རྩྭ་ཐང་དྲན་དུས་ཅི་བྱ།
མི་རྣམས་ཀྱིས་དོང་ནང་དུ
ཁང་བ་བླུགས
རླངས་འཁོར་བླུགས
ཟས་ཆུ་བླུགས
གྱོན་གོས་བླུགས
སྙན་གྲགས་བླུགས
བླུགས་བླུགས་མཐར
ཤུགས་རིང་ནར་ནར་བཏོན
རྔུལ་ཆུ་ཤུམ་ཤུམ་འཐེན
2019.03.01
ཁྱོད་ཀྱི་གྲིབ་མ་དེས
ང་ལ་གཡབ་མོ་བྱས
ང་ལ་འཛུམ་བག་བསྟན
ལོ་ཟླ་ག་ཚོད་འགོར་བའི་རྗེས་སུ
ཁྱོད་དང་གྲིབ་མ་གཉིས་དབྱེར་མེད་དུ་གྱུར
2019.03.05
རྨི་ལམ་དུ
དབུས་འགྲོ་ཡུགས་ས་མ་ཞིག་རྨིས
དབེན་པའི་ནགས་ཁྲོད་དུ
ངེད་གཉིས་ལ་རྔུལ་ནག་ཀྲིག་ཀྲིག་བཞུར
2019.03.06
སྐྱེ་བ་རྗེས་མར
ངས་སྲོག་ཆགས་ཀྱི་སྐྱེ་བ་བླངས
སྲོག་ཆགས་རྣམས་ཕྱོགས་གཅིག་ཏུ་བསྡུས
མིའི་རིགས་ལ་གཡུལ་བཤམས
ཁྲག་གི་འཁོར་ལོ་བསྐོར
འཇིག་རྟེན་དབང་དུ་བསྒྱུར
མི་ཤ་ཟས
མི་ཁྲག་འཐུང
མི་པགས་གྱོན
མི་ཚོང་བརྒྱབ
མིའི་བཤའ་ར་བཙུགས
མི་ཤའི་ཚོང་ཁང་ཕྱེས
ཀྱི་ཧུད
ད་ནི་དགྲ་ཤ་ཚ་ཐིང་ཐིང་གིས་བླངས་ཆོག་ཨང་།
2019.03.07
ང་ལ་ཅི་ཡང་མི་མཁོ་ཡང
ང་ལ་མཁོ་བའི་དངོས་པོ་ཞིག་ཡོད་ཚེ
དེ་ནི་གློ་གྲི་ཞིག་ཡིན་སྲིད
སྐྱིད་དུས་གློ་གྲི་སྤྱད་ནས་གཡག་ཤ་ཟས་ཆོག
སྡུག་དུས་གློ་གྲི་སྤྱད་ནས་སྙིང་ཁྲག་བཏོན་ཆོག
2019.03.11
རླུང་བུ་གཡུགས་ནས
མགོ་སྦྲ་ཁུར
སྒོ་ཟོག་ཁུར
ཐབ་ཀ་ཁུར
སྒོ་ཁྱི་ཁུར
ཡིན་ཡང
ཨ་ཕའི་ཁ་ཏོན་དཔེ་ཆ
མཚེར་ཤུལ་དུ་ལུས
2019.03.20
ཉི་མ་ནི་དུས་གཏན་དུ་ནུབ་མི་སྲིད་དེ
ཟླ་བའང་དུས་གཏན་དུ་ནུབ་ག་ལ་སྲིད
ངས་རང་ཉིད་ལ་དེ་ལྟར་སེམས་གསོ་བྱས་པ་ཡིན
2019.01.09
ངས་རང་གི་ལྟོ་བ་འགྲང་རྗེས
མྱ་ངམ་ཐང་གི་ལྟོ་བ་ནག་པོ་སྟོང་བ་དེ་དག་དྲན་འོང
ཁོ་ཚོའི་ལྟོ་བའི་ནང་དུ་ཆུ་ཁེམ་གང་དང
སའི་གོ་རེ་ལེབ་མོ་གཅིག་མ་གཏོགས་མེད་པ་དྲན་འོང
2019.10.26
འབྲོག་མོ་སྣུམ་ལོག་མ་ཞིག
བལྟས་བལྟས་ལ་མཁའ་འགྲོ་མར་གྱུར
བལྟས་བལྟས་ལ་གདོང་དཀར་པོར་གྱུར
འཁོར་ཚོགས་དག་གིས
གསེར་གྱི་ཁྲི་བརྒྱབ
དངུལ་གྱི་མཆོད་པ་ཕུལ
ཨོ་ཧོ་་་་་འཇིག་རྟེན
2019.03.04
མོས་ང་ལ
སེམས་བྱིན
སྐྲ་བྱིན
ཡིན་ཡང
ངས་མོར་རུས་ཐལ་སྤར་མོ་གང་སྟེར་ངེས
2019.03.02
ངའི་རང་གི་ཁྱོར་བའི་ནང
མིག་ཆུ་རྡོག་པོ་གཅིག་བླུགས་རྗེས
དེའི་ནང་ཁྱེད་རང་འཆར་བར་རེ་སྒུག་བྱས
2018.08.07
短诗:Rabden
图片:Rabden
编辑:Rabden
(Rabden笔记)
往期笔记