༡༡ ཁེ་ཆུང་བྲིན་ས་ནས་ཁེ་ཡང་འབོར་སྲིད་པས་ཆགས་པས་ཅི་ཞིག་བྱེད།
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
རྒྱུ་ནོར་ལ་ཞེན་ཆགས་ཆེ་བའི་འཇིག་རྟེན་འཁོར་བའི་མི་ཞིག་ལ་གནས་སྐབས་སུ་གཟི་བརྗིད་ལྡན་རུང་མཐར་འབྲས་ཡིད་དུ་མི་འོང་བ་ཁོ་ཐག་ཡིན་ཞིང་།རྒྱུ་ནོར་ལ་ཞེན་ཆགས་ཆེ་བའི་ཆོས་པ་ཞིག་གིས་ནི་ཉིན་མགོ་མཇུག་ཏུ་སྒོར་མོ་ཇི་ལྟར་སྒྲུབ་པ་ལ་བློ་སེམས་གཏོད་པས་ཆོས་གང་ཡང་མི་འགྲུབ་པའི་རྒྱུ་ཁོ་ན་རེད།
ད་སྐབས་ཀྱི་དུས་རབས་འདིར་མི་རྣམས་ཀྱི་འདོད་ཧམ་ཚད་ལས་བརྒལ་ཞིང་ཕྱིའི་དངོས་པོའི་སྟེང་ནས་ཅི་འདོད་འཛོམས་ཀྱང་ནང་སེམས་ཀྱི་གནམ་རིག་གྲངས་འབོར་དེའི་ཆེད་དུ་བློ་ཐབས་ཡོད་དགུ་རྩལ་སྤྲུགས་བྱེད།༼མཆན།གནམ་རིག་གྲངས་འབོར།གནམ་རིག་པས་སྤྱད་བྱའི་གྲངས་གནས་ནི་ཐེར་འབུམ་རབ་བཀྲམ་སོགས་གྲངས་གནས་ཆེན་པོ་དག་གིས་རྩི་གཞི་བྱེད་པས་དེས་ཀྱང་གྲངས་འབོར་ཆེན་པོ་དག་མཚོན་པར་བྱེད་དོ།།༽ཁོ་ཚོས་སྒོར་ཁྲི་ཕྲག་བཅུ་ཡོད་ན་ཁྲི་ཕྲག་ཉི་ཤུ་འདོད་ཅིང་ཁྲི་ཕྲག་བརྒྱ་ཡོད་ན་འབུམ་ཕྲག་བརྒྱ་འདོད།
ཐེངས་ཤིག་ང་རང་བོད་ཀྱི་ཡུལ་གྲུ་ཞིག་ཏུ་སོང་ཞིང་མི་ཞིག་གིས་ང་ཚོའི་ས་ཆ་འདིར་མི་འགའ་རེས་ལོ་རྟག་པར་སྡོད་ཁང་ལས་བཞིན་འདུགནམ་ཞིག་ཏུ་རྫོགས་རྒྱུ་རེད་ཅེས་ང་ལ་དྲིས།ངས་མིའི་འདོད་ཧམ་ལ་མཚམས་མེད་པ་དེ་སྲིད་དུ་སྡོད་ཁང་ཡང་ནམ་ཡང་ལས་མི་ཚར།ད་ལོ་ཆ་རྐྱེན་ཡོད་ན་བརྩེགས་གཉིས་ཅན་ལས་ཤིང་སང་ཕོད་ཆ་རྐྱེན་དེ་ལས་བཟང་ན་བརྩེགས་གསུམ་ཅན་ལས་རྒྱུ་རེད།འདོད་པ་ལོ་རེ་བཞིན་ཇི་ལྟ་ཇི་ལྟར་འཕེལ་བ་དེ་ལྟ་དེ་ལྟར་སྡོད་ཁང་ཡང་ལོ་རེ་བཞིན་ཇེ་མཐོར་འགྲོ་ཞེས་བཤད་པ་ཡིན།
འདོད་སྲེད་ཆེ་བའི་མི་ལ་མཚོན་ནས་བཤད་ན་ཁོ་གཅིག་པུ་ལ་འཇིག་རྟེན་འདིའི་ལོངས་སྤྱོད་ཐམས་ཅད་ལ་བདག་གིར་དབང་ཡང་ཡིད་ཚིམས་རྒྱུ་མ་རེད།
གློག་བརྙན་ལ་ལྟོས་དང་།གསར་ཤོག་ཀློགས་དང་།ད་ལྟ་ག་ས་གང་དུ་དཔལ་འབྱོར་གྱི་ནག་ཉེས་བཟོས་པའི་གསར་འགྱུར་གྱིས་གང་འདུགལྐོག་ཟ་རུལ་སུངས་དང་སྤྱི་རྫས་སྒེར་སྤྱོད་སོགས་ཉེས་ཅན་མང་པོས་ཉེས་པ་ངོས་ལེན་བྱས་ཏེ་དང་པོ་ངས་ཀྱང་འདི་ཁྲིམས་དང་འགལ་བ་ཡིན་པ་ཤེས།འོན་ཀྱང་སྒོར་མོའི་བསླུ་བྲིད་ཆེན་པོའི་འོག་ཏུ་འཕྲང་ལམ་ཡིན་ཡང་དེར་མི་འགྲོ་ཐབས་མེད་དུ་གྱུར་སོང་ཞེས་སོགས་བཤད་པ་རེད།
མདོ་སྡེ་ཞིག་གི་ནང་དུ་འདི་འདྲའི་གཏམ་རྒྱུད་ཅིག་ཡོད།
སྟོན་ཐོག་བསྡུ་བའི་དུས་སུ་མི་ཞིག་གིས་རྒྱ་སྲན་ཁུག་མ་གང་ཁུར་ནས་ལམ་དུ་ཆས།ལམ་བར་དུ་སྲན་ཁུག་ལྗོན་ཤིང་ཞིག་གི་འོག་ཏུ་བཞག་ནས་བཤང་གཅི་འདོར་དུ་སོང་།
དེའི་ཚེ་སྤྲེའུ་ཞིག་སྡོང་མགོ་ལས་བབས་ནས་རྒྱ་སྲན་སྤར་གང་བརྐུས་ཏེ་ཡར་སྡོང་མགོར་འཛེགས་སྐབས་རྒྱ་སྲན་ཞིག་ས་རུ་ལྷུང་།སྤྲེའུ་དེས་ལག་ནང་གི་རྒྱ་སྲན་སྤར་གང་བསྐྱུར་ནས་སྡོང་མགོ་ལས་བབས་པ་དང་མི་དེ་ཕྱིར་འཁོར་བ་དང་སྟབས་འགྲིག་པས་མི་དེས་རྡོ་ཞིག་བླངས་ཏེ་འཕངས་པས་སྤྲེའུ་ལས་ཟད་ནི་དེ་གར་བསད་པ་རེད།
ལམ་འགྲུལ་བས་གནས་ཚུལ་དེ་མཐོང་བ་ན་ཚིགས་སུ་བཅད་པ་ཞིག་སྨྲས།
སྲན་རིལ་གཅིག་གི་ཆེད་དུ། །
རྒྱ་སྲན་སྤར་གང་དོར་ཞིང་། །
དཀའ་བ་བརྒྱ་ཕྲག་སྐྱོང་བའི། །
སྤྲེའུ་ཇི་འདྲ་གླེན་པ། །ཞེས་སོ། །
དེའི་ཕྱིར་མདོ་སྡེ་རྒྱན་འགྲེལ་ལས་ཆོག་ཤེས་འབྱོར་བའི་མཆོག་ཅེས་གསུངས།འདོད་ཆུང་ཆོག་ཤེས་བསྟེན་མཁས་པའི་མི་ནི་ད་གདོད་ཕྱུག་རྒན་ཆེས་ཆེ་བ་ཡིན་ནོ།།འདོད་སྲེད་ལས་རིང་དུ་བྲལ་ཞིང་རང་དབང་བློ་བདེའི་བདེ་བ་ནི་ལྷ་ཡི་དབང་པོས་ཀྱང་ལོངས་སུ་སྤྱོད་མི་ནུས།ཡིན་ཡང་ཡིད་ཕངས་པ་ཞིག་ལ་མི་ཧ་ཅང་མང་པོས་གནས་ལུགས་འདི་མི་རྟོགས།