འགྲུལ་བཞུད་ཁྲོད་ཀྱི་ཕྱི་མིག རྩོམ་པ་པོ། མུ་ར་ཀུན་བཟང་།
ཞོགས་པའི་སྐྱ་མདའ་མ་བརྒྱབ་གོང་། སྒེའུ་ཁུང་ལས་ཕྱི་རོལ་ཀྱི་འོད་སྣང་ཕྲ་མོ་ཞིག་ནང་དུ་ག་ལེར་འཕྲོས་འོང་པ་དེ་ཚེས་བཅུ་དྲུག་གི་ཞོགས་པའི་ཟླ་འོད་ཡིན་པ་རྟོགས་རྗེས། ནུབ་ཁའི་ཟླ་བའི་ཕྱི་མིག་དང་འགྲོགས་ནས་ཁ་སང་གི་འདས་དོན་དག་ཡིད་ལ་ཝ་ལེར་ཤར་ཞིང་། ཕྱི་དྲན་གྱི་ཀློང་དུ་དལ་ཅིག་ཉུལ།
སྤྱིར་བཤད་ན་མི་སུ་ཡིན་ཡང་མི་ལོ་དུ་མར་ཤེས་རིག་གི་རྩི་བཅུད་འཐུང་ཞིང་། དམ་ཆོས་ཀྱི་དྲོད་ཁོལ་འཚོལ་སའི་མ་ཡུམ་སློབ་གླིང་དག་ནི་རང་རང་གི་སེམས་ཀྱི་གཏིང་དུ་གནས་ཤིང་། སེམས་ཀྱི་ཟབ་སར་ཉར་ཡོད་པ་སྨོས་མེད་ཡིན། དེ་བས་དམན་པ་བདག་ཀྱང་ན་གཞོན་ནས་དར་མ་དང་། དར་མ་ནས་རྒ་བའི་གྲོང་སྒོར་མ་སླེབས་བར།བཀའ་དྲིན་རི་ལས་ལྕི་བའི་དགེ་བའི་བཤེས་གཉེན་རྣམས་དང་། བརྩེ་བ་མཚོ་ལས་ཟབ་པའི་ཆོས་ཀྱི་མཆེད་པོ་དག་གི་བརྩེ་བའི་དྲོད་ལ་བཅར་ཞིང་། བྱམས་པའི་ཐུ་བར་འཇུས་ཏེ། ཉམ་ཆུང་གི་གོམ་སྟབས་ཤེས་རིག་གི་ཐང་ལ་སྒྱུར་བཞིན་འོང་བའི་ཆོས་ཀྱི་འདུན་ས་སྟེ། ཡོངས་གྲགས་སུ་གསེར་ལྗོངས་བླ་མ་རུང་ཞེས་གྲགས་པ། རིས་མེད་འགྲོ་བའི་མགོན་དང་དཔུང་གཉེན་དམ་པ་སྙིགས་མའི་དུས་ཀྱི་འདྲེན་པ་ཆེན་པོ་ཆོས་རྗེ་བླ་མ་མཆོག་གི་གདན་ས་འདི་ནི། དམན་པ་རང་ལ་མཚོན་ན་གསོན་ན་སྐྱིད་སྡུག་ཞུ་ས་དང་། ཤི་ན་རྣམ་ཤེས་བཅོལ་ས་ཡིན་པ་བཤད་ག་ལ་དགོས། གང་ལྟར་བསྡད་ན་སེམས་ཀྱི་ཁེན་ས་དང་། སོང་ན་ཕྱི་མིག་ཐོགས་སའི་མ་ཡུམ་སློབ་གླིང་འདིའི་ཕྱི་ནང་སྣོད་བཅུད་ཀྱི་དྲོད་ཁོལ་དང་། བྱིན་རླབས་ཀྱི་ཀློང་ནས་མི་ཚེའི་ཕྱེད་ཀ་ཡུད་ཙམ་གྱིས་རྫོགས་ཟིན་པའི་དེ་རིང་སླར་ཡང་ཕྱི་མིག་ཅིག་བལྟས་ཚེ། བདེ་སྐྱིད་ནི་གློག་གི་ཞགས་པ་ལྟར་འགྱུར་བག་སྐྱེན་པ་དང་། དུས་ཚོད་ཀྱི་བགྲོད་པ་ནི་ཆུ་བོའི་བཞུར་རྒྱུན་ལྟར་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བའི་ངང་ཚུལ་འདི་ནི། ཅི་འདྲའི་མྱུར་བ་ལའང་ཞེས་ཆིག་ལབ་ཅིག་ངག་ལས་རང་དབང་མེད་པར་ཤོར། གང་ལྟར་བྱིས་པ་རྩེད་འཇོར་རོལ་བའི་ངང་ཚུལ་ལས་མ་འདས་པར། ཚེ་སྟོད་སྐྱིད་ཀྱི་ཉི་མ་སྐད་ཅིག་ལ་རྫོགས་ཟིན་པའི་ཚོར་སྣང་ཞིག། ཞོགས་ཁའི་གྲང་རླུང་དང་ལྷན་དུ་འཁྱག་སིབ་སིབ་སེམས་ཀྱི་གཏིང་ལ་སིམ་འོང་།
དེ་དང་ལྷན་ཅིག་ཁ་སང་གི་འགྲུལ་བཞུད་ནི་དགའ་སྐྱོ་འདྲེས་མའི་འགྲུལ་བཞུད་དམིགས་བསལ་བ་ཞིག་ཡིན་པའང་འདི་ལྟར་དྲན་ཞིང་འདི་ལྟར་གླེང་འདོད་པའི་འདུན་པ་ཞིག་ཀྱང་འགོག་མེད་དུ་འཕྱུར་བྱུང་།
༡༽ ཚེས་བཅུ་བཞིའི་དགོང་མོ་ཁྲི་ཤོང་ཀུན་དགའ་ར་བའི་ནང་དུ་དགེ་འདུན་འདུས་པའི་སྡེ་ཆེན་པོ་ཞིག་དབྱར་དུས་ཀྱི་ཆུ་གཏེར་འཕྱུར་བ་བཞིན། གཟི་བྱིན་ཐིབས་སེ་ངུར་སྨྲིག་གི་རླབས་ཕྲེང་གཡོ་བཞིན་གདན་འཛོམས་པའི་དབུས་ན། དམན་པ་བདག་ཀྱང་དགའ་སྐྱོ་འདྲེས་མའི་ཚོར་སྣང་གི་ཁྲོད་དུ་ལྷག་ཡོད། དད་པ་དང་གསོལ་འདེབས་ཀྱི་ཀློང་ནས་ཡལ་མ་མྱོང་ལ། བརྩེ་བ་དང་དམ་ཚིག་གི་མདུད་རྒྱ་ལྷོད་མ་མྱོང་བའི་ཆོས་ཀྱི་མཆེད་པོ་རྣམས་དང་།
ལྷན་དུ་འཛོམས་པའི་དགའ་སྐྱིད་ཀྱི་ཡོ་ལང་འདི་ཉིད་ཡུད་ཙམ་གྱིས་རྫོགས་ཏེ། ཁེར་རྐྱང་གི་གོམ་ཁ་རྒྱང་ལ་ཕྱོགས་དགོས་པ་དྲན་ཚེ། མགྲིན་པ་མཆི་མས་བརྣངས་སོང་བས།ཁྱེད་ཚོར་རྩོད་པ་དོ་དམ་བྱེད་ཕྱོགས་སྐོར་གྱི་གསལ་བཤད་འཐུས་ཚང་ཞིག་ཀྱང་ཞུ་མ་ཐུབ་ལ། སླད་མར་མྱུར་མཇལ་འོང་བའི་སྨོན་འདུན་གསལ་བོ་ཞིག་ཀྱང་ངག་ནས་མ་ཁྲོལ། དེ་ལྟ་ནའང་ཁྱེད་ཅག་གི་བྱམས་བརྩེའི་སྤྱན་རིས་ལས་ཕངས་སེམས་ཀྱི་རྣམ་པ་མངོན་བྱུང་ལ། དགའ་སྐྱོའི་ཉམས་འགྱུར་ལས་བརྩེ་གདུང་གི་དྲོད་ཁོལ་གནང་བྱུང་བས།ངས་མིག་ཆུ་སེམས་ལ་སྦས་ཤིང་། སྨོན་འདུན་སེམས་ཀྱིས་ཞུས་ཡོད། གང་ལྟར་ཁྱེད་ཅག་གི་ཐུགས་བཞེད་སྒྲུབ་ཕྱིར་མངོན་ཆུང་གིས་ལམ་ལ་ཆེས་དགོས་པའི་ཁོ་བོར་ཐུགས་མཉེས་པ་དང་། ཤ་ཚ་བའི་རྣམ་འགྱུར་རེ་རེས་ངའི་སེམས་ལ་བདེ་དྲོད་ཀྱི་མེ་ཕུང་ཞིག་སླར་ཡང་སྦར་བྱུང་། ཆོས་ཀྱི་མཆེད་པོ་རྣམ་པ་བཀའ་དྲིན་ཆེ།
༢༽ ཚེས་བཅོ་ལྔའི་ཞོགས་པའི་ཉི་ཟེར་གྱིས་སློབ་གླིང་ལ་གསེར་འོད་བྱུགས་ཤིང་། ཁྲིམས་ལྡན་དགེ་འདུན་འདུས་པའི་ཆོས་གོས་ཀྱི་བཀྲག་མདངས་སླར་ཡང་ནམ་མཁར་ཕོག་སྟེ། གསེར་ལྗོངས་དབང་གི་ལུང་པའི་མཁའ་དབྱིངས་སུ། མཚར་སྡུག་ལང་ཚོས་སྙེམས་པའི་གཟི་བྱིན་འོད་ལམ་ལམ་འཚེར་བའི་པང་ཁུད་ནས། ང་རང་རྡོག་ཁྲེས་རྒྱབ་ཏུ་ཁུར་ཏེ་ལམ་ལ་ཆས། དེ་དུས་སློབ་གླིང་གི་མཛེས་སྡུག་ནི་སྔར་ལས་ལྷག་པ་དང་། མཆེད་པོ་དག་གི་བརྩེ་གདུང་ནི་སྔར་ལས་ཀྱང་ཟབ་པའི་ཚོར་སྣང་ཞིག་ངང་གིས་སྐྱེས་ཤིང་། རེ་ཞིག་འདི་ལྟར་བྲལ་དགོས་པའང་སེམས་ཀྱིས་མི་བཟོད་པ་ལྟ་བུའི་ན་ཟུག་ཅིག་གིས་སྐྱོ་སྣང་གནོན་དཀའ་བ་ཞིག་བྱུང་མོད། ཡང་བསྐྱར་མཆི་མ་སེམས་སུ་སྦས་ཤིང་།སྨོན་འདུན་སེམས་ཀྱིས་སྐྱོར་བཞིན་ལམ་ལ་ཆས་པ་ཡིན།
སྐབས་དེར་རྣ་བའི་ལམ་དུ་ལྷང་ལྷང་གྲགས་ཤིང་། སེམས་ཀྱི་དབུས་སུ་སིམ་སིམ་ཐིམ་འོང་བ་ཞིག་ནི། སྔོན་ཆོས་རྗེ་བླ་མ་མཆོག་གིས། ང་རང་མེད་པའི་རྗེས་སུ་འདུག་ས་གནས་འདི་གྱིས་དང་མི་འོས་པ་གང་ཡང་མེད། རྗེས་སུ་གནས་འདི་དང་ཕ་རྒན་ང་རང་བརྗེད་དུ་མ་འཇུག། ཅེས་པ་འདི་ཡིན་ལ་ཞལ་གསུང་འདི་ཉིད་དྲན་གྱིན་དྲན་གྱིན་འདས་པའི་དུས་ཀྱི་སྟོན་འཁོར་མཉམ་འཛོམས་ཀྱི། བདེ་སྐྱིད་དག་ཡིད་ལ་དྲན་ནས་འགྲོ་མི་ཐུབ་པ་ལྟ་བུའི་ངང་ནས་སེམས་སྐྱོ་བ་ལ་ཚད་མེད་པ་ཞིག་བྱུང་། གང་ལྟར་བྱིན་རླབས་ཀྱི་གཟི་འོད་ཉམས་པ་མེད་ཅིང་། འཕྲིན་ལས་ཀྱི་འཇུག་པ་ལྷོད་པ་མེད་པའི་ཆོས་ཀྱི་འདུན་ས་ཆེན་མོ་ལགས་གཏན་དུ་གནས་པར་སྨོན། ཡུན་དུ་རྒྱས་པར་སྨོན།
༣༽ ཡུད་ཙམ་གྱིས་སྨོན་ལམ་ལ་ཁར་སླེབས་ཤིང་རྐང་ཐང་དུ་ཅུང་ཙམ་སོང་ནས། གང་བསམ་ལྷུན་གྱིས་གྲུབ་པའི་བྲོ་རའི་དཀྱིལ་གྱི་ཡབ་རྗེ་བླ་མ་མཆོག་གི་གཟིམས་ཆུང་གི་མདུན་དུ་སླེབས་པ་ན། སྔོན་སྟོན་འཁོར་འདུས་པ་རྒྱ་མཚོ་ལྷན་ཅིག་ཏུ་འཛོམས་ཏེ། ཆོས་དང་མཐུན་པའི་དགའ་སྐྱིད་ཡོ་ལང་གི་མཛད་པ་ལྷ་ཡི་དཔལ་ལ་འགྲན་པའི་གནས་འདི་ནི་དེ་རིང་བསམས་ན། མི་སྐད་ཙམ་ཡང་གྲགས་རྒྱུ་མེད་པར་འདི་ལྟར་དབེན་ཐིང་ཐིང་གནས་པའི་ངང་ཚུལ་འདིས་ཀྱང་། འདུ་བྲལ་འཁོར་བའི་ཆོས་ཉིད་མངོན་སུམ་དུ་བསྟན་པ་མ་ཡིན་ནམ་སྙམ་དུ་ཅུང་ཙམ་ལུས། དེ་ནས་གདངས་མཐོན་པོས་བླ་མའི་རྣལ་འབྱོར་འདོན་བཞིན། སེམས་ཀྱི་འགྱུ་དྲན་དག་བཅས་བཅོས་མེད་པར་གློད་དེ་འཇོག་ཐུབ་པ་ཞིག་བྱུང་ཞིང་། སྐབས་དེར་ཡབ་རྗེ་བླ་མ་མཆོག་གི་མཚན་ནས་འབོད་བཞིན་སྐད་གསང་མཐོན་པོའི་ངུ་སྙིང་འདོད་པའི་སེམས་ཚོར་དེའང་ཆེད་དུ་མ་བཀག་པར་ཐད་ཀར་གློད་པ་ཡིན། དེ་དུས་སེམས་སུ་སྦས་པའི་དྲན་གདུང་དང་སྐྱོ་སྣང་ཡོད་ཚད་མིག་ཆུའི་ཟིལ་བ་དང་འགྲོགས་ནས། མཁུར་གོང་བརྒྱུད་ཏེ་ཕྱི་རུ་འཐོར་ཆོག་པ་དང་། ཡུན་རིང་སེམས་ལ་ཉར་བའི་གདུང་ཡུས་དག་ཀྱང་སྐད་གསང་མཐོན་པོས་བསྒྲག་ཆོག་པ་དེའང་སྐྱོ་སྣང་གི་ཁྲོད་ཀྱི་བདེ་དྲོད་ཅིག་ཡིན་པ་རྟོགས་བྱུང་། འདི་ལྟར་བྱེའུ་དག་གི་སྐད་ཅོར་ཙམ་མ་གཏོགས་གྲགས་འགུལ་ཅི་ཡང་མེད་པའི་དབེན་ལྗོངས་ཤིག་ན། ངུ་སྐད་དང་འབྲེལ་བའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་ཡོད་པ་སུ་ཡིས་གཟིགས་སྲིད།
དེ་ལྟར་སྐྱོ་སྣང་ཆལ་ཆོལ་དང་ངུ་ངག་ལྷང་ལྷང་གི་ཁྲོད་དུ་ཅུང་ཙམ་ལྷག་རྗེས་གཞི་ནས་འདི་ལྟར་དྲན་བྱུང་། སྔོན་གནས་འདིར་སྟོན་འཁོར་ཐམས་ཅད་ལྷན་གཅིག་ཏུ་འཛོམས་ཏེ་དགའ་སྐྱིད་ཀྱི་ཡོ་ལང་ལ་རོལ་བའི་སྐབས་ཤིག་ན། ཆོས་རྗེ་བླ་མ་མཆོག་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་སྤོས་སྣ་བྱས་ཏེ་བྲོ་རའི་དབུས་སུ་ཞབས་ཐང་གིས་གཡས་སྐོར་བྱས་ནས་འབྱོན་བཞིན། རྗེ་ཉིད་ཀྱི་གསུང་མགུར་བྱིན་ཆེན། ཇོ་ཇོ་གྲོགས་ལ་བཀུག་ནས། །ངེས་མེད་ཡུལ་དུ་འཁྱམ་འགྲོ། །དགའ་སྐྱོ་འཕེལ་བའི་ལྟད་མོ། །མང་པོ་མིག་གིས་མཐོང་ཡོང་། །ཞེས་པ་འདི་ཉིད་སྟོན་འཁོར་ཡོངས་ཀྱིས་མཉམ་གཅིག་ཏུ་གདངས་སྙན་པོས་བཏོན་པ་དྲན་འོང་ལ། དམན་པ་བདག་གིས་ཀྱང་སྐད་གསང་མཐོན་པོས་བཏོན་པ་དྲན་ཙ་ན། མགུར་འདིའི་ནང་གི་གསང་བ་མང་པོ་མང་པོ་ཞིག་གསར་དུ་རྟོགས་འོང་ཞིང་། ཡབ་རྗེ་བླ་མ་མཆོག་གིས་མ་འོང་སྔོན་གཟིགས་ཀྱི་ངོ་མཚར་བའི་མཛད་པ་དག་ཡིད་ཡུལ་ལ་འཁོར་ནས། དད་པའི་སྣང་བ་བླ་ལྷག་གིས་འཕེལ་བ་ཞིག་བྱུང་སྟེ་དུས་ཡུན་གང་འཚམས་ཤིག་ལ་བྱིན་རླབས་ཀྱི་དྲོད་ཁོལ་འཁྱིལ་བའི་དབེན་ལྗོངས་དེར་གཅིག་པུར་ཁུ་སིམ་མེར་ལྷག་སོང་།
༤༽ ཅི་ཞིག་ན་གློ་བུར་དུ་གཉིད་ལས་སད་པ་ལྟར། ད་ནངས་སྔ་དྲོ་ཕྲན་ལ་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་དགྱེས་བརྩེའི་ཞལ་ཏ་མང་དུ་གནང་མཐར། ད་རེས་ཀཿཐོག་དགོན་ལ་སོང་ནས་དཀའ་ངལ་ལ་མ་འཛེམས་པར་བསྟན་པ་སྤྱི་དང་བྱེ་བྲག་ལ་ཕན་པ་དང་། ཁྱད་པར་དུ་ཆོས་སྡེ་དེ་ཀའི་སློབ་གཉེར་པ་ཡོངས་ལ་ཕན་ངེས་པའི་ལས་དོན་དེ་ཉིད་བསྒྲུབ་པའི་འོས་འགན་ཁྱོད་ལ་བབ་པ་ཡིན་པས། ཅིས་ཀྱང་འགྲུབ་ངེས་ཤིག་བྱ་དགོས། ལོ་གཅིག་ནི་དེ་ཙམ་ཡུན་རིང་ཡང་མིན་པས་བློ་སྟོབས་བསྐྱེད་དེ་འབད་བརྩོན་གྱིས་དང་། དེ་ནས་གཞན་པ་རེ་འབྱོན་གནང་མཛད་རྒྱུ་རེད། ང་ཚོ་ཤུལ་ན་ཡོད་པ་དག་གིས་ཐུགས་སྨོན་དང་སྐུ་རིམ་སོགས་ནམ་རྒྱུན་སྒྲུབ་ངེས་ཡིན། ཞེས་སོགས་དབུགས་དབྱུང་དང་འབྲེལ་བའི་གལ་ཆེའི་བཀའ་སློབ་དག་དང་།
ད་ལོའི་གཙོ་འགན་པ་རྣམ་གཉིས་དང་། སློབ་དོན་རྒན་གཞོན་དག་གིས་ཀྱང་དེར་སོང་ནས་ལོ་གཅིག་གི་ཡུན་ལ་ལྷག་བསམ་རྣམ་དག་གིས་བསྟན་པར་སྲི་ཞུ་རེ་ཨེ་འགྲུབ་བལྟ་དགོས་ཚུལ་སོགས་ཀྱི་སྐོར་ནས་བཀའ་སློབ་གནང་བ་དག་རིམ་པར་ཡིད་ལ་འཁོར་ཞིང་། གཤམ་ཏུ་ལམ་ཆེན་ནང་ན་བསུ་མི་དག་གིས་བསྒུག་ཡོད་པ་དྲན་ཏེ། དད་པའི་གུར་ཁང་ན་རྩེན་པའི་ཆོས་ཀྱི་འདུན་ས་ཆེན་མོ་ཡུན་དུ་གནས་པ་དང་། བརྩེ་བའི་གཏིང་རིམ་ན་སིམ་པའི་རྡོ་རྗེའི་མཆེད་ལྕམ་རྣམ་པར་མྱུར་དུ་མཇལ་བའི་སྨོན་འདུན་དང་བཅས། སྨོན་ལམ་ལ་ཁར་གྱེས་ཕྱག་ཕུལ་ཞིང་དྲན་པ་ཕྱི་ལ་ཐོགས་བཞིན་རྒྱང་རིང་དུ་ག་ལེར་ཆས་པ་ཡིན།
ཞེས་བོད་རབ་རྒྱན་ལྕགས་གླང་ལོའི་ཟླ་གཉིས་པའི་ཚེས་བཅུ་དྲུག་གི་ཞོགས་པར་སྔ་འགྱུར་རྙིང་མའི་གདན་ས་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་ནས་གང་དྲན་ཤར་མར་སྤེལ་བ་པོ་ནི་མུ་ར་ཀུན་བཟང་དུ་འབོད་པའོ།།