查看原文
其他

དྷཱིཿ གྲོས་འདེབས་རྒན་པོའི་གཅོས་གཏམ། སྒྲ་ཡིག་གཉིས་ཆ་ཚང་།

ཕེབས། 👉 Qiu1980
2024-09-29





དྷཱིཿ   གྲོས་འདེབས་རྒན་པོའི་གཅོས་གཏམ་ཞེས་བྱ་བ།


སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ། །མཚན་དཔེའི་ལང་ཚོས་

སྤུད་པའི་སྐུར་སྣང་བ། །སྐྱབས་གཅིག་འཇམ་དཔལ་དགྱེས་པའི་རང་མདངས་གང་།།སྙིང་དབུས་ཆུ་སྐྱེས་ཟེའུ་འབྲུར་ལེགས་བསྙེན་ཏེ། །ཡིད་མཐུན་གྲོགས་ལ་ཤ་ཚའི་གྲོས་ཤིག་འདེབས། །རིང་ནས་ལེགས་སྤྱད་ཕོ་ཉས་ཡོངས་བསྐྲུན་པའི། །ཕན་བདེ་འབུམ་གྱི་འབྱུང་གནས་མི་ཡི་ལུས། །ད་རེས་རང་ལ་འབྱོར་བའི་གནས་སྐབས་འདིར། །སང་ཉིན་ཤི་ཡང་འགྱོད་པ་མེད་ངེས་པའི། །སྙིང་པོའི་ལྷ་ཆོས་མྱུར་དུ་མ་བསྒྲུབས་ན། །གློག་སྟོང་དུས་གཅིག་འཁྱུགས་འདྲའི་སྡང་མིག་ཅན། །ནམ་ཡང་ངེས་པ་མེད་པའི་འཆི་བདག་དགྲ། །སྲིད་གསུམ་འཇིགས་རྔམ་ཕྱོགས་གཅིག་སྤུངས་འདྲ་བའི། །རབ་འབར་ཞགས་པས་དམ་པོར་འཁྱུད་པའི་དུས། །འགྱོད་པའི་མེ་དཔུང་བཟོད་དཀའི་སྡུག་བསྔལ་མཚོན། །འགྲན་པ་བཞིན་དུ་ཡང་ཡང་ཉེན་ཙ་ན། །སྐྱབས་འཚོལ་སེམས་ཀྱིས་ཕྱོགས་བཅུའི་ཁྱོན་ཀུན་ལ། །མཆི་མའི་ཆར་རྒྱུན་འབེབས་བཞིན་མིག་བསྒྲད་ནས། །ཉམ་ཐག་འོ་དོད་མགྲིན་པར་རྒྱུན་བསྟེན་ཀྱང་། །ནམ་མཁར་སྐྱེད་ཚལ་སྐྲུན་བཞིན་ངལ་བ་ལས། །ཐར་པའི་དུས་ནི་མི་ལོས་གཞལ་བར་དཀའ། །བདེ་འགྲོའི་སྒྲ་ཙམ་ཐོས་པའི་སྐལ་བ་དམན། །དེ་བས་མྱུར་དུ་བརྩོན་པའི་གོ་བགོས་ཏེ། །ཡང་དག་རྒྱལ་བསྟན་སྣང་བས་འཁྱུད་དུས་འདིར། །མདོ་རྒྱུད་མན་ངག་གཏེར་མཛོད་དགེ་བའི་བཤེས། །སྙིང་ལས་ལྷག་པར་བལྟ་བའི་སྲི་ཞུ་ཡིས། །རྒྱ་ཆེའི་ཐོས་བསམ་སྦྱང་བ་མི་དམན་པར། །ཟབ་དོན་བསྒོམས་པས་རང་རྒྱུད་འདུལ་རེ་རན། །

འཆལ་ཚུལ་རྒྱང་དུ་བསྐྲད་པའི་ཁྲིམས་གཙང་མཆོག །འདི་མེད་ཡོན་ཏན་སྣ་གཅིག་འབྱུང་བའི་ཐབས། །ཀུན་མཁྱེན་བུ་རམ་ཤིང་པས་མ་གཟིགས་ཕྱིར། །ངན་སྤྱོད་རྒྱན་བཞིན་འཆང་བའི་བླུན་སྒོམ་ཚོས། །ལས་འབྲེལ་ངན་པས་བསྡུས་པའི་འཁོར་ཚོགས་ལ། །ཁོ་བོ་ས་མཐོར་གཤེགས་ཞེས་སྨྲ་བ་འདི། །ཁྲེལ་དང་སྙིང་རྗེ་དུས་གཅིག་བྱ་བའི་གནས། །འཐད་ལྡན་ལུང་བཞིན་ལམ་ལ་བརྩོན་འདོད་ན། །གྲགས་ཆེའི་ཆོས་ལ་མཐོ་སྙབ་མི་སྔ་བར། །ཕྲ་ཞིབ་བླང་དོར་འདོམས་པའི་ལེགས་བཤད་མཆོག །གོ་སླ་དོན་འདུས་དཔྱད་གསུམ་གྱིས་དག་པ། །འདུལ་གཞུང་མེ་ཏོག་འཕྲེང་རྒྱུད་ལྟ་བུ་ལ། །ལན་གཅིག་ཙམ་མིན་འབད་པ་བརྒྱ་ཕྲག་གིས། །ཚིག་དོན་དྲི་བྲལ་འཆི་མེད་བདུད་རྩིའི་ཆབ། །སྙིང་གི་དཔལ་བེའུར་བསྐྱིལ་བའི་དགའ་སྟོན་ལ། །དུས་ཀུན་རོལ་པའི་སྐལ་བ་མི་དམན་ཞིང་། །ལྷ་མིའི་སྟོན་པའི་བཀའ་མཆིད་ཟུར་ཙམ་ཡང་། །བག་མེད་སེམས་ཀྱིས་ཁྱད་དུ་མི་གསོད་པར། །བླང་དོར་མིག་བཞིན་ལེགས་པར་སྲུངས་ཀྱིས་དང་། །གཞན་པའི་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །ལྷར་བཅས་འགྲོ་བའི་མཆོད་སྡོང་དམ་པ་སྟེ། །འདི་དང་ཕྱི་མར་བདེ་དགེའི་དཔལ་ལ་སྤྱོད། །མཐོང་ཐོས་དྲན་པའི་འགྲོ་ཀུན་དོན་དང་བཅས། །གང་དུ་བཞུགས་པའི་ཕྱོགས་ཀྱང་བཀྲ་ཤིས་བྱེད། །མཐར་ཐུག་སངས་རྒྱས་ས་ལ་འགྲོ་བར་བྱེད། །དེང་སང་ལམ་གནད་ཧ་ཅང་འཆུག་ཆེས་པའི། །འདུལ་སྤྱོད་གཙང་མར་ཐེག་དམན་ལམ་ཞེས་བརྗོད། །འཁྲིག་སྤྱོད་ཆང་སོགས་ནག་པོའི་ངན་སྤྱོད་ལ། །སྔགས་ཀྱི་ལམ་ཞེས་རང་ཉིད་བག་མེད་སྤྱོད། །གཞན་ཡང་དེ་ལ་སྦྱོར་བའི་ཐབས་སྟོན་པ། །དགའ་རབ་དབང་ཕྱུག་རྗེས་ལ་རྐང་པ་འཇོག །དེ་འདྲའི་ལད་མོ་མ་བྱེད་སྙིང་གི་གྲོགས། །སོ་སོར་ཐར་པའི་ལམ་བཟང་ཉི་ཟླའི་འོད། །འཛམ་གླིང་ལྷ་ལམ་ཁྱོན་དུ་སྣང་དེ་སྲིད། །སངས་རྒྱས་བསྟན་པ་གནས་པ་ཡིན་ཞེས་བྱ། །འདི་མེད་མདོ་སྔགས་ལམ་གཞན་རྒྱུ་སྐར་འབུམ། །ཅིག་ཆར་སྣང་ཡང་བསྟན་པ་ནུབ་ཅེས་བྱ། །དེ་ཕྱིར་ལམ་བཟང་འདི་ཉིད་རྒྱང་སྤངས་ན། །མཐོ་རིས་ཡོན་ཏན་བདུན་གྱི་ཁང་བཟང་དུ། །ལུང་རྟོགས་འདོད་དགུའི་དཔལ་ལ་སྤྱོད་ནུས་ཤིང་། །རྒྱལ་བསྟན་འཛིན་པའི་མང་ཐོས་ལྟ་ཅི་སྟེ། །དལ་འབྱོར་བཅོ་བརྒྱད་ཚང་ཞེས་སྨྲ་བའང་དཀའ། །རང་སྐྱོན་ཡོན་ཏན་ཉིད་དུ་རློམ་པ་པོས། །འདོད་ཡོན་ཅི་དགར་བཞེས་པ་ཐབས་ལམ་མཆོག །དགག་སྒྲུབ་དམན་ལམ་སྤྱོད་པ་གོལ་ས་ཞེས། །ལུང་རིགས་མི་ཤེས་སྨྲ་བ་མང་མོད་ཀྱང་། །འདོད་ཡོན་ཅི་དགར་རོལ་བས་གྲོལ་ངེས་ན། །མཁའ་ཁྱབ་འགྲོ་ཀུན་སྲིད་འདིར་ཇི་ལྟར་གནས། །འབུམ་ལྔའི་རྒྱུད་དང་དུས་ཀྱི་འཁོར་ལོ་དང་། །སྔ་འགྱུར་བཀའ་གཏེར་གཞུང་ལུགས་བརྒྱ་ཕྲག་གིས། །རབ་བྱུང་ཆགས་བྲལ་ལམ་ལ་ཆེར་བསྔགས་ནས། །འདི་མེད་དབང་གི་སྨིན་ཐབས་མེད་པར་གསུངས། །བླུན་ལས་ཆེས་བླུན་ཟོག་པོའི་ཚོགས་དཔོན་འགས། །མ་དང་མཁའ་འགྲོའི་བརྡ་ཚིག་ཡིན་སྐད་ལོས། །ཁྲིམས་ལྡན་བསླབ་འབེབས་རྩ་ལྟུང་དང་དུ་ལེན། །ཚེ་རིང་བདེ་ཕྱིར་གསོད་དང་འཁྲིག་སྤྱོད་ཟེར། །རྒྱུ་འབྲས་གོ་ལོག་སྨྲ་བའི་སྡིག་གྲོགས་སྤོངས། །

ཐོག་མར་དྲིན་གྱིས་བསྐྱངས་པའི་མ་གྱུར་འགྲོ། །འཇིགས་རུང་གཡང་སར་བཏང་སྙོམས་བོར་བྱས་ནས། །རང་ཉིད་ཐར་པའི་ཐབས་ལ་བརྩོན་བྱས་ཀྱང་། །བློ་ཆེན་སྐྱེ་བོས་སྨད་པའི་གནས་སུ་འོང་། །རིན་ཆེན་བྱང་ཆུབ་སེམས་ཞེས་བྱ་བ་འདི། །སྡིག་སྤོང་ནད་ཆེན་ཞི་བའི་གསོ་སྨན་མཆོག །འཆི་བདག་དགྲ་སྡེ་འཇོམས་པའི་དཔའ་བོ་སྟེ། །འགྲོ་ཀུན་བདེ་གླིང་ཁྲིད་པའི་དེད་དཔོན་དང་། །དཔག་ལས་ཡོན་ཏན་སྡུད་པའི་མཛོད་ཁང་ལགས། །སྲིད་ཞིའི་ཡོན་ཏན་ཇི་སྙེད་མཆིས་སོ་ཅོག །འདི་ཉིད་ཁོ་ནས་ཡིད་ལ་འབྱིན་པར་བྱེད། །དུས་མཐའི་མེ་དང་འཕྲད་པའི་རྩྭ་ཕུང་བཞིན། །སྒྲིབ་གཉིས་དྲི་མ་དབྱིངས་སུ་སྙིལ་བར་བྱེད། །ལམ་མཆོག་འདི་ལ་མི་སློབ་སྐྱེ་བོ་རྣམས། །ནོར་བུའི་གླིང་ནས་སྟོང་ལོག་བྱེད་དང་མཚུངས། །དེ་ཕྱིར་སེམས་དཔའི་ལྟ་སྒོམ་སྤྱོད་པའི་གནད། །ལེགས་སྟོན་བཀའ་དང་དགོངས་འགྲེལ་མཐའ་དག་གི །བརྗོད་བྱ་གཟུངས་སྤོབས་འཕྲུལ་གྱིས་གཞུང་གཅིག་ཏུ། །ལེགས་པར་བསྡུས་པ་བྱང་སེམས་སྤྱོད་འཇུག་འདིའི། །ཚིག་ཙམ་བློ་ལ་སྦྱང་བ་ཙམ་མིན་པར། །ཟབ་དོན་རང་གི་རྒྱུད་ལ་འདྲེས་པར་མཛོད། །ཉམས་ལེན་འདི་འདྲའི་གནད་གསང་མི་ལྡན་ན། །བསྐྱེད་རྫོགས་ཕལ་ཆེར་རཱུ་ཏྲར་གོལ་བའི་རྒྱུ། །རྩ་ལྟུང་བཞི་པ་བསྐྱེད་པའི་སྒྲོལ་བ་དང་། །ལྔ་པ་མྱུར་དུ་འབོད་པའི་སྦྱོར་བ་འདིས། །མནར་མེད་མེ་ཡི་ལྟད་མོ་ངོམ་པར་བྱེད། །རྙིང་རྒན་ཨ་མྱེས་ཟེར་སྲོལ་བདེན་སྲིད་ན། །ཆོས་བརྒྱད་དོན་དུ་གཉེར་བའི་རྟེན་བཞེངས་དང་། །བསྟན་པའི་གཟུགས་བརྙན་འབུད་རྡུང་དཀྲོལ་གསུམ་སོགས། །ཚེ་གང་ཉམས་བཞེས་མཐིལ་དུ་མཁས་པ་བས། །རིས་མེད་འགྲོ་ལ་ཕན་པའི་སེམས་མཆོག་གང་། །སྐད་ཅིག་སྐྱེ་བ་མཆོག་ཏུ་གསུངས་མིན་ནམ། །སྐྱ་སེར་གཉིས་གོ་ཆོད་པའི་དགེ་སྦྱོང་ཚོས། །ཟ་རློམ་འཆའ་རློམ་བུད་མེད་དོན་གཉེར་བློས། །མི་ནག་ཁྱིམ་དུ་གསང་སྔགས་བོན་གྱེར་བའི། །རྩ་ལྟུང་བདུན་པ་བསྟན་འགྲོར་སྨན་དཀའ་ཡང་། །མ་བཙལ་ཉུང་ངུས་འཚོ་བ་ལ་བརྟེན་ནས། །དབེན་པར་ཚད་མེད་རྣམ་བཞིའི་དོན་བསྒོམས་ན། །འཇམ་དཔལ་གཞོན་ནུའི་སྙིང་སྟོབས་གོ་ཆ་དེ། །མི་རིང་ཁྱེད་ལ་མཛེས་པ་ཉིད་དུ་འགྱུར། །བྱང་ཆུབ་སེམས་ཀྱི་ལས་འཕྲོ་ལྟ་ཅི་སྟེ། །མ་སྦྱངས་ཀློག་པའི་བག་ཆགས་སྨིན་མེད་ཀྱང་། །རིགས་དང་མཚན་གྱིས་ཁེངས་པའི་དབོན་སྤྲུལ་ཚོས། །དབང་གཞུའི་མདངས་ལྡན་དར་གོས་རྒྱན་མཛེས་ཤིང་། །བླུན་དད་སྐྱེ་བོའི་འབུལ་བ་རྒྱ་ཆེ་ཡང་། །ལུང་རྟོགས་བསྟན་ལ་དགྱེས་སྤྲོ་མི་བདོག་ན། །བསྟེན་འོས་བཤེས་གཉེན་མ་རེད་མཁྱེན་པར་མཛོད། །

དུས་གསུམ་རྒྱལ་བའི་ཆོས་ཀྱི་ཡང་སྙིང་མཆོག །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་ཀྱི་བཅུད། །མཐོང་ཐོས་དྲན་རེག་འབད་མེད་གྲོལ་བྱེད་པ། །རིམ་དགུའི་མཐར་ཐུག་འོད་གསལ་ཐེག་པའི་སྲོལ། །འདི་དང་འཕྲད་ཚད་སྲིད་པ་ཐ་མར་ངེས། །དབུ་མ་ལམ་འབྲས་ཕྱག་ཆེན་ཞི་བྱེད་སོགས། །ཤིན་ཏུ་ཟབ་པའི་ཆོས་ཚུལ་མང་པོ་ཡང་། །རྩོལ་བྲལ་ལམ་འདིར་ལྟོས་ན་གསེར་དངུལ་དང་། །འདོད་དགུའི་དཔལ་སྟེར་ནོར་བུའི་ཁྱད་པར་བཞིན། །མན་ངག་གཞན་ལ་རེ་འདོད་གཏིང་ནས་ལྷོད། །འདི་ཉིད་ཐོས་པ་ཙམ་གྱི་ཡོན་ཏན་ཡང་། །ལམ་གཞན་བསྐལ་མང་གོམས་པས་འགྲན་དུ་མེད།།འདི་ཡི་གླེགས་བམ་ཙམ་ཞིག་འཆང་བའི་མོད། །མཁའ་མཉམ་ཡིད་ཅན་སྡིག་སྒྲིབ་མཐའ་དག་ཀུན། །གང་ཟག་གཅིག་གི་རྒྱུད་ལ་འཇོག་སྲིད་ཀྱང་། །མ་ལུས་ཀུན་བྱང་ཀུན་བཟང་ས་ལ་གྲོལ། །མ་སྦྱངས་བཅུ་ཕྲག་རིག་གཞུང་མཁྱེན་འདོད་ཅིང་། །མ་བསྒོམས་སྐུ་བཞིའི་གོ་འཕང་མྱུར་ཐོབ་ནས། །མ་གྱུར་འགྲོ་ཀུན་དུས་གཅིག་སྒྲོལ་མོས་ན། །མ་འགྱང་ཨ་ཏིའི་ལམ་འདི་བསྟེན་པར་རིགས། །གསང་བ་སྙིང་ཐིག་ཆོས་མཛོད་རྒྱ་ཆེ་བའི། །མཐའ་དག་ཤེས་པའི་དུས་ཚོད་འོང་དཀའ་ཡང་། །ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན་དང་། །མན་ངག་མཐར་ཐུག་པོ་ཏི་བཞི་སོགས་ཀྱི། །བརྗོད་བྱའི་དོན་གནད་ཀུན་ཚང་མ་ནོར་བ། །ཡང་ཏིག་ཡིད་བཞིན་ནོར་བུའི་རྒྱལ་པོ་འདི།།སྐད་ཅིག་ཙམ་ལ་ཡིད་ཀྱི་མཛོད་མིག་ལས། །འབྲལ་དུ་ཕངས་སོ་ཤེས་ལྡན་ཐར་འདོད་གྲོགས། །དྭངས་གསལ་གཡོ་མེད་ཀུན་གཞིའི་རྣམ་ཤེས་ལ། །རིག་སྟོང་ཆོས་སྐུར་རློམ་པའི་བླུན་སྒོམ་པས། །སྟོང་ལྟ་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ། །ཐོས་བསམ་དགྲ་ལྟར་མཐོང་ནས་སྨོད་བྱེད་ཀྱང་། །གེགས་སེལ་བོགས་འདོན་གནད་ཀྱི་མན་ངག་ལ། །ལུང་རིགས་ཟབ་མོས་སྒྲོ་འདོགས་མ་བཅད་ན། །ལོང་བ་གཡང་སར་མཆོངས་པའི་དཔེ་བཞིན་དུ། །ཚེ་རབས་གཏན་གྱི་འདུན་མ་འཆུག་ཏ་རེ། །མི་ཕམ་འཇམ་དབྱངས་གསང་བདག་དཔའ་བོ་ལས། །ལྷག་པའི་མཁས་གྲུབ་མི་སྲིད་དེས་ཀྱང་ནི།།ཕྱོགས་མེད་གཞུང་ལ་ཐོས་བསམ་ཁུར་དུ་བཞེས། །བརྒྱུད་གསུམ་གཅིག་འདུས་དྲི་མེད་འོད་ཟེར་གྱིས། །ཐེག་རྩེའི་ལམ་འདི་རྟོགས་ལ་ཐོས་བསམ་གཏེར། །འཛད་མེད་འཆང་བའི་མཁས་པའི་དབང་པོ་ལས། །མཐོང་བ་མེད་ཅེས་བདེན་གསུང་སེང་གེའི་སྒྲ། །དཔང་པོར་བཞུགས་བཞིན་རྒོལ་འདོད་ཝ་སྐྱེས་སུ། །གྲོང་ཚིག་དུམ་ཆོད་དོན་ཆུང་གཏམ་འདི་ཡང་། །གཞན་སྐྱོན་རྩོལ་བའི་མིག་ཏུ་མི་བལྟ་བར། །རང་སྐྱོན་གསལ་བའི་མེ་ལོང་ཉིད་དུ་མཛོད། །དམ་པའི་དབང་པོ་གཞན་གྱི་མཛད་ཚུལ་ནི། །གཅིག་ཏུ་མ་ངེས་འཕགས་ཡུལ་གྲུབ་ཐོབ་བཞིན། །ཀུན་ལ་དག་སྣང་མོས་གུས་ཕྱོགས་མེད་བྱ། །ཁྱད་པར་སྙིགས་ལྔའི་མུན་པ་བདོ་སྐབས་སུ། །རྒྱལ་དབང་པདྨའི་ཕྲིན་ལས་ཟླ་བའི་འོད། །གཏད་རྒྱ་མངོན་དུ་སད་པའི་གཏེར་འདོན་མཆོག །ཡུལ་ཕྱོགས་ཀུན་ཏུ་ཤ་མོང་རྡོལ་བཞིན་འབྱུང་། །འབྲེལ་ཚད་དོན་དང་ལྡན་ལ་སྒྲོ་སྐུར་སྤོངས། །ད་དུང་ཞུ་བྱ་འགའ་ཙམ་བདོག་མོད་ཀྱང་། །ཉིན་བྱེད་ནུབ་རིའི་ཕག་ཏུ་གབ་པའི་མོད། །སྣང་བའི་གཤེད་དུ་མུན་པའི་དཔུང་ལངས་ནས། །སོར་མོས་འདུ་བྱེད་གཡོ་བའི་གོ་སྐབས་འཕྲོག །དེ་སྐད་སྨྲས་ལ་དགེ་བའི་ཆ་མཆིས་ན། །མཐའ་ཀླས་འགྲོ་ཀུན་ཉམས་ལེན་ཆོས་གསུམ་ལ། །ཉིན་མཚན་བརྩོན་པས་རྒྱལ་བའི་ས་ནོན་ཏེ། །འཁོར་བའི་རྒྱ་མཚོ་དབྱིངས་སུ་སྟོང་པར་ཤོག །


བསླབ་ནོར་རྒྱན་བཟང་འཆང་བ་གང་གི་བཞེད་སྐོང་དུ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་རབ་རྒྱལ་ཆུ་སྟག་ཟླ་ཚེས་ལ་གྲོང་ཚིག་དུམ་ཆོད་དུ་བྱས་ནས་གུས་ཕུལ། །

༡༠ ༡༤



ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།









འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存