新冠病毒感染者居家藏医药干预指引(双语版)来啦!
点击蓝字|关注我们
༄༅། །བོད་རང་སྐྱོང་ལྗོངས་ཏོག་གསར་ནད་དུག་ཕོག་མཁན་ནད་པའི་ཁྱིམ་སྡོད་སྨན་བཅོས་བོད་སྨན་བེད་སྤྱོད་ཀྱི་དཔྱད་གཞིའི་མཛུབ་སྟོན།
བོད་ལུགས་གསོ་རིག་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་དང་། ཏོག་གསར་ནད་དུག་འགོག་བཅོས་ལས་དོན་སྔར་བས་ལེགས་སྒྲུབ་ཡོང་ཕྱིར། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུད་ནས་སྤེལ་གནང་བའི་༼ ཏོག་གསར་ནད་དུག་ཕོག་མཁན་ནད་པའི་ཁྱིམ་སྡོད་སྨན་བཅོས་ཀྲུང་ལུགས་གསོ་རིག་སྨན་རྫས་བེད་སྤྱོད་ཀྱི་དཔྱད་གཞིའི་མཛུབ་སྟོན།༽དང་༼བོད་རང་སྐྱོང་ལྗོངས་ཏོག་དབྱིབས་ནད་དུག་གསར་པའི་བོད་ལུགས་གསོ་རིག་འགོག་བཅོས་འཆར་གཞི་༼ ཚོད་སྤེལ་ཐེངས་བཞི་པ།༽ གཞིར་བཟུང་ཐོག། ད་ཐེངས་བོད་ལྗོངས་ཀྱི་ནད་ཡམས་ཁྲོད་བོད་ལུགས་གསོ་རིག་གིས་སྨན་བཅོས་ལ་ཞུགས་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་གཤམ་གྱི་ཁྱིམ་སྡོད་སྨན་བཅོས་བོད་སྨན་བེད་སྤྱོད་ཀྱི་དཔྱད་གཞིའི་མཛུབ་སྟོན་འདི་བཟོས་པ་ཡིན།
དང་པོ། སྨན་བཅོས་ཇུས་གཞི།
གཅིག། དར་མའི་སྨན་བཅོས་ཇུས་གཞི།
༡. གྲང་ཤུམ་བྱེད་པ་དང་། སྒྱིད་ལུག་པ་སོགས་ཀྱི་ནད་རྟགས་བྱུང་ཚེ།
མ་ནུ་བཞི་ཐང་ཁེ་༥ འཕྲུལ་ཐང་ཁེ་༥ ནོར་བུ་བདུན་ཐང་ཁེ་༥ ཡང་ན་ཐང་ཆེན་༢༥ཁེ་༢སོགས་གང་འོས་བསྟེན་དགོས།
༢. ཚ་བ་རྒྱས་པ་དང་། ཤ་ཟུག་ལྡང་བ། མགོ་ན་བ་སོགས་བྱུང་ཚེ།
ལོ་གྱོན་ཁེ་༡ རྟ་ཟི་དམར་པོ་ཁེ་༠.༦-༠.༩བར། འཕྲུལ་ཐང་ཁེ་༥ སྤང་ཁྲག་༡༢ཁེ་༡-༡.༥བར། གཙོ་བོ་བརྒྱད་པ་ཁེ་༢སོགས་གང་འོས་ཟོས་རྗེས་བསྟེན་དགོས།
༣. སྣ་ཆུ་མང་བ་དང་སྣ་འགག་པ་སོགས་བྱུང་ཚེ།
གུར་ཁྱུང་ཁེ་༡.༢ ལོ་གྱོན་ཁེ་༡ སྤང་ཁྲག་བཅུ་གཉིས་ཁེ་༡-༡.༥བར་སོགས་གང་འོས་ཟོས་རྗེས་བསྟེན་དགོས།
༤. སྐམ་གློ་ལུ་ཞིང་ལུད་པ་འགོག་དཀའ་བའི་ཚེ།
རྒ་སྤང་ཁེ་༢ སྤང་རྒྱན་བཅོ་ལྔ་ཁེ་༢ ལུག་མུར་བདུན་པ་ཁེ་༢ ཨ་གར་༣༥ཁེ་༡-༡.༥བར་སོགས་གང་འོས་ཟོས་རྗེས་བསྟེན་དགོས།
༥. མིད་པ་ན་ཚེ།
ཁྱུང་སྔོན་དགུ་པ་ཁེ་༡-༡.༥བར། ཁྱུང་ལྔ་ཁེ་༠.༡-༠.༡༢ ལི་ཤི་དྲུག་པ་ཁེ་༢སོགས་གང་འོས་ཟོས་རྗེས་བསྟེན་དགོས།
༦. གློ་ལུ་བ་དང་ལུད་པ་མང་བའི་ཚེ།
སྤང་རྒྱན་བཅོ་ལྔ་ཁེ་༢ སྤང་རྒྱན་བཅུ་པའི་སྦངས་ཁུ་ཤོག་ཆག་༡ ཨ་གར་བཅོ་ལྔ་ཁེ་༢སོགས་གང་འོས་བསྟེན་དགོས།
༧.གྲོད་ཁོག་བཤལ་བ་དང་། ཕོ་རྒྱུ་མི་བདེ་བ་བྱུང་ཚེ།
བྲག་ཞུན་དགུ་པ་ཁེ་༢ རིན་ཆེན་མང་སྦྱོར་ཁེ་༡སོགས་གང་འོས་བསྟེན་དགོས།
༨. གཉིད་མི་ཁུག་པ་དང་། སེམས་མི་སྐྱིད་པའི་རྟགས་བྱུང་ཚེ།
ཨ་བརྒྱད་ཁྱུང་བསྣན་ཁེ་༡.༢ ཨ་གར་༨ ཁེ་༢ ཨ་གར་༣༥ཁེ་༡-༡.༥བར་སོགས་གང་འོས་བསྟེན་དགོས།
གཉིས། བྱིས་པའི་སྨན་བཅོས་ཇུས་གཞི།
༡. གྲང་ཤུམ་རྒྱག་པ་དང་། ཚ་བ་རྒྱས་པ། ཤ་ཟུག་ལྡང་བ་སོགས་ཀྱི་ནད་རྟགས་བྱུང་ཚེ།
བློན་པོ་གསུམ་སྦྱོར་དང་བློན་ཁྱུང་བྱིས་པ་ལོ་༣མན་ཆད་ལ་ཁེ་༠.༥དང་། ལོ་༣ནས་ ༡༠ བར་ལ་ཁེ་༡ ལོ་༡༠ནས་༡༣བར་ཁེ་༡.༥ ལོ་༡༣ཡན་ལ་ཁེ་༢སོགས་ན་ཚོད་དཔག་ནས་བསྟེན་རྒྱུ།
༢. བྱིས་པའི་ལུས་ཟུངས་ཀྱི་རང་བཞིན་ལ་ལྟོས་ནས་ནད་གཞི་འགྱུར་བ་འགྲོ་སླ་བས། སྨན་པའི་མཛུབ་སྟོན་འོག་སྨན་བསྟེན་དགོས་པ་དང་། ནད་སྡུག་ཏུ་སོང་ཚེ་འཕྲལ་མར་སྨན་ཁང་ལ་ཕེབས་དགོས།
གསུམ། དམིགས་བསལ་གྱི་མི་ཚོགས།
དཔེར་ན་བྱིས་པ་དམར་འབྱར་དང་། ནུ་ཞོ་སྟེར་བའི་བུད་མེད། སྦྲུམ་མ། རྒན་རྒོན་དང་། རྒྱུན་དུ་ནས་རྨང་གཞིའི་ནད་གཞི་ཡོད་པའི་མི་ཚོགས་རྣམས་ཀྱིས་སྨན་པའི་མཛུབ་སྟོན་འོག་སྨན་བསྟེན་དགོས། ས་གནས་ཁག་གི་སྨན་བཅོས་ཚན་པས་དྲྭ་ཐོག་སྨན་བཅོས་ལ་བརྟེན་ནས་ཁྱིམ་ཚང་གི་བདེ་ཐང་མཛུབ་སྟོན་དང་། བདེ་ཐང་དྲིལ་བསྒྲགས། སྨན་བཅོས་བློ་འདྲི་སོགས་ཀྱི་ཞབས་ཞུ་གཉེར་ཏེ་མང་ཚོགས་རྣམས་ཀྱིས་བོད་སྨན་ཚུལ་བཞིན་བསྟེན་ཐུབ་པ་གནང་དགོས།
ཡིད་གཟབ་བྱ་རྒྱུར། གོང་གི་ནད་རྟགས་ལ་བསྟུན་ནས་སྨན་སྣ་རེ་གཉིས་སྤྱོད་དགོས་པར། སྨན་གྱི་བེད་སྤྱོད་གསལ་བཤད་ནང་འཁོད་པའི་ཐུན་ཚད་བཞིན་ཉིན་གསུམ་ནས་ལྔ་བར་བསྟེན་དགོས། གལ་སྲིད་ནད་གཞི་དྲག་ཏུ་མ་སོང་བའམ་སྡུག་ཏུ་སོང་ཚེ། དུས་ཐོག་ཏུ་ཚད་ལྡན་སྨན་ཁང་དུ་སྨན་བཅོས་གནང་བར་ཕེབས་དགོས།
གཉིས་པ། སྔོན་འགོག་ཇུས་གཞི།
གཅིག། སྔོན་འགོག
༡ སྤྱོད་ལམ་སྒོ་ནས་སྔོན་འགོག་བྱ་ཐབས།
སྤྱོད་ལམ་ཐད་ལུས་ཁམས་མ་འཁྲུགས་པ་བྱ་རྒྱུ་དང་། རྒྱུན་དུ་ལག་པ་ཡང་ཡང་བཀྲུ་བ། སྔ་དགོང་དུས་ཚྭ་ཆུས་མཁུར་བཀང་བྱ་རྒྱུ། ཚད་ལྡན་ཁ་རས་རྒྱག་པ། སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུའི་གོ་བར་འབྱེད་རྒྱུ། ལུས་སྦྱོང་འོས་འཚམས་བྱ་རྒྱུ། འདུ་ཚོགས་ཆེ་ས་དང་རིམས་ནད་ཁྱབ་ཡུལ། དེ་བཞིན་ཁོར་ཡུག་བཙོག་སྐྱོན་ཆེ་ས་སོགས་ལ་འགྲོ་འདུག་འཛེམས་རྒྱུ་དང་། སེམས་ཁམས་བག་ཕེབས་སུ་གནས་ཤིང་དངངས་འཚབ་དང་འཇིགས་སྣང་སོགས་སྤང་སྟེ་ནད་འདིར་ཡང་དག་པའི་ལྟ་ཚུལ་འཛིན་དགོས།
༢ ཟས་སྐོམ་སྒོ་ནས་སྔོན་འགོག་བྱ་ཐབས།
དཀར་མངར་རུལ་སྐྱུར་གྱི་རིགས་དང་། རྗེན་ཟས། འཇུ་དཀའ་བ། ངོ་བོ་གྱུར་བ། མི་འཕྲོད་པའི་ཟས་སོགས་སྤང་དགོས་པ་དང་། ལྷག་པར་ཟས་རིགས་གཡོས་སྦྱོར་བྱ་བའི་སྐབས་ཤའི་རིགས་དང་སྒོ་ང་སོགས་ངེས་པར་དུ་འཚོད་པོར་བཙོ་དགོས་པ་དང་། རིམས་ཁུལ་ནས་ཡོང་བའི་ཟས་སྐོམ་གྱི་རིགས་ལ་འཛེམས་དགོས་པ་དང་། ཆུ་སྐོལ་གང་མང་འཐུང་རྒྱུ། དེ་བཞིན་གསར་བཅུད་ཟས་སྐོམ་གྱིས་ལུས་ཀྱི་ཟུངས་སྟོབས་གསོ་ཐབས་བྱེད་དགོས།
༣ སྨན་རྫས་ཀྱི་སྒོ་ནས་སྔོན་འགོག་བྱ་ཐབས།
ཀ། རྫས་ཀྱི་སྲུང་བ།
ཚད་ལྡན་སྨན་བསང་དང་བདུག་སྤོས། རིམས་སྲུང་དུད་པ། ནག་པོ་དགུ་སྦྱོར་དང་། རིམས་འགོག་རྫས་སྲུང་སོགས་ཀྱིས་བདུག་པའམ་ལུས་ལ་བཅང་རྒྱུ།
ཁ། སྨན་གྱི་སྲུང་བ།
འཕྲུལ་ཐང་དང་། ལོ་གྱོན། གྲང་སྦྱོར། མང་སྦྱོར་སོགས་གང་འོས་བསྟེན་རྒྱུ་དང་། དགོས་མཁོ་བྱུང་ཚེ་སྨན་པའི་མཛུབ་སྟོན་འོག་འཕྲུལ་ཐང་དང་ལོ་གྱོན་གཉིས་བསྲེས་ནས་ཐང་བསྐོལ་ཏེ་བསྟེན་ན་འགྲིག །སྔོན་འགོག་གི་སྨན་རྣམས་དུས་ཚོད་དང་ཚད་གཞི་འོས་འཚམ་བསྟེན་པ་ལས་ཡུན་རིང་བསྟེན་མི་རུང་།
还有这些信息值得关注!