ཆུ་ཚགས་ཀྱིས་ནང་ཆོས་ཀྱི་དམིགས་འདུན་མཚོན་ཚུལ་ལ་དཔྱད་པ།
༄༅།། ༡༽ ཁ་བྱང་། ཆུ་ཚགས་ཀྱིས་ནང་ཆོས་ཀྱི་དམིགས་འདུན་མཚོན་ཚུལ་ལ་དཔྱད་པ།
༢༽ ནང་དོན་གནད་བསྡུས། སྟོན་པས་བསྟན་པའི་དོན་ཉམས་སུ་མ་བླང་ན། སྟོན་པ་དངོས་མཇལ་ཡང་ཕན་པ་མེད་པ་དང་། དོན་ཉམས་སུ་བླངས་ན་དངོས་ཞལ་མཇལ་བ་ལས་ལྷག་པ། ཆུ་ཚགས་ཀྱིས་ནང་བསྟན་གྱི་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བའི་ལྟ་སྤྱོད་སོགས་བསམ་བློ་དང་དམིགས་འདུན་དག་མཚོན་ཚུལ་སོགས་བསྟན་ཡོད།
༣༽ བརྡ་ཆད་གཙོ་བོ། ཆུ་ཚགས། སྲོག་ཆགས། སྙིང་རྗེ།
༤༽ ནང་དོན། རབ་བྱུང་གཞི་ཆོག་རིན་ཆེན་ཐེམ་སྐས་ལས། ༡༽ འདི་ཆུ་ཚགས་ཞེས་བྱ་བ་ཡིན་ཏེ། རབ་ཏུ་བྱུང་བ་རྣམས་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་དགོས་པས། སྤྱིར་སེམས་ཅན་ཐམས་ཅད་ལ་གནོད་པ་སྤང་དགོས་ཤིང་། ཁྱད་པར་ཆུ་ལ་ལོངས་སྤྱོད་པའི་ཚེ་འདིས་སྲོག་ཆགས་རྣམས་རང་གནས་དུ་དོར་ནས་ཆུ་གཙང་མ་ལོངས་སྤྱོད་པའི་ཆེད་དུ་གནང་བ་ཡིན་པས་འཆང་བར་གྱིས་ཤིག །ཅེས་དང་།
འདུལ་ཕྲན་ཚེགས་ལས། ༢༽ སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ལྷོ་ལམ་ནས་དགེ་སློང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་གཉིས་ཤིག་མཉན་ཡོད་ན་དོང་ངོ་། དེ་གཉིས་ལམ་དུ་ཆུ་ཟད་ནས་སྐོམ་པའི་སྡུག་བསྔལ་གྱིས་གདུང་བ་ན་རྫིང་བུ་ཞིག་གི་དྲུང་དུ་ཕྱིན་ནས་དེ་གཉིས་ལསགཅིག་གིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་མྱུར་དུ་རྟོགས་ཤིག་དང་བཏུང་ངོ་། དེས་བརྟགས་པར་བརྩམས་པ་དང་། ཇི་ཙམ་ན་ཆུ་མ་དག་པར་གྱུར་ནས་དེས་ཚིགས་སུ་བཅད་པ་སྨྲས་པ། བསྐལ་འབུམ་ཕྲག་སྟོང་དག་ཏུ། ། གང་ཞིག་མཐོང་བར་རབ་དཀའ་བས། །བདག་གིས་ཆུ་དག་འཐུང་ནས་ནི། །དེ་ནས་འདྲེན་པ་བལྟ་བར་བྱ། །གཅིག་ཤོས་ཀྱི་ཚིགས་སུ་བཅད་པ་སྨྲས་པ། གང་ཞིག་སེམས་ཅན་རྣམས་ལ་ཐུགས་ནས་ཐུགས་རྗེ་ཞིང་། །སྲིད་པ་ཀུན་ལ་ཆགས་པ་གཏན་ནས་སྤང་གྱུར་པ། །དེ་ཡི་བསྟན་མཆོག་འདི་ལ་བསླབ་པ་བླང་བ་ཡིས། །སྲོག་ཉིད་སྤང་གི་སྲོག་ཆགས་གསད་པར་བྱ་བ་མིན། །དེ་ནས་གང་གིས་ཆུ་འཐུངས་པ་དེ་ནི་སོང་། གང་གིས་མ་འཐུངས་པ་དེ་ནི་བརྩོན་འགྲུས་བརྩམས་ཏེ། ཤིང་ལྗོན་པ་ཞིག་གི་དྲུང་དུ་འདུག་ནས། དེ་ཇི་སྲིད་དུ་ལུས་ཀྱི་མཐུ་ཡོད་པ་དེ་སྲིད་དུ་དགེ་བའི་ཕྱོགས་དག་བྱས་ཤིང་གང་གི་ཚེ་ལུས་ཀྱི་མཐུ་དང་བྲལ་བ་དེའི་ཚེ་འཆི་བའི་དུས་ལ་བབས་ནས་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། ལྷའི་བུའམ། ལྷའི་བུ་མོའི་ཆོས་ཉིད་ནི་སྐྱེས་ནས་རིང་པོར་མ་ལོན་པ་ལ་སེམས་གསུམ་སྐྱེ་སྟེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་སྐྱེས་པའོ། དེས་མི་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་པས་སྐྱེས་པར་མཐོང་ངོ་། དེ་ནས་དགེ་སློང་ལྷའི་བུ་དེས་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་བདག་ཡོངས་སུ་གནས་པ་བསྟེན་ཏེ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས་བདག་ཡོངས་སུ་གནས་པ་མ་བསྟེན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་མོ། ད་ནས་སྔོན་དགེ་སློང་ལྷའི་བུ་རྣ་ཆ་གདུབ་ཀོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ། དོ་ཤལ་དང་སེ་མོ་དོས་བརྒྱན་པའི་ལུས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དག་གིས་ཐུ་བ་བཀང་སྟེ་ཁ་དོག་ཤིན་ཏུ་འདས་པས་མཚན་མོ་ལ་བབས་པ་དང་། བཅོམ་ལྡན་འདས་ག་ལ་བ་དེེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་མེ་ཏོག་དག་གིས་མངོན་པར་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་སྔོན་ལྷའི་བུའི་ཁ་དོག་གི་མཐུས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྷའི་བུའིབསམ་པ་དད་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། གང་ཐོས་ནས་སྔོན་དགེ་སློང་ལྷའི་བུས་སྟན་དེ་ཉིད་འདུག་བཞིན་དུ་འཇིགས་ཚོགས་ལ་ལྟ་བའི་རི་ཡི་རྩེ་མོ་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའིཆོས་བསྟན་པ་མཛད་དོ། དེས་བདེན་པ་མཐོང་ནས་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་མ་བགྱིས་སྔོན་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་སྐམ། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་བརྗོད་དོ། ཡང་སྨྲས་པ། ཁྱོད་མཐུས་རབ་དྲེག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ལམ་ཐོབ་པར་གྱུར་། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་བར་གྱུར། །འགྲོ་བར་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བ་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །དེ་ནས་གདུད་བྱས་དོ་ཤལ་རབ་འཕྱང་བས།
ཞབས་ལ་ཕྱག་འཚལ་རང་པ་སྐྱེས་གྱུར་ནས། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང་། །དེ་ནས་སྔོན་དགེ་སློང་ལྷ་ཡི་བུ་ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཏོག་འབྱོར་པ་ལྟ་བུ་དང་། དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་ལྟ་བུར་གྱུར་ཏེ། ཆ་ལུགས་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། དགེ་སློང་ཅིག་ཤོས་དེ་ཡང་ཁད་ཀྱིས་མཉན་ཡོད་དུ་ཕྱིན་ཏོ། དེ་ནས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་དག་བཀྲུས་ནས་བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་དགེ་སློང་གློ་བུར་དུ་འོངས་པ་ལ་དགེ་སློང་ཁྱོད་ད་གཟོད་གང་ནས་འདིར་འོངས། དབྱར་གང་དུ་གནས་ཤེས་ཡང་དག་པར་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་བདག་ལྷོ་ཕྱོགས་སུ་དབྱར་གནས་ལེགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ལ་གྲོགས་དགེ་སློང་ལྟ་ཡོད་དམ། བཅོམ་ལྡན་འདས་མཆིས་སོ། དེ་གར་སོང་། དེས་ཇི་ལྟར་གྱུར་པ་གསོལ་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་དེ་བཀའ་སྩལ་པ། ང་ཡི་བསྟན་ལ་མ་གུས་གང་། །དེ་ཡིས་ང་མཐོང་ཅི་ཞིག་ཕན། །དེས་ནི་ང་ལ་བལྟས་ན་ཡང་། །མཐོང་བ་མ་ཡིན་མཆོད་པ་མིན། །ང་ཡི་བསླབ་ལ་གང་སློབ་པའི། །དགེ་སློང་དེས་ནི་ང་མཐོང་སྟེ། །ཤེས་རབ་དམན་པ་ཁྱོད་ཀྱིས་ནི། །སངས་རྒྱས་མངོན་སུམ་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་ཀྱིས་ཉིད་ཀྱི་སྐུ་ལས་བླ་གོས་ཕྱེ་ནས་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ། ལྟོས་ཤིག་དགེ་སློང་ལུས་འདི་ལ། །གཙང་ཞིང་གསེར་གྱི་མདོག་འདྲ་བ། །སྔོན་གྱི་ལས་ཀྱི་རྣམ་སྨིན་དང་། །ཕ་དང་མ་ལས་བྱུང་བའོ། །གང་གིས་ཆོས་ཉིད་མ་མཐོང་བ། །རྫོགས་པའི་སངས་རྒྱས་དེས་མི་མཐོང་། །གང་གིས་ཆོས་ཉིད་མཐོང་གྱུར་པ། །དེ་ཡིས་ཐུབ་པ་ཆེན་པོ་མཐོང་། །གཞན་ཡང་བརྟན་ཞིང་དགེ་བའི་བློ་གྲོས་ཅན། །བསླབ་པ་རྗེས་སུ་སྲུང་བྱེད་པ། །དེ་ཡིས་དང་པོར་ང་ལ་ནི། །གཟུགས་ཀྱི་སྐུ་དང་ཆོས་སྐུར་མཐོང་། །བདག་ཉིད་ཆེན་པོ་འོད་སྲུང་གི །བསླབ་མཚམས་འདས་པས་ད་དུང་དུ། །ཨེ་ལའི་འདབ་དེ་ཀླུ་ཡི་ནི། །སྐྱེ་གནས་དག་ལས་མ་ཐར་ཏོ། །བཅོམ་ལྡན་འདས་ཀྱི་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམ་ཆུ་ཚག་མི་འཆང་བ་ལས་གྱུར་གྱི། དེ་ལྟ་བས་ན་དགེ་སློང་གིས་ཆུ་ཚགས་ཉེ་བར་བཞག་པར་བྱའོ། བཅོམ་ལྡན་འདས་ཀྱིས་ཆུ་ཚགས་ཉེ་བར་བཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཆུ་ཚག་དུ་ཡོད་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་ཚགས་ནི་ལྔ་སྟེ། ཆུ་ཚགས་གྲུ་གསུམ་དང་། བུམ་ཚགས་ལྕེའུ་ཅན་དང་རིལ་བ་ཞབས་ཚགས་ཅན་དང་། སྤྱངས་ཚགས་དང་། བསལ་ཚགས་རྣམས་སོ། ཞེས་སོ།
འདིས་ཅི་བསྟན་ན་སངས་རྒྱས་ཀྱི་བསྟན་པ་ནི་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་པས་ཆོས་སྒོར་དང་པོར་ཞུགས་པ་ནས་གཞན་གནོད་གཞི་བཅས་སྤོང་དགོས་པས། ཆུ་ལ་ལོངས་སྤྱོད་པ་ན་སྲོག་ཆགས་ཡོད་མེད་བརྟགས་ཏེ་ཡོད་ན་རང་གནས་སུ་བསལ་ཏེ། ཆུ་གཙང་མ་ལ་ལོངས་སྤྱོད་དགོས་པས་མཚོན་དུས་དང་གནས་སྐབས་ཀུན་ཏུ་གཞན་ལ་འཚེ་བ་སྤོང་དགོས་པ་དང་། དེ་བཞིན་གཤེགས་པས་བསྟན་པའི་གདམ་ངག་གི་དོན་ཉམས་སུ་མ་བླངས་ན། སངས་རྒྱས་དངོས་ཞལ་མཇལ་ཡང་དོན་མེད་པས་བསླབ་པ་ལ་སློབ་པ་ཁོ་ན་གལ་ཆེ་བ་བཅས་མཚོན་པར་བྱས་པའོ།
ཞབས་མཆན།
༡ རབ་བྱུང་གཞི་ཆོག་རིན་ཆེན་ཐེམ་སྐས་སྔ་འགྱུར་སྨིན་གླིང་དཔེ་ཚོགས། པོད་༡༡_ ལྡེབ་༥༣ལས།
༢༽ འདུལ་ཐ་༽པོད་ཕྲན་ཚེགས་ལྡེབ་ ༡༠དང་༡༡
ཁྲིད་བྱ། དབུ་མ་རྒྱན་འགྲེལ། མཁན་མུ་ར་ཀུན་བཟང་། མུ་འགོད། ༡༽