མཁས་བཙུན་བཟང་གསུམ་གྱི་སྐོར། ཀཿཐོག་མཁན་ཚེ་རིང་རྡོ་རྗེ། གསུང་གསར།
རྗེས་དྲན་དད་གསུམ་ཆུན་པོ།
དུག་གསུམ་མཚོ་ལྟར་འཁྱིལ་བའི་འཁོར་བ་ཡི་གྲོང་ན། །
རེ་དོགས་རླབས་ལྟར་འཕྱུར་བའི་ཁེར་འཁྱམ་ཀྱི་བུ་ངས། །
སོར་བཅུ་སྙིང་ཁར་ཟུམ་སྟེ་གདུང་དབྱངས་དང་བཅས་ཏེ། །
ང་ཡི་ཡབ་ཆེན་བླ་མ་སངས་རྒྱས་དེ་འབོད་དོ། །
འཁྲུལ་སྣང་བདེན་དོན་འཚོལ་བའི་ཉིང་དགོས་ལ་རེ་བཞིན། །
བྱས་བྱས་ཟིན་དུས་མེད་པའི་བྱ་གཞག་དེས་བྲེལ་ཀྱང་། །
རེ་འབྲས་ཆུ་ཟླའི་རི་མོ་ཐོབ་དུས་ཤིག་མེད་པའི །
བུ་ངས་ཡབ་ཆེན་བླ་མ་སངས་རྒྱས་དེ་འབོད་དོ།།
མི་འདོད་ལས་ཀྱི་བསུས་པའི་སྡུག་བསྔལ་གྱི་མུན་པ། །
ནམ་ཡང་སངས་དུས་མེད་པ་རྦ་རླབས་ལྟར་ཕྱུར་ནས། །
ལྷག་བསམ་རེ་བའི་དོན་འབྲས་འཇའ་རིས་ལྟར་ཡལ་བའི། །
བུ་ངས་ཡབ་ཆེན་བླ་མ་སངས་རྒྱས་དེ་འབོད་དོ། །
འདས་སོང་དཀར་ནག་མང་པོའི་ལོ་ཟླ་ཡི་ཁྲོད་དུ། །
སྐྱིད་སྡུག་མངར་སྐྱུར་ཁ་བའི་འཚོ་བ་ལ་བསམ་ན། །
གང་བྱས་སྙིང་པོ་མེད་པ་ཆུ་ཤིང་གི་འབྲས་བུ། །
འདི་ཕྱི་གཉིས་མེད་བུ་ལ་ཐུགས་རྗེ་རང་གཟིགས་ཤིག །
རྣམ་དག་ཚུལ༵་ཁྲིམ༵ས་རྒྱ༷་མཚོ༷་ཆེན་པོ་ཡི་དབུས་ན། །
རྣམ་མང་ཏིང༵་འཛི༵ན་རི་དབང་ལྷུན་པོ་བཞིན་བརྟན་ཅིང་། །
རྣམ་དཔྱོད་ཤེས༵་རབ༵་ཉི་ཟླའི་དཀྱིལ་འཁོར་ལྟར་མཛེས་པའི། །
རྣམ་འདྲེན་ཡབ་ཆེན་བླ་མ་སངས་རྒྱས་དེ་མཁྱེན་ནོ། །
ཡེ་བབ་ཀ་དག་རིག་སྟོང་གདོད་མ་ཡི་གནས་ལུགས། །
སྒོམ་པ་ཅོག་བཞག་བཞི་ཡིས་རྩལ་ཆེན་དེ་རྫོགས་ནས། །
ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་ཕ་མཐར་རུ་ཕྱིན་པའི། །
ང་ཡི་ཡབ་ཆེན་བླ་མ་སངས་རྒྱས་དེ་མཁྱེན་ནོ། །
མདོ་སྔགས་ཆོས་ཀུན་མཁྱེན༷་པས་འཆད༷་པ་ལ་མཁས་ཤིང་། །
ཕས་རྒོལ་ལོག་རྟོག་བཟློག་པའི་རྩེ༷་བ་ཡིས་རྩོད༷་པ། །
འགྲོ་ཀུན་ཐར་ལམ་འདྲེན་ནུས༷་རྩོམ༷་པ་ཡིས་བྱ་བས། །
བསྟན་སྲོག་རྨང་ནས་གསོ་བའི་སངས་རྒྱས་དེ་མཁྱེན་ནོ། །
མཚན་དཔེའི་ཆ་ཤས་རྫོགས་པའི་མཐོང་གྲོལ་གྱི་སྐུ༷་མཆོག །
ཚངས་དབྱངས་ཡན་ལག་དྲུག་ཅུའི་སྙན་འཇེབས་ཀྱི་གསུང༷་མཆོག །
ཀ་ལྷུན་དབྱེར་མེད་རྟོགས་པའི་ལྟ་བ་ཡི་ཐུགས༷་མཆོག །
ང་ཡི་ཡབ་ཆེན་བླ་མ་སངས་རྒྱས་དེ་མཁྱེན་ནོ། །
ལྟ༷་བ༷་མཐར་ཐུག་ཆོས་སྐུའི་དགོངས་པ་དེ་བརྙེས་ནས། །
སྒོམ༷་པ༷་ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ཀུན་གཟིགས་ཤིང་། །
སྤྱོད༷་པ༷་མ་བཅོས་གང་འདུལ་སྤྲུལ་སྐུ་ཡིས་རྣམ་རོལ། །
སྐུ་གསུམ་ཀུན་འདུས་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །
མ༷་བཅོས་གདོད་མ་གཞི༵་ཡི་གནས་ལུགས་ཀྱི་རང་གདངས། །
མ༷་འགགས་སྣང་བཞིའི་ལམ༵་གྱི་རྩལ་ཆེན་དེ་རྫོགས་ནས། །
མ༷་ལུས་སྐུ་བཞིའི་འབྲས༵་བུའི་རྒྱལ་ས་རུ་བསྙེགས་པའི། །
མ༷་གྱུར་འགྲོ་བའི་བླ་མ་སངས་རྒྱས་དེ་མཁྱེན་ནོ། །
མདོ་རྒྱུད་བཤད་པའི་བཀའ་དང་སྨིན་དབང་གི་ཆུ་བོ། །
སྒྲུབ་ཐབས་ཕྲིན་ལས་ཕྱག་བཞེས་ཞལ་རྒྱུན་དང་བཅས་པ། །
བཀའ་བབ་བཞི་སོགས་ཡོངས་རྗོགས་བསྟན་པ་ཡི་མངའ་བདག །
ང་ཡི་ཡབ་ཆེན་བླ་མ་སངས་རྒྱས་དེ་མཁྱེན་ནོ། །
སྟོན་མཆོག་ཐུབ་པའི་དབང་པོའི་མདོ་སྔགས་ཀྱི་སྙིང་བཅུད། །
ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་ཆེན་གྱི་རྒྱལ་མཚན། །
མི་ནུབ་ཕྱོགས་མཐར་བསྒྲེངས་ལ་འགྲན་ཟླ་དང་བྲལ་བ། །
ང་ཡི་ཡབ་ཆེན་བླ་མ་སངས་རྒྱས་དེ་མཁྱེན་ནོ། །
བསྟན་སྲོག་རྨང་ནས་གསོ་བའི་ངེས་དོན་གྱི་རྣལ་འབྱོར། །
བསྟན་སྙིང་ནང་རྒྱུད་སྡེ་གསུམ་ཕྱོགས་དུས་ཀུན་བསྒྲེངས་མཛད། །
བསྟན་པའི་དཔལ་མགོན་ཀུན་མཁྱེན་ཡིན་བཞིན་གྱི་ནོར་བུ། །
ང་ཡི་ཡབ་ཆེན་བླ་མ་སངས་རྒྱས་དེ་མཁྱེན་ནོ། །
གངས་རི་ར་བས་བསྐོར་བའི་གངས་ཅན་གྱི་ཞིང་འདིར། །
མཁས་གྲུབ་བྱེ་བའི་དབུས་ན་ཉ་གང་གི་ཟླ་བ། །
བདེ་ལྡན་དག་པའི་ཞིང་དེར་ཕེབས་པ་དེ་སྔ་བས། །
ཞིང་འདིར་འགྲོ་བའི་མིག་དབང་མུན་པ་ཡིས་བསྒྲིབས་སོང། །
བཤེས་གཉེན་འཇིག་རྟེན་ཉི་མ་དགུང་དབྱིངས་སུ་ནུབ་པས། །
འཁྲི་ཤིང་དད་པའི་འདབ་ལོ་གྲང་ངར་དེས་བཅོམས་སོང་། །
སྐྱེ་འགྲོ་ལོང་བའི་ཚོགས་ཀྱི་ས་སྟེང་འདི་གང་བྱུང་། །
ཡབ་ཆེན་བླ་མ་མེད་པའི་ས་ཆེན་འདིའི་གྱང་རྒུད། །
སྐྱབས་གནས་དཀོན་མཆོག་ཀུན་འདུས་དྲིན་ཆེན་གྱི་བླ་མ། །
ཁམས་གསུམ་འགྲོ་བའི་འདྲེན་པ་དྲིན་ཆེན་གྱི་བླ་མ། །
རེ་ས་ཁྱེད་ལས་མེད་དོ་དྲིན་ཆེན་གྱི་བླ་མ། །
ནམ་ཡང་ཐུགས་རྗེས་སྐྱོངས་ཤིག་དྲིན་ཆེན་གྱི་བླ་མ། །
ཞེས་སངས་རྒྱས་གཉིས་པ་དཔལ་དགོན་བླ་མ་དམ་པའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་རྒྱལ་བ་ཀཿཐོག་པའི་གྲལ་མཐར་འཁོད་པ་ཚེ་རིང་རྡོ་རྗེ་ནས་རྗེས་དྲན་གྱི་ཚུལ་དུ་བྲིས་པའོ།། །།
རྗེས་དྲན་དད་པའི་འཆར་སྒོ།
༡༽ རབ༷་བརྗིད་མཛེས་སྡུག་ལྡན་པའི་མཚན་དཔེའི་སྐུ༷། །
རབ༷་སྙན་ཚངས་དབྱངས་དྲུག་ཅུའི་ཟབ་རྒྱས་གསུང༷་། །
རབ༷་གསལ་ཀ་དག་དགོངས་པའི་ཡེ་ཤེས་ཐུག༷ས། །
རབ༷་འབྱམས་ཕྲིན་ལས་འགྲན་བྲལ་བླ་མ་དྲན༷། །
༢༽ མཁྱེན༷་རབ་འཇམ་དཔལ་དབྱངས་ཀྱི་ཐུགས་ལས་ཕྱུང་། །
བརྩེ༷་བ་འཕག་མཆོག་སྤྱན་རས་གཟིག་ལས་བླངས། །
ནུས༷་པ་ཕྱག་ན་རྡོ་རྗེའི་ཀློང་ལས་བཏོན། །
མཁྱེན་ནུས་བརྩེ་བའི་བདག་ཉིད་བླ་མ་དྲན༷། །
༣༽ སྤོབས་པ་ལྷ་དབང་རྒྱ་བྱིན་ལ་འཁུ་བའི། །
ཡིད་བཞིན་ནོར་བུ་འདྲ་བའི་བླ་མ་དེས། །
སྔོན་དུས་ན་ལེནྡྲ་ཡི་བཀོད་པ་ལ། །
འགྲན་པར་བཟོད་པའི་བཅུ་ཕྲག་སློབ་གླིང་བསྐྲུན། །
༤༽ སྟོན་མཆོག་ཉི་མ་འདྲ་བ་ནུབ་རྗེས་སུ། །
རྒྱལ་ཚབ་དུང་ཟླ་འདྲ་བ་ཁྱེད་ཤར་ནས། །
སྐལ་བཟང་ཀུན་དའི་ཚལ་དེ་འོད་ཀྱིས་གསོས། །
སྐྱེ་དགུའི་ལམ་སྟོན་གཅིག་ཆོག་བླ་མ་དྲན༷། །
༥༽ བསྟན་པ་རླུང་གསེབ་ནང་གི་མར་མེ་བཞིན། །
ཀླ་ཀློའི་དུག་གི་རླངས་པས་སྒྲིབ་དུས་འདིར། །
ཡང་དག་ལམ་བཟང་སྟོན་པའི་དེད་དཔོན་དེས། །
བསྟན་པ་སླར་ཡང་བསྐྱངས་བའི་རྣམ་ཐར་དྲན༷། །
༦༽ བསླབ་གསུམ་གསེར་ཞུན་ཡུ་བ་མཐོན་པོའི་རྩེར།།
རྒྱུད་དོན་མཁྱེན་པའི་རིན་ཆེན་ལྷབ་ལྷུབ་གཡོ།།
ཐེག་དགུའི་རྩེ་རྒྱལ་ཨ་ཏིའི་ཏོག་གིས་མཛེས།།
མི་ནུབ་བསྟན་པའི་རྒྱལ་མཚན་བླ་མ་དྲན།།
༧༽ སྙིགས་མའི་དུས་འདིར་མི་གཟུགས་ངོ་མ་ཞིག །
མིག་གིས་མ་མཐོང་ལག་གིས་མ་ཟིན་པར། །
མཁའ་དབྱིངས་མཐོན་པོའི་ཀློང་དུ་ཤོར་བས་ན། །
སྨྲེ་ངག་གདུང་འབོད་བྱས་པ་དུས་གཅིག་མིན། །
༨༽ ཀྱེ་མ་མགོན་མེད་དྭ་ཕྲུག་ཤུལ་ལུས་ཚོས། །
མགོན་ཁྱེད་དྲན་པའི་ན་ཟུག་འདི་དགོངས་ལ། །
བྱམས་བརྩེ་འཛུམ་དཀར་ལྡན་པའི་ཡང་སྤྲུལ་དེ། །
མི་འབྱོན་ཐུགས་ཀྱི་བཟོད་པར་ནུས་སམ་ཀྱེ། །
བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་དུ་འདས་མཆོད་ཉིན་དང་པོའི་ཞོགས་ཇའི་བར་གསེང་དུ་ཀཿཐོག་བཅུ་ཕྲག་སློབ་གླིང་དུ་ཨ་ཡུཿབཛྲ་ནས་བྲིས།