查看原文
其他

གཡང་འབོད་བྱིན་ཆེན། ཆོས་དབྱངས་གསར་བ། ཞལ་འདོན་པ་རིན་ཆེན་རྣམ་རྒྱལ།

ཕེབས

བསུ།


གླིང་བུ་དཀར་པོ་འམ་གཞས་པ་ཉི་གྲགས་ཀྱི་བོད་གཞས་སྤྱི་སྟེགས་ཆེན་མོ་ལ་ཕེབ་པར་དགའ་བསུ་ཞུ།

གཡང་འབོད། མཛད་པ་པོ། སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུ། 


༄༅། །ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་གསུང་འབུམ་ལས།


དྷཱིཿ མཐོ་རིས་ཡོན་ཏན་བདུན་ལྡན་སྲིད་ཀྱི་གཡང་། །

འཕགས་པའི་ནོར་བདུན་ལྡན་པ་ཆོས་ཀྱི་གཡང་། །

ཁ་སྦྱོར་ཡན་ལག་བདུན་ལྡན་འབྲས་བུའི་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


བསླབ་གསུམ་ལྡན་པ་རི་ཁྲོད་པ་ཡི་གཡང་། ། 

བཤད་སྒྲུབ་ལས་གསུམ་དར་བ་དགོན་སྡེའི་གཡང་། །

བཙན་ཕྱུག་འཕན་གསུམ་དར་བ་ཡུལ་གྲོང་གཡང་། ། 

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


མཁས་བཙུན་བཟང་གསུམ་གྲུབ་བརྙེས་བླ་མའི་གཡང་། ། 

ཤེས་བརྩོན་དག་སྣང་ཆེ་བ་སློབ་མའི་གཡང་། །

དད་གཏོང་འབྱོར་བ་རྒྱས་པ་སྦྱིན་བདག་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


དཔྱད་གསུམ་རྣམ་པར་དག་པ་ལུང་གི་གཡང་། །

དགག་སྤོང་སྒྲུབ་པ་སྐྱོན་བྲལ་རིགས་པའི་གཡང་། །

ཟབ་རྒྱས་བདེ་བླག་འདོམས་པ་མན་ངག་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


ཉེས་སྤྱོད་རྒྱང་དུ་བསྐྲད་པ་སོ་ཐར་གཡང་། །

འགྲོ་ལ་བདག་བས་བརྩེ་བ་བྱང་སེམས་གཡང་། །

སྣང་སྲིད་དག་མཉམ་ཤར་བ་གསང་སྔགས་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


བསྙེན་སྒྲུབ་ལས་གསུམ་མཐར་འཁྱོལ་བསྐྱེད་རིམ་གཡང་། ། 

བདེ་གསལ་མི་རྟོག་ཉམས་འཕེལ་རྫོགས་རིམ་གཡང་། །

སྣང་བཞིའི་རྟགས་ཚད་སྨིན་པ་རྫོགས་ཆེན་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


ཁོང་ཡངས་བློ་གསལ་འཁོར་བརྩེ་གཙོ་བོའི་གཡང་། ། 

དགེ་བཅུའི་ཁྲིམས་ལ་གནས་པ་མངའ་འབངས་གཡང་། ། 

ཉམས་དགའ་འབྲས་སྨིན་འཚེ་བྲལ་ཡུལ་གྱི་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


ནད་མུག་འཁྲུག་རྩོད་ཞི་བ་དུས་ཀྱི་གཡང་། ། 

བཙའ་སད་སེར་གསུམ་བྲལ་བ་ཞིང་གི་གཡང་། །

དགྲ་རྐུན་གཅན་གཟན་ནད་མེད་ཕྱུགས་ཀྱི་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


རྟ་ཟོག་ར་ལུག་འཕེལ་བ་སྒོ་ཡི་གཡང་། །

ཟས་ནོར་རིན་ཆེན་དཔངས་མཐོ་བང་མཛོད་གཡང་། །

ཕ་མ་བུ་ཚ་གཡོག་མང་ཁྱིམ་གྱི་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


ཡང་འཇམ་མདོག་བཟང་བདེ་སྐྱིད་གོས་ཀྱི་གཡང་། ། 

རོ་བཅུད་མཆོག་ལྡན་ཡིད་འོང་ཟས་ཀྱི་གཡང་། །

ཀུན་སྨོན་རིན་ཆེན་འདོད་སྟེར་རྒྱན་གྱི་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


ནད་མེད་དབྱིབས་ལེགས་མདོག་མཛེས་ལང་ཚོའི་གཡང་། ། 

སྟོབས་ཆེ་རྩལ་བདེ་ངལ་མེད་སྒྱུ་རྩལ་གཡང་། །

སྨྲ་མཁས་ངག་སྙན་དཔའ་མཛངས་ངག་ཡིད་གཡང་། །

དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག །


མདོར་ན་བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་ཀུན། །

ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་རྣམ་དག་མཐུས། །

འདིར་ཁུག་འདིར་འདུས་འཕེལ་རྒྱས་ནུབ་མེད་པར། །

བཀྲ་ཤིས་དགེ་མཚན་སྣང་བས་ཁྱབ་གྱུར་ཅིག །


ཅེས་བརྗོད་པས་ཕྱྭ་གཡང་ཁུགས་པའི་དགེ་མཚན་མངོན་དུ་འགྱུར་ངེས་སོ། །རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་བྱའོ། །ཞེས་ངག་དབང་བློ་གྲོས་མཚུངས་མེད་པའི་ཡིད་ངོར་ཤར་བ་ཡི་གེར་སྤེལ་བ་དགེའོ།། །།


གླིང་བུ་དཀར་པོ་འམ་གཞས་པ་ཉི་གྲགས་ཀྱི་བོད་གཞས་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།

གླིང་བུ་དཀར་པོ་འམ་གཞས་པ་ཉི་གྲགས་ཀྱི་བོད་གཞས་སྤྱི་སྟེགས་ཆེན་མོ་ལ་ཕེབ་པར་དགའ་བསུ་ཞུ།




གསལ་འདེབས།




༈ འཕྲིན་སྟེགས་འདིར་སྤེལ་བའི་བརྗོད་བྱ་གང་ཡིན་ཡང་བདག་པོ་རང་ཉིད་ལ་དབང་ཞིང་།  གལ་ཏེ་སྤྱི་སྒེར་གྱི་ཁེ་དབང་ལ་གནོད་པའི་གནད་དོན་རེ་སྲིད་ཚེ་ང་ཚོར་འབྲེལ་བ་བྱོས་དང་མྱུར་དུ་གསུབ་ངེས་སོ།

您可能也对以下帖子感兴趣

文章有问题?点此查看未经处理的缓存