༩ མཐོ་ཨ་སྔོན་མཐོ་བ་མིན་ཞིང་། །ནང་འདོད་སྲེད་མཐོ་བ་ངོ་མ། །
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
འདོད་སྲེད་ཆེས་ཆེར་འཕེལ་བའི་མི་ལ་དངོས་པོ་མང་པོ་དབང་རུང་དུས་དང་རྣམ་པ་ཀུན་ཏུ་དབུལ་པོའི་འདུ་ཤེས་ལས་མེད། མི་འདི་དག་གིས་གལ་སྲིད་རང་སེམས་མ་ཐུལ་ན་ཕྱིའི་དངོས་པོ་ཁོ་ན་ལ་བརྟེན་ནས་རེ་འདོད་སྐོང་བསམས་པ་ནི་གནམ་ལ་འཛེགས་པ་ལྟར་ཤིན་ཏུ་དཀའ།
མི་ཞིག་གི་འདོད་སྲེད་ཀྱི་ཁ་མ་གང་ན་རང་གིས་འདོད་པའི་དངོས་པོ་ལག་ཏུ་མི་ཐོབ་པ་མ་ཟད་རང་ལ་དབང་བའི་དངོས་པོ་དག་ཀྱང་འཇིག་ཤིན་ཏུ་སླ་བ་ཡིན་ནོ། །
སྔོན་ཝང་ཕོ་བྱ་བའི་བུད་མེད་ཅིག་ཡོད་ཅིང་ཆང་བཙོངས་ནས་འཚོ་ཚིས་སྒྲུབ་པ་རེད། ཏོ་པ་ཞིག་རྟག་ཏུ་མོའི་སར་ཆང་འཐུང་དུ་ཡོང་བཞིན་ཡོད་ཅིང་ཆང་རྫ་བརྒྱ་ཕྲག་འགའ་ཞིག་བཏུངས་ཀྱང་ཆང་གླ་ཡི་སྒོར་མོ་མ་བྱིན། ཝང་ཕོས་ཀྱང་སྒོར་མོ་དགོས་སྐད་མ་བཤད། ༼མཆན། ཏོ་པ་ནི་ཏོ་ཅོའི་ཆོས་ལུགས་སྒྲུབ་མཁན་གྱི་གང་ཟག་ལ་ཟེར་རོ། །༽ཉིན་ཞིག་ཏོ་པ་དེ་ན་རེ། ངས་ཁྱོད་ཀྱི་ཆང་ཧ་ཅང་མང་པོ་འཐུང་ཞིང་སྒོར་མོ་ཡང་ལ་སྤྲད།
ཁྱོད་ལ་ཁྲོན་པ་ཞིག་འདྲུ་རྒྱུ་ཡིན་པས་དེས་རིན་ཚབ་བྱེད་དོ་ཞེས་སྨྲས། དེ་ནས་ར་སྐོར་ནང་དུ་ཁྲོན་པ་ཆུང་ཆུང་ཞིག་དྲུས་ཤིང་ཁྲོན་པ་ལས་བླངས་པའི་ཆུ་ཡོད་དོ་ཅོག་ཞིམ་མངར་གྱི་རྒུན་ཆང་དག་དག་ཏུ་གྱུར་འདུག དེ་ནས་བཟུང་ཝང་ཕོས་ཆང་སྙོལ་མི་དགོས་པར་ཁྲོན་པ་ལས་ཆང་བཅུས་ནས་བཙོངས་པ་ཙམ་གྱིས་ཆོག
སྐབས་ཤིག་གི་རྗེས་ཏོ་པ་དེ་ཉིད་སླར་ཡང་སླེབས་ཤིང་ཝང་ཕོ་ལ་ཆང་ལེགས་སམ་མི་ལེགས་ཞེས་དྲིས། ཝང་པོས་ཆང་ཧ་ཅང་བཟང་རུང་ཕག་ལ་སྟེར་རྒྱུ་སྦང་མ་མི་འདུག་པས་ཕངས་པ་ལ་ཨང་ཞེས་སྨྲས་ཏེ་འཁང་ར་བརྗོད། ཏོ་པ་དེས་ཐོས་རྗེས་གད་མོ་ཆེན་པོ་དགོད་བཞིན་གྱང་ངོས་སུ་ཚིགས་སུ་བཅད་པ་འདི་སྐད་བྲིས།
གནམ་ཨ་སྔོན་མཐོ་བ་ཅི་ཡིན། །
མཐོ་ངོ་མ་མི་ཡི་ཧམ་སེམས། །
ཆང་ཁྲོན་པས་ཉོ་ཚོང་བྱས་ཀྱང་། །
དེས་ད་དུང་སྦང་མ་མེད་ཟེར། །
དེ་ལྟར་བྲིས་ཟིན་རྗེས་ཁྲོན་པ་དེ་ལས་ཕྱིས་ཆང་ཐོན་རྒྱུ་མེད་པར་གྱུར་ཏོ། །
དེའི་ཕྱིར་འདོད་སྲེད་ཆེས་ཆེར་འཕེལ་བའི་མི་ལ་དངོས་པོ་མང་པོ་དབང་རུང་དུས་དང་རྣམ་པ་ཀུན་ཏུ་དབུལ་པོའི་འདུ་ཤེས་ལས་མེད། མི་འདི་དག་གིས་གལ་སྲིད་རང་སེམས་མ་ཐུལ་ན་ཕྱིའི་དངོས་པོ་ཁོ་ན་ལ་བརྟེན་ནས་རེ་འདོད་སྐོང་བསམས་པ་ནི་གནམ་ལ་འཛེགས་པ་ལྟར་ཤིན་ཏུ་དཀའ།
མི་ལ་ལ་ཞིག་ནི་གསོན་སྐབས་འདོད་སྲེད་ཅན་ཞིག་ཡིན་པ་མ་ཟད་འཆི་ཁར་ཡང་ཁབ་སྐུད་པ་བློ་ཡིས་མི་ཐོང་། དེ་ཡང་དཔེ་ཆ་བའི་ལས་དབང་ཞེས་པའི་བརྩམས་སྒྲུང་ནང་གི་ཡན་ཅིང་ཧྲིང་དང་མཚུངས་ཏེ་འཆི་ཁར་དབུགས་འཆད་མི་ཐུབ་པར་རྟག་ཏུ་མཛུབ་མོ་གཉིས་བསྒྲེངས་པ་རེད།
ཚ་བུ་ཆེན་པོས་ད་དུང་གཉེན་ཉེ་གཉིས་ལ་མ་འཕྲད་པ་ཡིན་ནམ་ཞེས་དྲིས། ཁོས་མགོ་བོ་གཡུགས།
ཚ་བུ་གཉིས་པས་དངུལ་ཚོ་གཉིས་ཙམ་ཐག་གསལ་བོར་མ་ཆོད་པ་ཡིན་ནམ་ཞེས་དྲིས། ཁོས་ད་དུང་མགོ་བོ་གཡུགས།
མཐར་ཆུང་མ་ན་རེ། གཞིས་བདག་ལགས། ཁྱོད་ཀྱིས་གང་དུ་སེམས་ངལ་བྱེད་བཞིན་འདུག་པ་ངས་གོ་སོང་། དེ་ནི་སྒྲོན་མེའི་ནང་གི་སྡོང་བུ་གཉིས་པོས་སྣུམ་མང་དུ་འཛད་པ་ལ་སེམས་ངལ་བྱེད་པ་རེད། ཁྱོད་སེམས་བདེ་མོ་གྱིས། ངས་གཅིག་མར་ལེན་ཆོག་ཅེས་བཤད་དེ་བླངས་པས།
ཡན་ཅིང་ཧྲིང་གིས་དེའི་ཚེ་གཟོད་མགོ་ལྕོག་ལྡེམ་ཙམ་བྱས་ནས་ལག་པ་མལ་སར་བཞག་སྟེ་དབུགས་མིད་ནས་ཤི་བ་རེད།
ཡན་ཅིང་ཧྲིང་འཆི་ཁར་ཡང་སྒྲོན་སྣུམ་ཕྲན་ཙམ་དེ་བློ་ཡིས་མི་ཐོང་། ད་སྐབས་རྒྱུ་ནོར་གྱི་ཆེད་དུ་ཤི་ཡང་མིག་མི་བཙུམ་པའི་མི་ཧ་ཅང་གིས་མང་། འཆི་ལ་ཐུག་སྐབས་ལ་ལས་བསགས་དངུལ་བློ་ཡིས་མི་ཐོང་ཞིང་ལ་ལས་སྡོད་ཁང་བློས་མི་ཐོང་། ལ་ལས་ནི་རླངས་འཁོར་བློས་མི་ཐོང་བ་སོགས་སོ། །
དོན་དམ་པར་རྒྱུ་ནོར་གྱིས་གནས་སྐབས་ཀྱི་བདེ་བ་ཙམ་སྟེར་ཐུབ་པ་ལས་སྡུག་བསྔལ་དྲུངས་ནས་འབྱིན་མི་ནུས། མི་ལ་ལ་དག་འཚོ་བ་ཤིན་ཏུ་སྟབས་བདེ་ཞིང་གོན་རྒྱུ་གྱོན་གོས་དང་བཟའ་རྒྱུ་ཟ་མ་སོགས་ཡོད་ཚད་ངན་ངོན་ཙམ་ཡིན་ཞིང་འདི་དག་གིས་ཅི་ཞིག་སྟེར་ནུས་ཤེ་ན།
དེ་ནི་འདོད་སྲེད་ལས་རིང་དུ་བརྒལ་བའི་ནང་སེམས་ཀྱི་རང་དབང་དང་བློ་བདེ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་གྱི་རྒྱུ་ནོར་ཡོད་དོ་ཅོག་གིས་ནང་བསམ་པའི་སྟེང་གི་ཡིད་ཚིམས་དང་ཤེས་རབ་ཀྱི་དོ་ཟླ་ནམ་ཡང་ཕེར་མི་ནུས་སོ། །
ནང་ཆོས་ལ་ཅིའི་ཕྱིར་ནང་རིག་པ་ཞེས་འབོད་དོ་ཞེ་ན། ནང་ཆོས་ནི་ནང་སེམས་ཀྱི་ཤེས་རབ་ཀྱི་ཁོངས་སུ་གཏོགས་པ་ལས་ཕྱི་རོལ་གྱི་དངོས་པོ་ཙམ་ལ་ཞིབ་འཇུག་བྱེད་པ་ཙམ་མམ་གནད་དོན་ཕྱོགས་གཅིག་ཙམ་ཐག་གཅོད་བྱེད་ནུས་པ་ཁོ་ན་མ་ཡིན་པའི་རྐྱེན་གྱིས་རེད། ནང་ཆོས་ཀྱིས་ཉོན་མོངས་པ་ཐམས་ཅད་ལུས་པ་མེད་པར་སེལ་ནུས་ཤིང་དེ་བཞིན་ནང་སེམས་ལ་རྟོགས་པ་ཡང་བརྙེས་སྲིད་པས་འཛམ་བུ་གླིང་འདི་ད་གདོད་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་ནུས།