་འདེབས་དང་གདུང་འབོད་ནར་མར་མཛད། བླ་མ་ཡང་དག་དང་སློབ་མ་བཟང་པོ་ནི་འདི་འདྲ་རང་ཡིན་ཨང་།
ད་ཐེངས་ང་ཚོ་ཉི་མ་ཕྱི་དྲོ་ཞིག་ལ་འདིར་ཐོན་དུས་རླུང་དམར་འུར་འུར་དུ་ལྡང་ཞིང་། དར་ལྕོག་རླུང་གིས་ལྷབ་ལྷུབ་ཏུ་བསྐྱོད། ཁ་བ་མཐུག་པོས་རི་སྒང་འདི་ཡོངས་སུ་མནན་འདུག ད་ལྟ་ད་དུང་གནས་འདིའི་རི་དང་ལུང་པ། ས་དང་རྡོ་བ། རྩྭ་དང་རྩི་ཤིང་སྐྱོ་གདུང་གིས་མནར་བ་ལྟ་བུ་མཐོང་། བདག་གིས་མར་མི་ཡབ་སྲས་ཞལ་གྱེས་ཚུལ་ལ་དྲན་རྟོག་བྱས། ད་ལྟ་རང་དངོས་སུ་ཞལ་གྱེས་པ་ལྟ་བུའི་སྣང་བ་འགོག་མེད་དུ་སྐྱེས་པས་སེམས་སྐྱོ་ལྷང་ལྷང་དང་ལུས་གྲང་ཤུར་ཤུར་གྱུར། དེ་ནས་ང་ཚོས་ལ་ཁ་འདི་ནས་མར་མི་ཡབ་སྲས་ཀྱི་མཛད་པ་རྣམ་ཐར་ལ་ཕྱི་དྲན་བྱེད་ཞོར་ལྷོ་གྲོ་བོ་ལུང་དགོན་པ་ལ་རྒྱང་ལྟ་བྱས། རྒྱང་ལྟའི་རྗེས་སུ་ཕྱི་དྲན་དང་འཕྲེང་སེམས་ཀློང་ནས་གྲོ་བོ་ལུང་དང་རེ་ཞིག་གྱེས། འདི་ནི་ང་རང་ལྷོ་གྲོ་བོ་ལུང་ལ་འགྲོ་ཐེངས་གཉིས་པ་དང་གྱེས་ཐེངས་ཀྱང་གཉིས་པ་ཡིན། ད་དུང་ཡང་ཡང་འགྲོ་སྙིང་བྱུང་། མར་སྟོན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青