查看原文
其他

【扶贫济困·善愿同行】直贡穷仓活佛如是说


འབྲི་གུང་ཆུང་ཚང་བློ་བཟང་བྱམས་པ།——

༄༅། །ནང་བསྟན་འདི་ཡུན་རིང་དུ་གནས་པ་ལ་ཐབས་ལམ་གང་ཞིག་དགོས་མིན། 



↑↑↑

  直贡穷仓活佛发言精彩回顾

  • གཅིག   ལོ་རྒྱུས་ལ་ཕྱོགས་བསྡོམས།

    འདི་ནས་ཡར་རྩིས་པའི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་སྔོན་དུ་སྟོན་པ་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཐར་ལམ་དུ་དཀྲི་ཕྱིར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སྐོར་བ་རྣམས་རྗེས་འཇུག་རྣམ་པས་ཕྱིས་སུ་ཡི་གེར་ཕབ་ཡོད་པ་ལ།  དེང་སང་ཡོངས་གྲགས་ཀྱི་བཀའ་འགྱུར་ཞེས་འབོད་པ་འདི་དག་རེད། བོད་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་འདི་དར་རྒྱས་བྱུང་བ་ནས་བཟུང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཁག་གི་གཞུང་ལུགས་རྣམས་སྔར་ལས་ཕུན་སུམ་ཚོགས་སུ་སོང་བ་དང་དར་རྒྱས་ཆེར་རུ་སོང་ཡོད། དེ་བཞིན་ས་དགེ་བཀའ་རྙིང་དང་ཇོ་ནང་བོན་པོ་སོགས་གྲུབ་མཐའ་སོ་སོའི་མདོ་སྔགས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་དར་རྒྱས་བྱུང་ནས་བོད་བརྒྱུད་ནང་བསྟན་ཞེས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་ནང་གི་རིན་ཐང་ཅན་གྱི་ནོར་བུ་ཞིག་ཏུ་གྱུར་ཡོད་ལ། འཛམ་གླིང་ཁྱོན་ཡོངས་ཀྱི་མི་རྣམས་ཀྱིས་དོ་སྣང་བྱེད་པའི་ངོ་མཚར་གྱི་རིག་གཞུང་ཞིག་ཏུ་གྱུར་ཡོད།   ཕྱི་དངོས་པོའི་དཔལ་ཡོན་དར་རྒྱས་ཇི་ཙམ་སོང་བ་དང་སྤྱི་ཚོགས་ཀྱི་གནས་བབས་ལ་འཕོ་འགྱུར་ག་ཚོད་བྱུང་རུང་།  སངས་རྒྱས་ཀྱི་བཀའ་སློབ་ཀྱི་རིན་ཐང་ནི་དེ་བས་ཇེ་ཆེར་འགྲོ་བཞིན་ཡོད།  རང་རྒྱལ་གྱི་ལོ་རྒྱུས་ནང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཕན་ནུས་ཇི་སྙེད་ཅིག་བསྐྲུན་ཡོད་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་ལ། མ་འོངས་པར་ཡང་རང་རེ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚོས་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གང་མང་འབུལ་དགོས་པ་ནི་སྨོས་མི་དགོས་པ་རེད།

  • གཉིས་པ།  ད་ལྟའི་སྤྱི་ཚོགས་ལ་ཞིབ་འཇུག

    དུས་རབས་ཉེར་གཅིག་པའི་དུས་མཚམས་འདིར་ཚན་རིག་དང་དཔལ་འབྱོར་སོགས་སྒོ་གང་ཅིའི་ཐད་ནས་འཕེལ་རྒྱས་བསམ་ཡུལ་ལས་འདས་པ་ཞིག་འགྲོ་བཞིན་ཡོད་པ་དང་དེར་བརྟེན་རིག་གནས་སྣ་ཚོགས་དང་འདུ་ཤེས་སྣ་ཚོགས་དབྱར་གྱི་རྩི་ཐོག་ལྟར་དར་བཞིན་པ་དང་། མི་རྣམས་ཀྱི་བསམ་བློ་དང་སྤྱོད་ལམ་ལ་འགྱུར་བ་ཆེན་པོ་བྱུང་ནས་སྔར་གྱི་ཡུལ་སྲོལ་གོམས་གཤིས་དང་། སྲོལ་རྒྱུན་གྱི་རིན་ཐང་ལྟ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པ་མ་ཟད་ནང་པ་སངས་རྒྱས་ཀྱི་བསྟན་པ་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད།  དེར་བརྟེན་ནང་པ་སངས་རྒྱས་ཀྱི་བསྟན་པ་འདི་མུ་མཐུད་ནས་དར་རྒྱས་གོང་འཕེལ་གཏོང་བསམ་པ་དང་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ནུས་པ་འདོན་དགོས་བསམ་ན། ཐོག་མར་ང་ཚོ་ནང་པའི་རྗེས་འཇུག་པ་ཚོས་དེང་རབས་སྤྱི་ཚོགས་ཀྱི་ཤེས་བྱ་དང་མི་ཡི་འདུ་ཤེས་ཁག་བཅས་ལ་རྒྱུས་ལོན་དང་ཤེས་པར་བྱེད་རྒྱུ་དང་།  དེང་རབས་ཀྱི་སྤྱི་ཚོགས་ལ་སྒོ་ཀུན་ནས་ཤེས་རྟོགས་གཏིང་ཟབ་མོ་ཡོད་དགོས།

  • གསུམ་པ། མ་འོངས་པའི་དུས་སུ་ནང་བསྟན་དགོངས་འགྲེལ་གྱི་ནུས་པ་ཅི་འདྲ་འདོན་ཚུལ་སྐོར་གླེང་བ།

    མ་འོངས་པ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་ཟེར་ཞིང་དེ་ནི་རེ་བ་དང་སྤྲོ་སྣང་གིས་ཁེངས་ཡོད། རང་རྒྱལ་གྱི་དེང་རབས་ཅན་གྱི་སྤྱི་ཚོགས་གསར་པའི་འཕོ་འགྱུར་འོག་རྒྱ་ཆེའི་སྤུན་ཟླ་མི་རིགས་ཀྱི་མི་དམངས་རྣམས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དགའ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པ་དང་། འཛམ་གླིང་སྔོན་ཐོན་གྱི་འཕེལ་ཕྱོགས་སུ་མཐུན་སྒྲིལ་དང་རྒྱལ་ཁའི་གོམས་སྟབས་སྤོ་བཞིན་ཡོད། ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ལ་ཁ་ཕྱོགས་དགོས་པ་དང་ཞི་བདེ་དང་མཐུན་སྒྲིལ་ཐོག་སངས་རྒྱས་ཀྱི་གསུངས་པའི། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་པའི་བཀའ་སློབ་རིན་ཐང་ཅན་དེ་ཚོ་དོན་དངོས་འཚོ་བའི་ནང་ལག་ལེན་བྱེད་དགོས་པ་རེད།    དེའི་ཐོག་ད་དུང་དེང་རབས་གྱི་སྤྱི་ཚོགས་ཀུན་ཏུ་དར་རྒྱས་འགྲོ་བཞིན་པའི་དངོས་ཁམས་རིག་པ། རྫས་འགྱུར་རིག་པ། རྩིས་རིག གཞན་ཡང་རང་རྒྱལ་གྱི་ལོ་རྒྱུས་དང་བཅས་ལ་སྦྱངས་པ་བྱེད་དགོས་ལ། ཁྲིམས་ལུགས་ཀྱི་ཤེས་བྱ་དང་། ཆབ་སྲིད་ཀྱི་གོ་རྟོགས་གོང་མཐོར་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་མདུན་དུ་བསྐྱོད་དགོས་པ་དང་། རང་རྒྱལ་གྱི་སྤུན་ཟླའི་མི་རིགས་ཁག་གི་མི་དམངས་དང་དཔུང་པ་མཉམ་གཤིབས་ཀྱིས་མཐུན་སྒྲིལ་དང་། འཆམ་མཐུན་གྱི་བདེ་སྐྱིད་དང་སྤྲོ་སྣང་ཐོག་ནས། ཀྲུང་གོའི་ཕུགས་བསམ་མངོན་འགྱུར་ཡོངས་བས་རླབས་ཆེན་གྱི་བྱ་བཞག་ལ་ལེགས་སྐྱེས་གང་མང་མང་འབུལ་དགོས།

您可能也对以下帖子感兴趣

文章有问题?点此查看未经处理的缓存