༢ མི་རྟག་པ་ཡིན་པར་ཤེས་ན་བརྩེ་དུང་གིས་ཀྱང་རྨས་མི་ནུས།
ལེའུ་གསུམ་པ།
མི་རྟག་པ་ནི་མི་ཚེའི་ནུས་པ་ཡང་དག་པ་ཞིག་ལ་སྒྱུར་དགོས།
ད་ལྟ་བརྩེ་དུང་ལ་ཞེན་ཆགས་ཆེན་པོ་བྱེད་ཀྱང་དེ་ནི་བྱིས་པའི་དུས་སུ་རྩེད་ཆས་ལ་ཞེན་ཆགས་བྱེད་པ་དང་འདྲ་སྟེ། ཆུང་དུས་རྩེས་ཆས་གཞན་གྱིས་འཕྲོག་སྐབས་ངུ་སྐད་ཀྱིས་རི་སྒུལ་མཚོ་སྐྱོམ་ལྟ་བུ་བྱེད། ཡིན་ཡང་ལག་ཆགས་རྗེས་སྔར་ལོ་ན་ཆུང་སྐབས་ཀྱི་བྱིས་བློ་མི་ཤེས་པ་ལ་ཕྱིར་དྲན་བགྱིད་སྐབས་ཐམས་ཅད་ཐང་གཅིག་གད་མོའི་ཡུལ་ཙམ་དུ་འགྱུར་རོ། །
དེང་གི་དུས་སུ་ལོ་ཉི་ཤུ་སུམ་ཅུར་ཐོན་ཚེ་མི་རྟག་པ་ལ་སློབ་སྦྱོང་ཞིག་བྱས་ན་ཤིན་ཏུ་བཟང་། ཅིའི་ཕྱིར་ཞེ་ན། ལོ་ཚོད་འདི་དག་གི་སྐབས་སུ་མི་ཧ་ཅང་མང་པོས་ཆེས་ཞེན་ཆགས་བྱ་ས་དེ་ནི་བརྩེ་དུང་ཡིན་པ་རེད། གལ་སྲིད་བརྩེ་དུང་གི་སྟེང་ནས་འགྱུར་བ་བྱུང་ན་སྡུག་བསྔལ་གསོན་མི་འདོད་པ་ཙམ་བྱེད། འོན་ཀྱང་གལ་ཏེ་མི་རྟག་པའི་རྒྱུ་མཚན་ཤེས་ན་ཆེས་དགའ་སའི་མི་དེ་རང་ཉིད་ལ་མ་དབང་བའམ་ཤོར་ཡང་རུང་སེམས་སུ་སྔ་ནས་གྲ་སྒྲིག་ཅིག་ཡོད་པས་ཐམས་ཅད་མི་རྟག་པར་ཤེས་ནས་ཡིག་འབྲུ་གསུམ་པོ་འདིས་རང་ཉིད་ལ་སྟངས་འཛིན་བྱེད་
ནུས།
ངེད་ཅག་བོད་དུ་ན་གཞོན་མང་པོ་ལ་དད་མོས་ལྡན་ཞིང་ནང་ཆོས་ཀྱི་མི་རྟག་པའི་བསམ་བློ་ལ་ཡང་རྒྱུས་ལོན་ཡོད་པས་དགའ་རོགས་འཐོར་བའི་སྐབས་སུ་སྤྱིར་བཏང་སྡུག་བསྔལ་ཆེན་པོས་མི་མནར་ཡང་རྒྱ་ནག་ཏུ་ནི་ཕལ་ཆེར་དེ་ལྟ་བུ་མིན་པ་འདྲ་སྟེ། ཁོ་ཚོ་རྟག་ཏུ་བརྩེ་དུང་གི་རྨོངས་པའི་རྒྱ་རུ་འཐོམས་ནས་ཐར་དུ་མེད་པས་ཤིན་ཏུ་སྙིང་རྗེ།
དོན་དུ་མི་ཞིག་ལ་དགའ་བ་ནི་བདག་གིར་བཟུང་བའི་རྨང་གཞིའི་སྟེང་ནས་དགའ་བཞིན་ཡོད། དེས་རང་ཉིད་ལ་མི་བརྩེ་བའམ་ཡང་ན་སེམས་པ་འགྱུར་ན་རང་ཉིད་ཀྱིས་བདག་གིར་བཟུང་ཐབས་མེད་པ་དེའི་ཚེ་ད་གདོད་སྡུག་བསྔལ་ཆེན་པོས་མནར་བ་རེད། གལ་སྲིད་ཁྱོད་ཀྱིས་དེའི་བརྩེ་དུང་ལ་ཆ་རྐྱེན་གང་ཡང་མེད་ན་དེས་བདེ་བ་ཐོབ་ན་རང་ཉིད་ཀྱིས་ཀྱང་སྐྱིད་སྣང་འཆར་བས་ཕན་ཚུན་བར་གྱི་འབྲེལ་བ་ཇི་ལྟར་གྱུར་རུང་རང་ཉིད་ལ་ཟུག་རྡུ་ལྡང་བའམ་རྨ་ཁས་མི་གཙེ། དེའི་ཕྱིར། བརྩེ་དུང་ཞེས་པ་འདི་རང་ཉིད་ལ་དུང་བ་ཡིན་ནམ་ཕ་རོལ་པོར་དུང་བ་ཡིན་པ་འདི་ལ་བརྟག་དཔྱད་ལེགས་པོ་བྱེད་དགོས།
གཞོན་ནུ་རྣམས་བརྩེ་དུང་གི་འགག་སྒོ་ལས་ཐར་དཀའ་ཞེས་སྨྲ་ཡང་ལོ་བཅུའམ་ཉི་ཤུའི་རྗེས་རང་ཉིད་ཀྱི་མི་ཚེ་ལ་ཕྱི་ལྟ་བྱེད་སྐབས་ཐང་གཅིག་གད་མོའི་ཡུལ་ཙམ་ལས་འཛིན་པ་གང་ཡང་མེད་པར་འགྱུར་རོ། །ད་ལྟ་ཁྱོད་ཀྱིས་བརྩེ་དུང་ལ་འཛིན་པ་ཆེན་པོ་བྱེད་པ་འདི་བྱིས་དུས་རྩེད་ཆས་ལ་ཞེན་འཛིན་ཆེན་པོ་བྱེད་པ་དང་ཤིན་ཏུ་འདྲ་སྟེ། ཆུང་དུས་རྩེད་ཆས་གཞན་གྱིས་འཕྲོག་སྐབས་ངུ་སྐད་ཀྱིས་རི་སྒུལ་མཚོ་སྐྱོམ་བྱེད། ཡིན་ཡང་ཆེ་རུ་ཕྱིན་རྗེས་སྔོན་གྱི་བྱིས་བློ་མི་ཤེས་པ་ལ་ཕྱིར་དྲན་བགྱིད་སྐབས་ཐམས་ཅད་ཐང་གཅིག་གད་མོའི་ཡུལ་ཙམ་དུ་འགྱུར་རོ། །
ལྷག་པར་དངོས་པོ་ཐམས་ཅད་མི་རྟག་པར་ངེས་ནས་ང་ཚོའི་མིག་སྔོན་གྱི་བྱ་བ་ཡོད་ཚད་དོན་དུ་སྐད་ཅིག་གཅིག་གིས་འགྱུར་བ་ཤེས་པ་དེ་ལྟ་ན་མ་འོངས་པའི་མི་ཚེའི་ནང་དུ་བརྩེ་དུང་ལ་བར་ཆད་བྱུང་བ་དང་གློ་བུར་དུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་སྐབས་ཐོག་ཁང་གི་སྟེང་ནས་མཆོངས་ཏེ་རང་གསོད་བྱེད་པའམ་གཉིད་སྨན་ཟ་བ་སོགས་བྱེད་མི་དགོས། དེའི་ཚེ་རང་ཉིད་ཀྱི་དགའ་རོགས་ཙམ་དུ་མ་ཟད་འཇིག་རྟེན་འདིའི་མི་ཡོད་དོ་ཅོག་གི་སེམས་མི་རྟག་པ་ཡིན་ཞིང་ལུས་ཀྱང་མི་རྟག་ཡིན་པ་དང་དངོས་པོ་ཐམས་ཅད་མི་རྟག་པ་ཡིན་པས་འགྱུར་བ་འདི་ནི་ཆོས་ཉིད་ཅིག་ཡིན་པར་སྙམ་དུ་སེམས་པར་བྱེད་ནུས།
ང་རང་སྔར་བུད་མེད་ཅིག་དང་འཕྲད། མོས་ཁྱོ་བོ་ལ་ཟུར་མཛའ་ཡོད་པ་ཐོས་ཚེ་ཆེད་དུ་རྒྱལ་ནས་ཧོང་ཀོང་ལ་འཕུར་ནས་སྤྱི་ལེ་བདུན་ཅུ་ཙམ་ཡོད་པའི་གནས་ཤིག་ཏུ་གབ་ནས་ཁྱོ་བོ་འཛིན་པའི་གྲ་སྒྲིག་བྱས། བུད་མེད་དེའི་སེམས་སུ་སྡུག་བསྔལ་ཤིན་ཏུ་ཆེ་ཞིང་སྔོན་ཁྱོ་བོས་མོ་ལ་ཤིན་ཏུ་གཅེས་ཟེར་བ་དང་ད་ལྟ་འདི་ལྟ་བུ་ཞིག་ལ་གྱུར་འདུག་པས་ངས་ཅི་ཞིག་བྱས་ན་བཟང་ཞེས་ང་ལ་དྲིས།
ངས་ནི་བུད་མེད་དེ་ལ་ཆོས་ཐམས་ཅད་མི་རྟག་པ་ཡིན་ཞིང་སྐྱེས་པ་དེས་སྔར་ཁྱོད་ལ་གཅེས་ཀྱང་ད་ལྟ་ཁྱོད་ལ་མི་དགའ་བར་གྱུར་པ་འདི་ཡང་མི་རྟག་པ་ཡིན། ཁྱོད་ལ་མཚོན་ན་སྔོན་སྐྱེས་པ་དེར་ཞེན་འཛིན་ཆེན་པོ་བྱེད་ཀྱང་སྐབས་ཤིག་གི་རྗེས་རེ་ཐག་ཡོངས་སུ་ཆད་ནས་མི་དགའ་བར་གྱུར་ཅིང་ཐ་ན་གསོད་སྙམ་བྱེད་པ་འདི་ཡང་མི་རྟག་པ་ཞིག་ཡིན། དེའི་ཕྱིར་ཐམས་ཅན་མི་རྟག་པ་ཡིན་པའི་རྒྱུ་མཚན་གྱིས་མི་སྲིད་པའི་དངོས་པོ་ཐམས་ཅད་སྲིད་པ་རུ་འགྱུར་སྲིད་པས་ཁྱོས་ཀྱང་འཛིན་ཆགས་ཆེན་པོ་མ་བྱེད་ཅེས་སྨྲ་བ་ཙམ་ལས་ཅི་ཡང་མ་ནུས།
མི་ཞིག་གིས་ཆོས་ཐམས་ཅད་མི་རྟག་པ་ཡིན་པ་ལ་ངེས་ཤེས་འདྲོངས་ན་བརྩེ་དུང་ལ་འཛིན་ཆགས་ཚད་ལས་བརྒལ་བ་མི་བྱེད་ཅིང་འགྱུར་བ་ཅི་ཞིག་བྱུང་ཡང་མི་དགའ་བའི་རྒྱ་རུ་འཆིང་བར་མི་འགྱུར་རོ། །