ཆོས་ལ་བསླབས་པས་ཁེ་ཕན་ཅི་ཞིག་སྟེར་ནུས། བསོད་དར་རྒྱས་ཀྱིས་བརྩབས།
ལེའུ་དང་པོ།
བསྒྲུབས་ན་འགྲུབ་ངེས་ཡིན།
སུ་གཅིག་གི་ལག་པས་ཁྱོད་ཉིད་ཞིང་ཁམས་སུ་འཐེན་མི་ནུས་ལ། སུ་གཅིག་གི་རྐང་པས་ཁྱོད་ཉིད་དམྱལ་བ་རུ་འཕེན་མི་ཐུབ། ལས་དབང་ཞེས་པ་སྡུག་བསྔལ་དུ་འགྱུར་རམ་བདེ་བ་རུ་འགྱུར་ཞེ་ན། དོན་དུ་རང་ཉིད་ལ་རག་ལས། བསྒྲུབས་ན། ད་གདོད་རང་ཉིད་ཀྱི་ལས་དབང་ལ་བསྒྱུར་བཅོས་ལེགས་པར་འགྲུབ།
༡ ཆོས་ལ་བསླབས་པས་ཁེ་ཕན་ཅི་ཞིག་སྟེར་ནུས།
ཆོས་ལ་བསླབས་པས་ཚེ་ཕྱི་མ་ལ་བདེ་བ་འབྱུང་བ་མ་ཟད་ཚེ་འདི་ལ་ཡང་བདེ་སྐྱིད་ཀྱི་སྣང་བ་སྟེར་ནུས། དེས་ཁྱོད་ཉིད་འབྱོར་ལྡན་ཞིག་ཏུ་མ་བྱས་དང་བྱ་གཞག་ལ་ལེགས་འགྲུབ་འབྱུང་དུ་འཇུག་མ་ཐུབ་ཀྱང་། ཆོས་ལ་གཏན་ནས་སློབ་མ་མྱོང་བའི་མི་དང་འདྲ་བར་ཉམ་ཆུང་བག་འཁུམ་དུ་མི་འགྱུར་བར་དུས་རྟག་ཏུ་ཡིད་འཚེངས་པའི་སྣང་བས་ལུས་སེམས་ལ་དགའ་བདེས་ཁྱབ་ནུས།
ཆོས་ལ་སློབ་སྦྱོང་བྱས་ན་བཟང་ཆ་གང་དག་ཡོད་པ་རེད་ཅེས་ངས་རྟག་ཏུ་བསམ་གཞིག་བྱེད་བཞིན་ཡོད། དེ་ནི་སྐྱེ་རྒ་ན་འཆི་ལ་གྲ་སྒྲིག་ལེགས་པོ་བྱེད་ཐུབ་པ་སྟེ་ནད་ཡམས་སམ་འཆི་བ་མགོ་ཐོག་ཏུ་ལྷུང་སྐབས་སྐལ་བ་རེ་དམན་སྙམ་ནས་བག་འཁུམ་མི་དགོས་པར་དེ་ལས་ལྡོག་སྟེ་བག་ཕེབ་པོས་གདོང་ལེན་བྱེད་ནུས། ཆོས་ལ་མི་སློབ་པ་རྣམས་དེ་ལྟར་མིན་པར་གློ་བུར་གྱི་རྐྱེན་ཆག་སྒོ་བྱུང་སྐབས་སམ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་སྐབས་ལས་དབང་ལ་དྲང་བདེན་གང་ཡང་མི་འདུག་ཅེས་འཁང་ར་བརྗོད་རྐྱང་བྱེད་ཅིང་རང་ཉིད་སྐལ་ངན་ཞིག་ཡིན་པར་སྙམ་དུ་སེམས་པ་རེད། ཁོ་ཚོར་མཚོན་ན་སྤྱིར་རང་ཉིད་ནད་ཀྱིས་བཟུང་ན་ཅི་ཞིག་བྱ། ཤི་ན་ཇི་ལྟར་བྱེད་སོགས་ལ་ཕལ་ཆེར་བསམ་བློ་གང་ཡང་མི་གཏོང་། བསམ་བློ་བཏང་རུང་རང་ཉིད་ལ་ཉེན་སྐྱོབ་ཙམ་ཉོ་བ་ལས་གང་ཡང་མི་སྒྲུབ། དོན་དུ་དེ་དག་གིས་ཉེན་ཁ་གང་ལས་ཀྱང་སྐྱོབ་མི་ནུས། སྨན་སྐྱོབ་ཀྱིས་ནད་ཀྱིས་མི་གཟུང་བའི་ཁག་ཐེག་བྱེད་མི་ནུས་ལ་རྒན་སྐྱོབ་ཀྱིས་མི་རྒ་བའི་ཁག་ཐེག་བྱེད་མི་ཐུབ། ཉེན་སྐྱོབ་ལས་ཁུངས་ཇི་ལྟར་བཟང་ཡང་སྐྱེ་འཆིའི་གཏན་གྱི་འདུན་མ་འདི་ལ་ཕན་པ་སྤུ་ཙམ་ཡང་སྟེར་མི་ནུས།
ཆོས་ལ་སློབ་སྦྱོང་བྱེད་པའི་མི་ཁོ་ནས་ད་གདོད་བདེ་བླག་དང་གུ་ཡངས་ཀྱི་སྒོ་ནས་དེ་དག་ལ་གདོང་ལེན་བྱེད་ནུས་ཏེ། ཁོང་ཅག་ལ་མཚོན་ན་བདེ་སྡུག་རང་ངོས་ནས་མི་རྟག་པ་ཡིན་པས་བདེ་ཞིང་སྐྱིད་སྐབས་སྡུག་བསྔལ་གློ་བུར་དུ་ལྷུང་ན་བཟེ་རེ་ཅི་ཡང་མི་བྱེད། འཁོར་བའི་རང་བཞིན་སྐྱེ་རྒ་ན་འཆི་ཡིན་པས་བདེ་ཞིང་ཐང་སྐབས་ནད་ཡམས་གློ་བུར་དུ་བྱུང་སྐབས་ཀྱང་རེ་དོགས་གང་ཡང་མི་དགོས། འདུས་མཐའ་འབྲལ་བའི་ཆོས་ཉིད་ལ་ངེས་རྟོགས་ལྡན་པས་གཉེན་ཉེ་དགའ་བཟང་གློ་བུར་དུ་གྲོངས་སྐབས་ཀྱང་སྡུག་ཆེན་པོས་མི་ནོན། དེའི་ཕྱིར། ནང་ཆོས་ལས་མི་ཚེའི་བདེ་སྡུག་སྣ་ཚོགས་ལ་སྤྱིར་འཇིག་རྟེན་གྱི་མིའི་ངེས་རྟོགས་ལས་རིང་དུ་འདས་པའི་གདོང་ལེན་བྱེད་ཐབས་མང་པོ་བསྟན་ཡོད།
སྔོན་ང་རང་ནང་ཆོས་ལ་དད་མོས་མེད་པའི་ཤེས་ལྡན་མི་སྣ་ཞིག་དང་འཕྲད་ཅིང་ཡུན་ཐུང་བའི་ཁ་བརྡ་ཞིག་ཀྱང་བྱས་པ་ཡིན། ཁོས་ཁྱོད་ཅག་ནང་པའི་ཆོས་ཀྱིས་ཐབས་གཞན་ཞིག་གིས་མི་ཚེ་ལ་འགྲེལ་བརྗོད་བྱེད་པས་ཤིན་ཏུ་ལེགས་པོ་ཞིག་རེད་ཨང་ཞེས་ཟེར། དེས་ཅིའི་ཕྱིར་དེ་སྐད་སྨྲ་ཞེ་ན། དེ་ཡང་སྐྱེ་བ་ནས་འཆི་བའི་བར་དུ་འཇིག་རྟེན་གྱི་མིས་འཛིན་སྟངས་ཕལ་བ་ཞིག་གིས་མི་ཚེ་ལ་གོ་བ་ལེན་པས་མཇུག་མཐར་སྡུག་བསྔལ་གྱི་ཆུ་བོར་འཕག་འཚག་རྒྱག་པ་ལས་མི་འོང་། ཡིན་ཡང་ཆོས་ལ་བསླབས་པའི་མི་དག་གིས་ཟུར་གཞན་ཞིག་ནས་མི་ཚེ་ལ་གོ་བ་ལེན་པས་མི་ཚེ་ཡང་རྣམ་པ་ཐ་དད་པའི་ལམ་ཞིག་ནས་བགྲོད་པ་རེད།
ལ་ལ་ཆོས་ལ་བསླབས་རྗེས་གཞན་གྱི་འཕྱ་སྨོད་ཀྱི་ཡུལ་དུ་གྱུར་པར་དོགས་ཏེ་སེམས་སུ་མི་འདོད་པ་མང་པོས་ཁེངས་འདུག དོན་དུ་དེ་ལ་འཚེར་སྣང་སྐྱེ་དགོས་པ་ཞིག་གང་ཡང་མེད། ཇི་སྐད་དུ་གནའ་བོའི་བཤད་རྒྱུན་ཞིག་ལ།
ཆེན་པོས་གནས་ལུགས་ཐོས་པ་ན། །
བརྩོན་པས་ལག་ཏུ་ལེན་པར་བྱེད། །
འབྲིང་གིས་གནས་ལུགས་ཐོས་པའི་ཚེ། །
སྐབས་རེར་ཡོད་ཅིང་ལན་རེར་མེད། །
ཆུང་ངུས་གནས་ལུགས་ཐོས་པའི་སྐབས། །
གད་མོ་ཆེན་པོས་ཁྲེལ་ཞིང་དགོད། །
ཅེས་ཟེར། སྐྱེས་བུ་ཆེན་པོ་དག་གིས་གནས་ལུགས་ཡང་དག་ཐོས་རྗེས་དན་དན་ཏིག་ཏིག་གིས་ལག་ལེན་དུ་འདེབས་ཤིང་། སྐྱེས་བུ་འབྲིང་གིས་ཐོས་ཚེ་བག་ཡོད་ཀྱིས་ཟིན་ན་སྒྲུབ་ཅིང་བག་མེད་ཀྱི་དབང་དུ་སོང་ཚེ་མི་སྒྲུབ། སྐྱེས་བུ་ཆུང་ངུས་ཐོས་རྗེས་དང་ལེན་མི་བྱེད་པ་མ་ཟད་གད་མོ་ཆེན་པོས་ཁྲེལ་དགོད་བྱེད་པ་རེད་ཅེས་པའི་དོན་ཡིན། ཆོས་ལ་བསླབས་རྗེས་དགའ་བ་ཁྱད་དུ་འཕགས་པ་ཞིག་རྒྱུད་ལ་དལ་གྱིས་སྐྱེ་བར་འགྱུར་བ་མཐོང་བས་དངོས་གནས་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། དེའི་ཕྱིར། གཞན་གྱིས་ཁྲེལ་དགོད་བྱེད་སྐབས་དེ་གཟི་བརྗིད་ཅིག་ཏུ་རྩི་དགོས་པ་ལས་ངོ་ཚ་དགོས་དོན་ཞིག་ཅི་ཡང་མེད།
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
མཁན་པོ་བསོད་དར་རྒྱས་ནི་སྤྱི་ལོ་༡༩༦༢ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་ལི་ཁོག་སྨད་མར་སྐུ་འཁྲུངས། སློབ་གྲྭ་ཆུང་འབྲིང་དང་དགེ་འོས་སློབ་གྲྭ་བཅས་མཐར་ཕྱིན་རྗེས། ༡༩༨༥ལོར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕེབས་ཏེ་
༧ཆོས་རྗེ་ཡིད་བཞིན་ནོར་བུ་བླ་མར་བསྟེན་ཅིང་དགའ་སྤྱད་དང་སློབ་སྦྱོང་ནན་ཏན་མཛད་པས་མཁན་པོར་མངའ་གསོལ། ཆོས་རྗེ་མཆོག་གི་བཀའ་ལྟར་བླ་རུང་རྒྱལ་སྤྱིའི་སློབ་ཚོགས་རྣམས་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་སུམ་ཅུ་ལྷག་སོང་། དེའི་རིང་དུ་སྐུ་ངལ་དང་དཀའ་བ་མང་པོ་ཁྱད་དུ་བསད་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་འཆད་ཁྲིད་གནང་ཞིང་བསྟན་པ་སྤེལ་བར་མཛད། ལྷག་པར་དུ་བོད་རྒྱའི་ཡིག་སྒྱུར་སྐོར་དང་བརྩམས་ཆོས་མང་པོ་མཛད་ཅིང་འགྲེམ་སྤེལ་བྱས། དཔེར་ན་མི་ཚེའི་དཀའ་སྡུག་ཅེས་པའི་དེབ་ཁྲོམ་རར་བཀྲམ་པའི་ཉིན་༤༥རིང་ལ་དེབ་ཁྲི་༣༠བརྒལ་བ་བྲིན་པར་གྱུར་པ་སོགས་མང་།༡༩༩༠ ལོ་ནས་ ༡༩༩༩ ལོའི་བར་དུ་ཆོས་རྗེ་མཆོག་དང་ལྷན་ཡོ་རོབ་དང་ཨ་རི། ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་ཁག་ཏུ་ཕེབས་ཤིང་། ཉེ་བའི་ལོ་ཤས་རིང་། ཆིན་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན། ཧོང་ཀོང་སློབ་ཆེན་སོགས་རྒྱལ་ཕྱི་ནང་གི་སློབ་གླིང་ཆེ་ཁག་བརྒྱ་ཕྲག་ལྷག་ཏུ་གདན་ཞུས་ལྟར་ཕེབས་ཏེ་དགེ་སློབ་མང་པོ་དང་མཉམ་དུ་བསམ་བློ་
བརྗེ་རེས་མཛད་ནས་ནང་ཆོས་ཀྱི་དགོངས་དོན་ཁ་གསལ་གོ་བདེའི་ལུགས་སུ་ལྷུག་པོར་བཀྲལ་ཏེ་སློབ་མ་མང་པོར་ཕན་བདེའི་གསོས་སྨན་རྒྱ་ཆེར་བསྩལ། བོད་ཁུལ་དུ་སློབ་གྲྭ་ཆུང་འབྲིང་བཙུགས་པ་སོགས་དགེ་ལས་སྐོར་གྱི་ཕྱག་ལས་རྒྱ་ཆེར་མཛད།
༧ ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུས།
དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
རིས་མེད་འགྲོ་ལ་ཆོས་ཀྱི་ཆར་ཆེན་འབེབས། །
བསླབ་གསུམ་མཛོད་འཆང་བསོད་ནམས་དར་རྒྱས་མཆོག །
སྐུ་ཚེ་མི་འགྱུར་ཡུན་དུ་བཞུགས་གསོལ་འདེབས། །
ཐུགས་བསྐྱེད་རི་བོང་འཛིན་པའི་འོད་སྣང་གིས། །
ལྔ་བདོའི་མུན་པ་དབྱིངས་སུ་བསྙིལ་ནུས་ཤོག།
ཅེས་བདེན་ཚིག་གྲུབ་པའི་གསུང་གིས་བསྔགས་པ་ལྟར་སྐུ་འཚོ་ཞིང་བསྟན་
འགྲོར་ཕན་པའི་མཛད་བཟང་སྐྱོང་བཞིན་ཡོད།
རྩོམ་སྒྲིག་པས།