༤ ནད་འགའ་ཞིག་སངས་རྒྱས་བཅོམ་ལྡན་འདས་ལ་འཆོས་པར་གསོལ་དགོས།
༤.ནད་འགའ་ཞིག་སངས་རྒྱས་བཅོམ་ལྡན་འདས་ལ་འཆོས་པར་གསོལ་དགོས།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ད་ལྟ་ཤེས་ཟིན་པའི་མིའི་རིགས་ཀྱི་ནད་རིགས་ལ་ཕལ་ཆེར་ཁྲི་ཕྲག་གསུམ་ཙམ་ཡོད་ཅིང་དེའི་ནང་ནས་ཁྲི་ཕྲག་གཅིག་ཙམ་སྟེ་སུམ་ཆ་གཅིག་ཙམ་གྱི་ནད་རིགས་ནུས་པ་དང་ལྡན་པས་འཆོས་སུ་རུང་ལ་གཞན་ཕལ་མོ་ཆེ་རྣམས་དེང་རབས་ཀྱི་གསོ་བ་རིག་པས་གནས་སྐབས་སུ་འཆོས་པའི་ཐབས་མེད། ཅེས་སྤྱི་བསྒྲགས་བྱས།
དུས་ཡུན་རིང་པོར་དྲག་ནད་ཀྱིས་བཟུང་བའི་མི་རྣམས་མཚན་མོར་ཉལ་སྐབས་རྟག་ཏུ་འགྲེ་ལྡོག་རྩོམ་ཞིང་གཉིད་མི་ཁུགས། ལུས་མལ་སར་ཇི་ལྟར་ཕབ་ཀྱང་བདེ་བའི་སྐབས་མེད་ཅིང་ཐ་ན་རྒྱུན་ལྡན་གྱི་འཚོ་བ་ཡང་སྐྱོང་མི་ཐུབ་པས་ཞག་མ་ལོ་ཡི་འཁོར་མོ་རུ་བརྟགས་ཏེ་སྡོད་དགོས། ཁོ་ཚོ་རྟག་པར་ཁྲོ་སླ་བས་ཅུང་མི་འགྲིག་པ་ཙམ་གྱིས་ཞེ་སྡང་མེ་འབར་འབར་བྱེད་ཅིང་། གཞན་གྱི་བྱ་བ་ཡོད་ཚད་མིག་ནང་གི་ཚེར་མ་ལྟ་བུར་མཐོང་ཞིང་གཤིས་ཀ་ཡང་སྔར་ལས་ཨུ་ཚུགས་ཅན་ཞིག་ཏུ་འགྱུར། དེའི་ཚེ་གཞན་གྱིས་བདག་སྐྱོང་བྱེད་སེམས་ཆེ་ཡང་
དེས་ནི་གཅིག་མི་འདོད་གཉིས། གཉིས་མི་འདོད་གསུམ་ལྟ་བུ་རྟག་ཏུ་བྱེད་ཅིང་ཐ་ན་ཚིག་ངན་གྱི་མཚོན་ཆ་ཡང་འདེབས་པ་རེད།
འཇིག་རྟེན་གྱི་མི་རྣམས་ནད་ཀྱིས་མནར་སྐབས་འཆི་བ་ཐོལ་བྱུང་དུ་མགོ་ཐོག་ལ་ལྷུང་བར་དོགས་ཏེ་རྟག་ཏུ་འཇིགས་ཤིང་སྐྲག་པ་དང་མལ་སར་སྡོད་མི་ཚུགས་པར་འགྱུར། བར་ཆད་དང་རྐྱེན་ངན་གྱི་དབང་དུ་སོང་སྟེ་མི་ལམ་མམ་ཉིན་དཀར་གྱི་སྣང་བ་ལ་ཡང་འཁྲུལ་སྣང་མང་པོ་བྱུང་ནས་ལུས་སེམས་བག་མི་ཕེབ་ཅིང་ཨ་འཁྲུལ་ཡང་འཁྲུལ་གྱི་རྒྱ་ཆེན་པོ་རུ་ཚུད་ཅིང་། དེའི་རྐྱེན་གྱིས་མི་ལ་ལས་ནི་རང་གསོད་བྱེད་པའི་མིག་རྒྱང་ཐུང་ངུའི་ལམ་ཁ་འདེམ་པ་རེད།
སྟོན་པ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དྲན་པ་ཉེ་བར་བཞག་པ་ལས།
ན་བའི་སྡུག་གིས་སེམས་ཅན་ཚེ་སྲོག་གཅོད། །
ན་འདི་ཡང་ནི་འཆི་བདག་ལས་ཀྱིས་མངགས། །
སེམས་ཅན་རྣམས་ཀྱིས་དེ་ཡི་སྡུག་མྱོང་ཞིང་། །
སྡུག་བསྔལ་འདི་ནི་སྨྲ་བསམ་རྗོད་དུ་མེད། །
ཅེས་གསུངས། དེ་བདེན་ཏེ་ང་ཚོ་ནད་ཀྱིས་མནར་སྐབས་སྡུག་བསྔལ་བཟོད་དུ་མེད་པ་ཞིག་མྱོང་དགོས་པ་རེད། ནད་ཀྱིས་མི་མནར་བའི་ཚེ་ཅི་ཡང་མ་ཤེས་མི་ཚོར་ཞིང་སྟབས་མ་ལེགས་པར་ནད་ཀྱིས་མནར་ཏེ་སྨན་ཁང་དུ་ཕྱིན་ནས་བརྟགས་པས་ད་གདོད་རང་གཞན་ཚང་མ་སྡུག་བསྔལ་བཟོད་དུ་མེད་པ་ཞིག་གིས་མནར་རོ། །
ལྷག་པར་དེང་གི་སྤྱི་ཚོགས་སུ་ནད་རིགས་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་ལྡང་བས། ལུས་པོའི་སྟེང་གི་འབྱུང་བཞི་མི་སྙོམ་པ་ཡིན་ཡང་འདྲ། བསམ་པའི་སྟེང་གི་དོགས་འཚེར་གྱི་ནད་དང་ཁེར་རྐྱང་གི་ནད་ཡིན་ཡང་འདྲ། མི་ཧ་ཅང་མང་པོས་གང་སར་སྨན་པ་བསྟེན་ཀྱང་ནུས་པ་གང་ཡང་མི་ཐོན།
ནང་ཆོས་ལས་ནད་འབྱུང་བའི་རྒྱུ་རྐྱེན་ལ་གཉིས་ཡོད་པར་གསུངས་ཏེ་གཅིག་ནི་སྐྱེ་བ་སྔོན་མའི་ལས་ཡིན་པ་དང་གཉིས་པ་ནི་སྐྱེ་བ་འདི་ཡི་ཕྱི་རྐྱེན་ཡིན། ཕྱི་མ་དེ་ཉིད་ལྟོས་བཅས་ཀྱིས་སྨན་བཅོས་བྱེད་སླ་ཡང་སྔ་མ་དེ་ནི་ཕྱིའི་སྨན་རྫས་ཙམ་གྱིས་འཆོས་ཤིན་ཏུ་དཀའ་བས་དེའི་ཚེ་ནང་ཆོས་ཀྱི་བསམ་བློ་ཀྱིས་རམ་འདེགས་ཞུ་དགོས།
ངས་མི་ཞིག་ངོ་ཤེས་ཤིང་སྔོན་དེ་ལ་དལ་ནད་ཧ་ཅང་ཚབས་ཆེན་ཞིག་ཕོག་འདུག་ཅིང་། སྨན་ཁང་ཆེན་མོ་འགའ་ཞིག་ལ་སོང་ནས་སྨན་བཅོས་ལ་ཁྲི་དྲུག་ལྷག་བཏང་ཡང་ཕན་པ་ཆེན་པོ་གང་ཡང་མ་ཐོན། རེ་ཆད་ཀྱི་གཡང་དུ་ལྷུང་བའི་ཚེ་དེས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སྒྱུ་འཕྲུལ་ལ་བསྐོར་བ་བྱས་ན་སེམས་སྙོམ་པ་དང་ནད་འཆོས་པ་ལ་ཕན་ཆེན་པོ་ཡོད་པ་ཐོས་ནས་དེར་སླེབས་ཤིང་སྒྱུ་འཕྲུལ་ལ་ཕྱག་དང་བསྐོར་བ་བྱས། དེ་ནས་འཇའ་ལུས་སུ་གཤེགས་པའི་གྲུབ་ཆེན་ཞིག་གི་མཆོད་རྟེན་ལ་བསྐོར་བ་བྱེད་དུ་སྡེ་དགེ་ཕྱོགས་སུ་སོང་། དེས་ཐབས་འདི་དག་དང་ལུས་པོ་གསོ་ཐབས་འགའ་ཞིག་དང་ཟུང་དུ་སྦྲེལ་ཏེ་བཅོས་པས་མཇུག་མཐར་ལོ་གཅིག་བྱེད་ཀྱང་མ་དགོས་པར་ནད་ཡོད་ཚད་སངས་དྲག་ཏུ་སོང་བ་རེད།
རྒྱུན་ལྡན་འཚོ་བའི་ནང་དུ་ནད་ཁ་ཤས་ལ་སྨན་རྫས་ཀྱིས་ཐབས་རྡུགས་ཤིང་ཐ་ན་ཞོར་གནོད་ཚབས་ཆེན་མང་པོ་ཡང་སྐྱེད་སྲིད། དེའི་ཚེ་གཟུངས་སྔགས་འདོན་པ་དང་བསྐོར་བ་བྱེད་པ། ཕྱག་འཚལ་བ། སྡིག་པ་བཤགས་པ། སྨོན་ལམ་བརྗོད་པ་སོགས་རྒྱལ་བ་སྲས་དང་བཅས་ཕ་ལ་གསོལ་འདེབས་བྱེད་པའི་ཐབས་ལ་བརྟེན་ན་དེའི་བྱིན་གྱིས་རླབས་པའི་མཐུས་བསམ་ཡུལ་ལས་འདས་པའི་ནུས་པ་ཐོན་ཡང་སྲིད། འདིའི་སྐོར་གྱི་ལོ་རྒྱུས་གནའ་དེང་གང་དུ་ཡང་ཤིན་ཏུ་མང་།
སྔོན་སེ་ར་ཐེག་ཆེན་གླིང་དུ་ལོ་ན་བཅུ་བཞིར་སོན་པའི་གྲྭ་པ་ཆུང་ཆུང་ཞིག་ཡོད་ཅིང་མིང་ལ་ཡེ་ཤེས་ཟེར། ཐེངས་ཤིག ཁོའི་སོ་ལ་ཟུག་རྔུ་ཆེན་པོ་ལྡང་ཞིང་མ་འགལ་གཉན་གྱིས་བཟུང་ནས་སྦོས་ཤིང་སྐྲངས་བར་གྱུར་པ་དང་ཟ་མ་བཟའ་མི་ཐུབ་ཅིང་སྐད་ཆ་ཡང་སྨྲ་མི་བཏུབ་པར་གྱུར། སྐབས་དེར་ཡེ་ཤེས་ཀྱི་ཨ་ཁུས་ཁོ་ཉིད་རབ་བྱུང་བ་རྒས་པ་ཞིག་གི་མདུན་དུ་ཁྲིད། རབ་བྱུང་བ་རྒས་པ་དེས་གཟུངས་སྔགས་ཤིག་གསལ་ལ་མི་གསལ་བར་ཤུབ་བུར་ཟློ་བཞིན་ཁ་ཕྱིར་འཁོར་ནས་སྒྲོས་སྐྲངས་སུ་གྱུར་པའི་མ་འགལ་ལ་ཕུ་ཞིག་བཏབ་ཅིང་གཟའ་འཁོར་གཅིག་ལ་བར་མ་ཆད་པར་དེ་ལྟར་བྱས།
ཉིན་བརྒྱད་པར་རབ་བྱུང་བ་རྒས་པ་དེས་སྦོས་སྐྲངས་སུ་གྱུར་པའི་གནས་དེར་ཕུ་ཆེན་པོ་ལན་གསུམ་དུ་བཏབ། གནས་དེ་གློ་བུར་དུ་ཁ་གས་ནས་རྣག་ཁྲག་ཕྱི་རུ་ལམ་གྱིས་བཞུར། དེ་ནས་ཡེ་ཤེས་ཀྱི་སོ་གཟེར་ཡང་ཡ་མཚན་པའི་ངང་ནས་སངས་དྲག་ཏུ་སོང་ངོ་། །
ནང་ཆོས་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། དངོས་ཡོད་འཚོ་བའི་ནང་དུ་ལུས་སེམས་ལ་སེལ་མི་ནུས་པའི་ནད་དང་སྡུག་བསྔལ་འབྱུང་སྐབས་སངས་རྒྱས་བཅོམ་ལྡན་འདས་ལ་བྱིན་རླབས་ཤིག་ཞུས་དང་། ཁྱོད་ལ་བསམ་ཡུལ་ལས་འདས་པའི་ལེགས་སྐྱེས་ཤིག་བྱིན་ན་ཡང་ཐང་ངོ་། །