查看原文
其他

B. ཝོར་ཛི་ཝོར་སི། ནཱ་ཡེ་ཕོལ་གྱིས་བརྩམས། ཁྲི་སེམས་དཔས་བསྒྱུར།

World Literature World Literature 2021-12-10


V. S. Naipaul

1932-2018





ནཱ་ཡེ་ཕོལ་ནི་ཕ་ཡུལ་ཐྲི་ཉི་ཌད་དང་ཐོ་བྷ་གྷོ(Trinidad and Tobago)ནས་ཡིན་པའི་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན།      ཁོང་གིས་སྒྲུང་རིང་ཐུང་དང་ཡུལ་སྐོར་རྩོམ་ཡིག་སོགས་འབོར་ཆེན་བརྩམས་ཡོད།     2001ལོར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ།




B.ཝོར་ཛི་ཝོར་སི།

B. Wordsworth



     ཉིན་རྒྱུན་སྤྲང་པོ་གསུམ་དུས་ལྟར་མི་གྷེལ་སྲང་ལམ(Miguel Street)གྱི་དུད་ཁྱིམ་མགྲོན་རྩིས་ཅན་དག་གི་སྒོ་ཁར་ལྟོ་སློང་དུ་ཡོང་སྟེ།   ཆུ་ཚོད་བཅུ་པ་ཡས་མས་ཙམ་ལ་སྟོད་ལྭ་དཀར་པོ་གྱོན་ཞིང་དྷོ་ཋི(dhoti)བྱ་བའི་སྨད་གཡོགས་གྱོན་པའི་རྒྱ་གར་པ་དེ་སྔོན་མ་བྱས་ནས་འབྱོར།    ང་ཚོས་ཁོའི་རྒྱབ་ཁུག་ནང་འབྲས་ཆན་ལྕགས་ཀྲིན་གང་ཙམ་བླུགས།    ཆུ་ཚོད་བཅུ་གཉིས་པར་སླེབས་རྗེས།      གང་ཟག་གི་ནང་དུ་ཐ་མག་འཐེན་མཁན་རྒན་མོ་ཞིག་སླེབས་ཤིང་མོ་ལ་དངུལ་སྐར་གཅིག་ཐོབ།   ཕྱི་དྲོའི་ཆུ་ཚོད་གཉིས་པའི་སྟེང་དུ།   ལོང་པ་ཞིག་ཕྲུ་གུས་ཁྲིད་དེ་ཁོའི་དངུལ་སྐར་གཅིག་པོ་དེ་སློང་དུ་འོངས།     

     མཚམས་རེར་ང་ཚོ་གཡོ་ཁྲམ་ཅན་ལ་འཕྲད་དུས་ཀྱང་ཡོད་དེ།    ཐེངས་ཤིག་སྐྱེས་པ་ཞིག་འདིར་ཡོང་ནས་ཁོ་རང་ཧ་ཅང་ལྟོགས་ཀྱི་འདུག་ཟེར།    ང་ཚོས་ཁོ་ལ་ལྟོ་བྱིན་པ་ཡིན།    ཁོས་ང་ཚོར་ད་དུང་ཐ་མག་བྱིན་ཟེར།   ང་ཚོས་ཁོར་ཐ་མག་མ་བསྒྲོན་ཚེ་ཁོ་རང་དེར་བསྡད་དེ་འགྲོ་བར་མི་བྱེད།   རྗེས་སུ་མི་དེ་གཏན་ནས་ཡོང་མ་མྱོང་།

     ཉིན་ཞིག་གི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་མགྲོན་པོ་ཡ་མཚན་ཞིག་སླེབས་བྱུང་།  སྐབས་དེར་ང་སློབ་གྲྭ་གྲོལ་ཏེ་ཁྱིམ་དུ་ལོག་ཅིང་ཁྱིམ་ཆས་གྱོན་ཡོད།     མི་དེས་ང་ལ“གྲོགས་པོ་ཆུང་ཆུང་།  ང་ཁྱེད་ཚང་གི་ར་སྐོར་ནང་དུ་ཡོང་ཆོག་གམ”ཟེར།        

     ཁོ་ནི་སྐམ་ཞིང་རིད་ལ་གྱོན་པ་གྲ་དག་གྱོན་མཁན་ཞིག་རེད།  མགོ་ལ་ཞྭ་མོ་མནབས་ཤིང་ལུས་ལ་ཚི་ལེན་དཀར་པོ་དང་རྐང་སྣམ་ནག་པོ་གྱོན་འདུག

     ངས་ཁོ་ལ“ཁྱིམ་དུ་ཡོང་ནས་ཅི་བྱེད”ཅེས་དྲིས།

     ཁོས“ངས་ཁྱེད་ཚང་གི་སྦྲང་མར་བལྟ་འདོད”ཟེར།

     ངེད་ཚང་གི་ར་སྐོར་ནང་དུ་ཏ་ལའི་ལྗོན་པ་ཆུང་ཆུང་བཞི་ཡོད་ལ།   དེ་དག་གི་སྟེང་དུ་སྦྲང་མ་མང་པོ་རུབ་འདུག    ང་རྡོ་ཐེམ་སྟེང་འགོས་ཏེ་ཨ་མར“ཨ་མ་ལགས།  མི་ཞིག་ར་སྐོར་ནང་འཛུལ་ཏེ་ཁོས་སྦྲང་མར་བལྟ་འདོད་ཟེར”ཞེས་སྐད་བརྒྱབ།   ངའི་ཨ་མ་ཕྱིར་ཐོན་ཏེ་མི་དེའི་མགོ་རྔ་བར་གསུམ་ལ་ལྟ་ཡག་ཅིག་བྱས་རྗེས།   མ་རངས་པའི་ཉམས་དང་བཅས“ཁྱོད་ཀྱིས་ཅི་ཞིག་བྱ་འདོད”ཅེས་དྲིས།   མི་དེས“ངས་ཁྱེད་ཚང་གི་སྦྲང་མར་བལྟ་འདོད”ཟེར།   ཁོས་དབྱིན་སྐད་ལབ་པ་ཧ་ཅང་བྱང་ཆ་ལྡན་པས།   བསམ་གཟས་ནས་དེ་ལྟར་བྱས་པ་དང་འདྲ།   ངའི་ཨ་མ་བློ་དེ་འདྲ་བདེ་ཡི་མི་འདུག  མོས་ང་ལ་ཁྱོད་འདིར་བསྡད་དེ་ལྟ་རྟོག་བྱོས་ཟེར།      

     མི་དེས“ལྕམ་མོ་ལགས།   བཀའ་དྲིན་ཆེ།   དེ་རིང་ཁྱེད་ཀྱིས་དགེ་བ་བསྒྲུབས་སོང”ཟེར།

     ཁོས་སྐད་ཆའི་འགྲོས་ཤིན་ཏུ་དལ་ཞིང་གསལ།    ཁོའི་སྐད་ཆ་རེ་རེ་བཤད་ན་རང་ཉིད་ཀྱི་སྒོར་མོ་ཟད་འགྲོ་བ་དང་འདྲ།

     མི་དེ་དང་ངེད་གཉིས་ཏ་ལའི་ལྗོན་པའི་འོག་ཏུ་བསྡད་དེ།   ཕལ་ཆེར་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་སྦྲང་མར་བལྟས།     

     མི་དེས“ང་ནི་སྦྲང་མ་ལ་བལྟ་རྒྱུར་ཧ་ཅང་དགའ།   ཁྱོད་རང་དགའ་པོ་ཡོད་དམ”ཟེར།

     ངས“ང་ལ་དེ་འདྲའི་ཁོམ་པ་མེད”ཅེས་བཤད།

     ཁོ་སྐྱོ་སྣང་དང་བཅས་མགོ་བོ་གཡུག་བཞིན“ང་ནི་དེར་དགའ།   བལྟ་རྒྱུར་དགའ་པོ་ཡོད།   ངས་ཉིན་གང་པོར་གྲོག་མར་བལྟས་ནས་སྡོད་ཐུབ།   ཁྱོད་ཀྱིས་གྲོག་མར་བལྟས་མྱོང་ངམ།   ད་དུང་སྡིག་པ་རྭ་ཙ།   འབུ་སོ་མང(centipedes)།  ཉ་ཁྱེའུ(congorees)སོགས།    ཁྱོད་ཀྱིས་དེ་དག་ལ་བལྟས་མྱོང་ངམ”ཟེར།

     ངས་མགོ་བོ་འཕྲེད་དུ་གཡུག

     ངས“སྐུ་ཞབས།   ཁྱོད་ནི་ལས་ཅི་ཞིག་སྒྲུབ་མཁན་ཡིན”ཞེས་དྲིས།

     ཁོ་ཡར་འགྲེངས་ཏེ“ང་ནི་སྙན་ངག་པ་ཞིག་ཡིན”ཟེར།

     ངས“སྙན་ངག་པ་ལེགས་པོ་ཞིག་ཡིན་ནམ”ཞེས་དྲིས།

     ཁོས“འཇིག་རྟེན་སྟེང་ཆེས་རླབས་ཆེ་བའི་སྙན་ངག་པ་ཡིན”ཟེར།

     “སྐུ་ཞབས།   ཁྱེད་ཀྱི་མིང་ལ་ཅི་ཟེར།”

     “B. ཝོར་ཛི་ཝོར་སི།”

     “B ཞེས་པ་བྷེལ(Bill)ཡིན་ནམ།”

     “བྷི་ལེག    བྷི་ལེག·ཝོར་ཛི་ཝོར་སི(Black Wordsworth)།     ཝ་ཡེད·ཝོར་ཛི་ཝོར་སི(White Wordsworth)ནི་ངའི་ཕུ་བོ་ཡིན།       ངེད་གཉིས་ཀ་ལ་སྙིང་གཅིག་ཡོད།   ང་ནི་ཐ་ན་ཐག་འཁྱུད་མེ་ཏོག་ལྟ་བུའི་མེ་ཏོག་ཆུང་ཆུང་ཞིག་མཐོང་ནའང་ངུས་ནས་མིག་ཆུ་ཤོར་འགྲོ།”

     ངས“ཅིའི་ཕྱིར་ངུ་བ་ཡིན་ནམ”ཞེས་དྲིས།

     “ཅིའི་ཕྱིར།  བུ་ཆུང་།  ཅིའི་ཕྱིར་ཡིན།   ཁྱོད་ནར་སོན་ཚེ་རྟོགས་སྲིད།      ཁྱོད་ཀྱང་སྙན་ངག་པ་ཞིག་ཏུ་འགྱུར་སྲིད།   གོ་སོང་ངམ།   ཁྱོད་སྙན་ངག་པར་གྱུར་སོང་ན་ད་གཟོད་ཁྱོད་དོན་དག་ཐམས་ཅད་ཀྱི་ཆེད་དུ་ངུ་སྲིད།”

     ང་ལ་དགོད་རྒྱུ་ཞིག་བྱུང་།

     ཁོས“ཁྱོད་རང་གི་ཨ་མ་ལ་དགའ་འམ”ཟེར།     

     “མོས་ང་ལ་གཅར་རྡུང་མི་བྱེད་དུས་ང་མོ་ལ་དགའ།”

     ཁོས་རྐང་སྣམ་གྱི་ཁུག་མ་ལས་ཡི་གེ་བྲིས་ཡོད་པའི་ཤོག་བུ་ཞིག་བླངས་ནས་བཤད་རྒྱུར།   “ཤོག་བུ་འདིའི་སྟེང་དུ་མ་ཡུམ་ལ་བྲིས་པའི་ཆེས་རླབས་ཆེ་བའི་སྙན་ངག་ཅིག་ཡོད།   ངས་འདི་ཁྱོད་ལ་རིན་གོང་ཁེ་པོ་བྱས་ནས་བཙོང་རྒྱུ་ཡིན།   སྐར་མ་བཞི་ཡིན།”

     ང་ཁང་པའི་ནང་ཕྱིན་ནས“ཨ་མ་ལགས།    ཁྱེད་ཀྱིས་སྐར་མ་བཞི་བྱིན་ནས་སྙན་ངག་ཅིག་ཉོ་འདོད་དམ”ཞེས་དྲིས།

     ཨ་མས“ཁྱོད་ཀྱིས་ཉོན།   སྐྱག་གཟན་དེར་མྱུར་བ་མྱུར་དུ་ངའི་ར་སྐོར་ནང་ནས་སྒོར་འབུད་རོགས་ཞེས་ཤོད”ཟེར།

     ངས B. ཝོར་ཛི་ཝོར་སི་ལ“ངའི་ཨ་མར་སྐར་མ་བཞི་མེད་ཟེར”ཞེས་བཤད།

     B. ཝོར་ཛི་ཝོར་སི་ཡིས“འདི་ནི་སྙན་ངག་པའི་སྡུག་བསྔལ་རེད”ཟེར།

     དེ་ནས་ཁོས་ཤོག་བུ་དེ་ཁུག་མའི་ནང་བཅུག     ཁོས་དེ་ལ་སྣང་བ་གཏོང་གི་མེད་པ་ལྟར་སྣང་།

     ངས“འདི་ལྟར་གང་སར་ཉུལ་ནས་སྙན་ངག་འཚོང་བ་ཡང་མཚར་སྣང་ཅན་ཞིག་རེད།   ཁ་ལིབ་སོ་གཞས་ཆུང་ལེན་མཁན(calypsonians)དག་གིས་ད་གཟོད་འདི་ལྟར་བྱེད།   ཉོ་མཁན་མང་ངམ”ཞེས་དྲིས།

     ཁོས“མི་གཅིག་གིས་ཀྱང་ཉོས་མ་མྱོང”ཟེར།     

     “དེས་ན་ཁྱོད་ད་རུང་མུ་མཐུད་དུ་ཉུལ་དགོས་པའི་རྒྱུ་མཚན་ཅི་ཡིན།”

     ཁོས“འདི་ལྟར་ཉུལ་ན་དོན་དག་མང་པོ་མཐོང་ཐུབ།    ངས་རྟག་ཏུ་སྙན་ངག་པ་ཞིག་ལ་འཕྲད་པར་རེ་ལྟོས་བྱེད་བཞིན་ཡོད”ཟེར།

     ངས“ཁྱོད་ཀྱིས་དངོས་གནས་ང་ནི་སྙན་ངག་པ་ཞིག་རེད་འདོད་དམ”ཞེས་བཤད།

ཁོས“ང་དང་འདྲ་བར་སྙན་ངག་པ་ལེགས་པོ་ཞིག་རེད”ཟེར།

     དེ་ནས B. ཝོར་ཛི་ཝོར་སི་ཕྱིན་སོང་།    ངས་ཁོ་རང་ཡང་བསྐྱར་མཐོང་བར་གསོལ་བ་བཏབ།     

◆ ◇ ◆ ◇ ◆ ◇ ◆ ◇

     གཟའ་འཁོར་གཅིག་གི་རྗེས་སུ།   ཕྱི་དྲོར་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་དུས།   ང་མི་གྷེལ་སྲང་ལམ་གྱི་དཀྱོགས་ཟུར་ནས་ཡང་བསྐྱར་ཁོ་དང་འཕྲད་བྱུང་།     

     ཁོས“ངས་ཁྱོད་ལ་བསྒུགས་ནས་ཡུན་རིང་འགོར་སོང”ཟེར།

     ངས“སྙན་ངག་རེ་བཙོང་ཐུབ་སོང་ངམ”ཞེས་དྲིས།

     ཁོས་མགོ་བོ་གཡུག་གཡུག་བྱེད།

     ཁོས“ངའི་ར་སྐོར་གྱི་ནང་དུ་སི་ཕེན་གྲུ་ཁའི(Port of Spain)ཆེས་ལེགས་པའི་ཨ་མྲའི་སྡོང་པོ་ཞིག་ཡོད།    ད་ལྟ་ཨ་མྲ་སྨིན་ཟིན།  ཁ་མདོག་དམར་ཞིང་མངར་ལ་ཁུ་བ་མང་།   ངས་འདིར་སྒུག་དོན་ནི་ཁྱོད་ལ་གཏམ་དེ་བཤད་འདོད་པར་མ་ཟད།  ཁྱིམ་དུ་ཨ་མྲ་ཟ་རུ་འབོད་བསམ་པ་ཡིན”ཟེར།     

     ཁོ་ནི་ཨལ་བྷེར་ཋོ་སྲང་ལམ(Alberto Street)གྱི་ལྟེ་བར་ཡོད་པའི་ཁང་མིག་གཅིག་ཅན་གྱི་སྤྱིལ་བུ་ཆུང་ཆུང་ཞིག་ཏུ་བསྡད་འདུག    ར་སྐོར་ཕལ་ཆེར་ལྗང་མདོག་གིས་བཀླུབས།   དེར་ཨ་མྲའི་སྡོང་པོ་ཆེན་པོ་ཞིག་འདུག   དེར་བེ་ཏའི་སྡོང་པོ་ཞིག་དང་ལི་ཙིའི་སྡོང་པོ་ཞིག་འདུག   གནས་དེ་ནི་མཐའ་འཁོབ་ལུང་སྟོང་ཞིག་དང་འདྲ་བ་ལས་གྲོང་ཁྱེར་གྱི་ནང་རོལ་ཞིག་དང་ཡེ་མི་མཚུངས།   སྲང་ལམ་ཀུན་ཏུ་ཨར་འདམ་གྱི་ཁང་པ་ཆེན་པོའི་རིགས་གཅིག་ཀྱང་མཐོང་རྒྱུ་མི་འདུག

     ཁོས་བཤད་པ་ནི་བདེན་པ་ཤ་སྟག་སྟེ།    ཨ་མྲ་ནི་དངོས་གནས་ཁ་ལ་མངར་ཞིང་ཁུ་བ་མང་བས།   ངས་གཅིག་འཕྲོར་གཅིག་བསྟུད་དེ་དྲུག་ཟོས།   ཨ་མྲའི་ཁུ་བ་སེར་པོ་ནི་ལག་མགོ་བརྒྱུད་ནས་གྲུ་ཚིགས་བར་དུ་བཞུར་ཞིང་།   ཁའི་ཟུར་ནས་ཀྱང་མ་ནེའི་མཚམས་སུ་བཞུར་ཏེ།   ཐ་ན་སིལ་ཁུས་ཚི་ལེན་གྱི་ཁ་མདོག་ཀྱང་བསྒྱུར་སོང་།

     ང་ཁྱིམ་དུ་ལོག་པ་ན།   ཨ་མ་ན་རེ།  “ཁྱོད་གང་དུ་ཕྱིན་པ་ཡིན།   ཁྱོད་ཀྱི་བསམ་པར་ཁྱོད་ནར་སོན་སོང་།   ཁྱོད་གང་སར་བརྒྱུག་ཆོག་འདོད་པ་ཡིན་ནམ།     སོངས།   ང་ལ་ལྕུག་མ་ཞིག་ཆོད་ལ་ཤོག”

     ཨ་མས་ང་ལ་གཅར་རྡུང་དྲག་པོ་བྱས་པས།  ང་སྒོའི་ཕྱི་ལ་བྲོས་ཤིང་ད་ནས་བཟུང་ཁྱིམ་དུ་མི་ལོག་པའི་དམ་བཅས་པ་ཡིན།   ང་རང B. ཝོར་ཛི་ཝོར་སི་ཡི་ཁྱིམ་དུ་སླེབས།   ང་རང་ཁོང་ཁྲོ་ཆེན་པོ་ལངས་ཤིང་ངའི་སྣ་ལས་ཁྲག་འཛར་གྱིན་འདུག 

B. ཝོར་ཛི་ཝོར་སི་ཡིས“མ་ངུ་རོགས།  ང་ཚོ་ཕྱི་ལ་འཆམ་འཆམ་དུ་འགྲོ”ཟེར།

     ངས་ངུ་མཚམས་བཞག་ཀྱང་མགྲིན་པ་བརྣངས་པའི་སྒྲ་ད་དུང་མཚམས་མ་ཆད།  ང་ཚོ་ཧྲིན་ཁི་ལེར་རྒྱ་ལམ(St Clair Avenue)དུ་དལ་གྱིས་ཕྱིན་ཞིང་སཱ་ཝན་ནཱ་སྤྱི་གླིང(the Savannah)བརྒྱུད་དེ་རྟ་རྒྱུག་ར་བའི་བར་དུ་སོང་།      

B. ཝོར་ཛི་ཝོར་སི་ཡིས“ད་ལྟ་ང་ཚོ་སྤང་ཐོག་ལ་གན་རྐྱལ་དུ་ཉལ་ནས་ནམ་མཁར་བལྟ་ཆོག   ཁྱོད་ཀྱིས་སྐར་མ་དང་ང་ཚོའི་བར་རྒྱང་ཐག་ག་ཙམ་ཡོད་མེད་སྐོར་ལ་བསམ་བློ་ཐོངས་དང”ཟེར།       

     ངས་ཁོས་བཤད་པ་ལྟར་བྱས་ཤིང་།   ཁོས་དེ་ལྟར་བྱེད་དོན་ཧ་གོ་སོང་།  ངས་ཅི་ཡང་མི་ཚོར་ལ།   དུས་མཚུངས་སུ་ཡང་སྔ་ན་ཡོད་མ་མྱོང་བའི་ང་རྒྱལ་དང་བདེ་སྐྱིད་ཅིག་ཚོར་བྱུང་།    ངས་ཁོང་ཁྲོ་བརྗེད་ཅིང་།   མིག་ཆུ་བརྗེད།   མི་སྐྱིད་པ་ཐམས་ཅད་བརྗེད་སོང་།   

     ངས་ཁོ་ལ་ད་ནི་ངའི་སེམས་ཁམས་ཅུང་ཟད་དྭངས་སོང་ཟེར་དུས།   ཁོས་སྐར་མ་རེ་རེའི་མིང་བཤད་འགོ་བརྩམས།   རྒྱུ་མཚན་ཅི་ཡིན་ཧ་མ་གོ་མོད་ངས་ནི་སེམས་སུ་དམ་པོར་བཟུང་འདུག   ད་ལྟ་ཡིན་རུང་ངས་འཕྲལ་དུ་དེ་ཉིད་མཛུབ་མོས་སྟོན་ཐུབ།  གཞན་རྣམས་ཡོངས་སུ་བརྗེད་ཟིན།     

     གློ་བུར་དུ།   ང་ཚོའི་གདོང་དུ་ཅི་ཞིག་འོད་ཆེམ་ཆེམ་དུ་འཕྲོས་བྱུང་ལ།   དེ་དང་ཆབས་ཅིག་ཉེན་རྟོག་པ་ཞིག་མདུན་སར་མངོན་བྱུང་།   ང་ཚོ་འཕྲལ་དུ་སྤང་ཐོག་ནས་ཡར་ལངས་པ་ཡིན།     

     “ཁྱོད་གཉིས་ཀྱིས་འདི་རུ་ག་རེ་བྱེད་ཀྱིན་ཡོད།”   ཉེན་རྟོག་པས་དེ་ལྟར་དྲིས་བྱུང་།     

     B. ཝོར་ཛི་ཝོར་སི་ཡིས“ལོ་ངོ་བཞི་བཅུ་འགོར་སོང་།   ངས་ཀྱང་རྟག་པར་གནད་དོན་འདིར་བསམ་བློ་གཏོང་བཞིན་ཡོད”ཟེར།

     དེ་ནས་བཟུང་ངེད་གཉིས་གྲོགས་པོ་རུ་གྱུར་སོང་།    B. ཝོར་ཛི་ཝོར་སི་དང་ངེད་གཉིས།   ཁོས་ང་ལ“ང་དང་ད་དུང་ཨ་མྲའི་སྡོང་པོ་དང་བེ་ཏའི་སྡོང་པོ་དང་ལི་ཙིའི་སྡོང་པོའི་གཏམ་རྒྱུད་དེ་ཁྱོད་ཀྱིས་སུ་ལའང་མ་བཤད།   ངེས་པར་དུ་གསང་བ་བྱ་དགོས།   གལ་ཏེ་ཁྱོད་ཀྱིས་གཞན་ལ་བཤད་ཚེ་ངས་རྟོགས་པར་འགྱུར།  རྒྱུ་མཚན་ནི་ང་སྙན་ངག་པ་ཡིན་པས་སོ”ཟེར།     

     ངས་མནའ་བསྐྱལ་ཞིང་གསང་བ་དེ་དམ་པོར་བསྲུངས་པ་ཡིན།     

     ང་ནི་ཁོའི་སྡོད་ཁང་ཆུང་ཆུང་དེར་ཤིན་ཏུ་དགའ།   ཁྱིམ་ནང་གི་ཁྱིམ་ཆས་ནི་ཇོར་ཇི་ཚང(George’s)གི་ཁང་མིག་མདོ་མ་དེ་ལས་ཀྱང་ཉུང་མོད།  འོན་ཀྱང་ཕར་བལྟས་ཚེ་གྲ་དག་ཅིང་བག་ལྷོད་པོ་ཞིག་ཡིན།   ཡིན་ནའང་དུས་མཚུངས་སུ་འཁྱག་ཤུར་ཤུར་གྱི་སྣང་བ་ཞིག་ཀྱང་སྟེར་བར་བྱེད།     

     ཉིན་ཞིག་ངས་ཁོ་ལ“སྐུ་ཞབས B. ཝོར་ཛི་ཝོར་སི།   ཁྱེད་ཀྱིས་ར་སྐོར་ནང་དུ་སྡོང་པོ་འདི་འདྲའི་མང་པོ་ཞིག་གསོ་དོན་ཅི་ཡིན།   འདི་རུ་གཞའ་བརླན་འཛིན་མི་སྲིད་དམ”ཞེས་དྲིས།     

     ཁོས་བཤད་རྒྱུར།   “ཉོན་ཅིག   ངས་ཁྱོད་ལ་གཏམ་རྒྱུད་ཅིག་བཤད།  གནའ་སྔ་མོ་སྔ་མོ་ཞིག་ལ།   ཕོ་གསར་ཞིག་བུ་མོ་ཞིག་དང་འཕྲད་ཅིང་།   ཁོ་གཉིས་འཕྲལ་དུ་དགའ་རོགས་སུ་གྱུར།    ཁོ་གཉིས་བར་ལ་བརྩེ་བ་ཟབ་མོ་ཆགས།  རྗེས་སུ་གཉེན་ཡང་བསྡེབས།   ཁོ་གཉིས་ཀ་ནི་སྙན་ངག་པ་ཡང་ཡིན།   ཕོ་གསར་དེ་རྩོམ་རིག་ལ་དགའ་ཞིང་།   བུ་མོ་དེ་རྩི་ཤིང་དང་མེ་ཏོག་ལ་དགའ་པོ་ཞེ་དྲག་ཡོད།   ཁོ་གཉིས་ཀྱིས་སྡོད་ཁང་ཆུང་ཆུང་ཞིག་ཏུ་འཚོ་བ་སྐྱིད་པོ་རོལ་བཞིན་བསྡད་ཡོད།   ཉིན་ཞིག་བུད་མེད་སྙན་ངག་པས་ཕོ་གསར་ལ་འུ་ཚང་དུ་ད་ཡང་སྙན་ངག་པ་ཞིག་ཇེ་མང་དུ་འགྲོ་རྒྱུ་རེད་ཅེས་བཤད།   ཡིན་ནའང་སྙན་ངག་པ་ཆུང་ཆུང་དེ་འཁྲུངས་མ་བྱུང་།   རྒྱུ་མཚན་ནི་བུ་མོ་དེ་ཤི་སོང་།    དེ་ཡང་མོ་དང་མཉམ་དུ་ཕྱིན་སོང་སྟེ།   བུ་མོ་དེའི་ཁོག་ཏུ་ཤི་སོང་བ་རེད།  བུ་མོ་དེའི་ཁྱོ་ག་སེམས་ཤིན་ཏུ་སྡུག་པོར་གྱུར་ཏེ།  དེ་ནས་བཟུང་བུ་མོ་དེའི་མེ་ཏོག་ར་བའི་ནང་གི་རྩྭ་རྐང་གཅིག་ཀྱང་མི་བསྒུལ་བའི་དམ་བཅས།  དེ་ནས་མེ་ཏོག་ར་བ་བསྐྱུར་བ་དང་།    ལྗོན་ཤིང་དང་མེ་ཏོག་ལ་བདག་དམ་བྱེད་མཁན་མེད་པར།   ཉིན་རེ་བཞིན་སྐྱེས་ནས་ཆེན་པོར་གྱུར།”

     ངས B. ཝོར་ཛི་ཝོར་སི་ལ་བལྟས་ནས་མི་སེམས་འགུལ་བའི་གཏམ་རྒྱུད་དེར་ཉན་དུས།   ཁོ་ནི་སྔར་བས་ཀྱང་རྒས་ཉམས་དོད་འདུག   ངས་ཁོས་བཤད་པའི་གཏམ་རྒྱུད་ཧ་གོ་སོང་།     

     ངེད་གཉིས་རྟག་ཏུ་ལམ་ཐག་རིང་པོར་འཆམ་འཆམ་དུ་ཕྱིན་པ་ཡིན།      ངེད་གཉིས་སྐྱེ་དངོས་གླིང་ག(the Botanical Gardens)དང་བྲག་རྡོ་གླིང་ག(the Rock Gardens)ལ་མྱུལ།    ས་སྲོས་ཀྱི་སྐབས་སུ་སློབ་གཙོ་དེའུ་འབུར(Chancellor Hill)གྱི་སྟེང་དུ་འགོས་ནས་མཚན་སྨག་གིས་སི་ཕེན་གྲུ་ཁའི་གནམ་ས་དལ་བུར་གཡོགས་འོངས་པ་དང་།    གྲོང་ཁྱེར་གྱི་ནང་དང་གྲུ་ཁའི་གྲུ་གཟིངས་རྣམས་ཀྱི་སྟེང་ན་གློག་འོད་ཆེམ་ཆེམ་དུ་འཕྲོ་བར་བལྟས།     

     ཁོས་བྱ་བ་གང་ཞིག་བསྒྲུབས་ཀྱང་ཚེ་འདིར་ཐེངས་དང་པོར་སྒྲུབ་པ་ལྟར་བྱེད།ཁོས་བྱ་བ་གང་ཞིག་བསྒྲུབས་ཀྱང་ཆོས་ལུགས་ཀྱི་ཆོ་ག་ཞིག་སྒྲུབ་པ་ལྟར་དུ་བྱེད།

     སྐབས་རེ་འགར་ཁོས་ང་ལ།   “ད་ནི།     འཁྱགས་ཞོ་འཐུང་དུ་སོང་ན་ག་འདྲ་རེད”ཅེས་དྲིས་ཡོང་།     

     ངས་འཐད་པའི་བརྡ་བསྟན་པ་ན།   ཁོས་ཧ་ཅང་གཟབ་ནན་ངང“དེས་ན།     ང་ཚོ་འཁྱག་ཟས་ཁང་གང་དུ་འགྲོ་འམ”ཞེས་བརྗོད་འོངས་ལ།   དེ་ཡང་ཧ་ཅང་དོན་དག་གལ་ཆེན་ཞིག་ཡིན་སྙམ་བྱེད།   ཁོས་རྒྱུན་པར་དུས་ཡུན་རིང་པོ་ཞིག་ལ་དེར་བསམ་གཞིག་བཏང་འཕྲལ་མཇུག་མཐར“ངས་བལྟས་ན།   ང་ཚོ་སྔོན་ལ་དེ་ཚང་དུ་ཕྱིན་ནས་རིན་གོང་ལ་རྒྱུས་ལོན་བྱས་ན་འགྲིག”ཟེར་འོངས།     

     འཇིག་རྟེན་འདི་ནི་དངོས་འབྲེལ་མི་སེམས་བསྒུལ་བར་བྱེད་པའི་གནས་ཤིག་རེད་ཨང་།     

◆ ◇ ◆ ◇ ◆ ◇ ◆ ◇

     ཉིན་ཞིག་ར་སྐོར་ནང་དུ་ཁོས་ང་ལ“ངས་ཁྱོད་ལ་གསང་བ་གལ་ཆེན་ཞིག་བཤད་རྒྱུ་ཡིན”ཟེར།     

     ངས“ངོ་མ་གསང་བ་ཡིན་ནམ”ཞེས་དྲིས།     

     “གནས་སྐབས་འདི་ལ་ད་དུང་གསང་བ་ཡིན།”

     ངས་ཁོ་ལ་བལྟས་བསྡད་པ་ན།  ཁོས་ཀྱང་ང་ལ་བལྟས་འདུག  ཁོས“ཡིད་ལ་ཟུངས།   ཁྱོད་དང་ང་གཉིས་བར་ཁོ་ན་ཡིན།   ངས་ད་ལྟ་སྙན་ངག་ཅིག་འབྲི་བཞིན་པ་ཤེས་ཡོད”ཟེར།     

     “ཨོ།”  ང་རང་ཅུང་ཙམ་ཡིད་ཐང་ཆད་སོང་།     

     ཁོས“འདི་ནི་སྙན་ངག་ཕལ་པ་ཞིག་མ་ཡིན་ཏེ།    འདི་ནི་འཇིག་རྟེན་སྟེང་ཆེས་རླབས་ཆེ་བའི་སྙན་ངག་ཅིག་ཡིན”ཟེར།

     ངས་ཤུགས་རིང་ཞིག་ཕྱུངས།

     ཁོས་བཤད་རྒྱུར།   “མིག་སྔའི་བར་དུ་ངས་ལོ་ལྔར་བྲིས།  ངས་ད་ལྟའི་མགྱོགས་ཚད་འདི་རྒྱུན་འཁྱོངས་བྱ་ཐུབ་ཚེ།   ད་ནི་ལོ་ངོ་ཉི་ཤུ་འགོར་ན་བྲིས་ཚར་འགྲོ།”

     ངས“དེས་ན་ཁྱོད་ཀྱིས་ད་ལྟ་ཉིན་རེར་མང་པོ་འབྲི་བཞིན་ཡོད་དམ”ཞེས་དྲིས།     

     ཁོས་བཤད་རྒྱུར།  “སྔོན་ཆད་ནང་བཞིན་མང་པོ་འབྲི་མི་ཐུབ།   ཟླ་རེར་ཐིག་ཕྲེང་གཅིག་ལས་འབྲི་ཡི་མེད།      ཡིན་ནའང་དེ་ནི་ཆེས་ཕུལ་དུ་བྱུང་བའི་ཐིག་ཕྲེང་དེ་ཡིན་སྲིད།”

     ངས“ཟླ་སྔོན་མར་བྲིས་པའི་ཐིག་ཕྲེང་དེ་གང་ཡིན”ཞེས་བྲིས།     

     ཁོས་མགོ་བོ་མཁའ་ལ་དགྱེ་སྟེ“འདས་པ་ནི་ཟབ་མོའོ(The past is deep)”ཟེར།

    ངས“དེ་ནི་ཚིག་རྐང་སྙན་པོ་ཞིག་རེད”ཅེས་སྨྲས།     

   B. ཝོར་ཛི་ཝོར་སི་ཡིས་བཤད་རྒྱུར།    “ངས་ཟླ་གཅིག་གི་ལག་ལེན་དང་ཉམས་མྱོང་མ་ལུས་ཚིག་རྐང་རྐྱང་པ་འདིའི་ནང་དུ་བསྟིམ་འདོད།   འདི་ལྟར་ལོ་ཉི་ཤུ་འགོར་རྗེས།   ངས་འགྲོ་བ་མི་ཐམས་ཅད་གླུ་རུ་ལེན་པའི་སྙན་རྩོམ་ཞིག་འབྲི་བར་འགྱུར་ཐུབ།”

     ང་ནི་ཧ་ལས་པར་གྱུར།     

◆ ◇ ◆ ◇ ◆ ◇ ◆ ◇

     ངེད་གཉིས་མུ་མཐུད་ནས་འཆམ་འཆམ་དུ་ཕྱིན།     ཉིན་ཞིག་ངེད་གཉིས་ཌོག་ས་ཡེ་ཋེ(Docksite)གྲུ་ཁའི་རླབས་འགོག་རགས་ཁ་བརྒྱུད་ནས་འགྲོ་དུས།      ངས“སྐུ་ཞབས B. ཝོར་ཛི་ཝོར་སི།  གལ་ཏེ་ངས་འཛེར་མ་འདི་མཚོ་ནང་དུ་འཕངས་ཚེ་ཆུ་ཁར་གཡེང་གི་རེད་དམ”ཞེས་དྲིས།     

     ཁོས“འཇིན་རྟེན་དུ་ངོ་མཚར་ཅི་ཡང་མཐོང་བས།   འཛེར་མ་འཕོངས་དང་།  ང་ཚོས་ཅི་འབྱུང་ལ་བལྟ”ཟེར།      

     འཛེར་མ་གཏིང་དུ་བྱིངས་སོང་།

     ངས་ཡང“ཟླ་འདིའི་སྙན་ངག་ག་འདྲ་བྱུང་སོང”ཞེས་དྲིས།     

     ཡིན་ནའང་ཁོས་ཚིག་རྐང་གཞན་པ་གང་ཡང་ང་ལ་གཏན་ནས་གླེང་མ་བྱུང་།  ཁོས“འོ།   དེ་འབྲི་བཞིན་ཡོད།   ཁྱོད་ཀྱིས་ཤེས་པ་ལྟར་དེ་འབྲི་བཞིན་ཡོད”ཅེས་པ་ཙམ་ལས་ཅི་ཡང་མི་བཤད།    

     ཡང་ན་སྐབས་རེར་ངེད་གཉིས་གྲུ་ཁའི་རླབས་འགོག་རགས་ཁར་བསྡད་ནས་གྲུ་ཁའི་ཕྱོགས་སུ་འོང་བའི་མཚོ་གྲུར་བལྟས་ནས་བསྡད།      

     ཡིན་ནའང་།    ངས་འཇིག་རྟེན་སྟེང་ཆེས་རླབས་ཆེ་བའི་སྙན་ངག་དེ་གཏན་ནས་ཐོས་རྒྱུ་མ་བྱུང་།

◆ ◇ ◆ ◇ ◆ ◇ ◆ ◇

     ང་ལ་ཁོ་རང་ཉིན་རེ་ལས་ཉིན་རེར་རྒ་བཞིན་པའི་ཚོར་བ་སྐྱེས།

     “སྐུ་ཞབས B. ཝོར་ཛི་ཝོར་སི།    ཁྱོད་ཀྱིས་ཇི་ལྟར་འཚོ་བ་བསྐྱལ་བ་ཡིན།”  ཐེངས་ཤིག་ངས་ཁོ་ལ་དྲིས།

     ཁོས“ཁྱོད་ཀྱིས་ངས་སྒོར་མོ་ཇི་ལྟར་འཚོལ་བ་འདྲི་བསམ་པ་ཨེ་ཡིན”ཟེར།

     ངས་མགོ་བོ་ལྡེམ་ལྡེམ་བྱས་པ་ན།   ཁོས་ཁྲེལ་དགོད་ཅིག་བྱས་བྱུང་།

     ཁོས་བཤད་རྒྱུར།  “ལོ་རེའི་ཁ་ལིབ་སོ་གཞས་ཆུང་གཏོང་བའི་དུས་ཚིགས་ནང་ང་གཞས་ཆུང་དེ་གཏོང་བར་ཕྱིན་པ་ཡིན།”

     “དེས་ཁྱོད་ཀྱི་ལོ་གཅིག་གི་འཚོ་བའི་འགྲོ་གྲོན་འདང་ངམ།”

     “འདང་ངེས་ཡིན།”

     “ནམ་ཞིག་ཆེས་རླབས་ཆེ་བའི་སྙན་ཚིག་དེ་བྲིས་ཚར་རྗེས།    ཁྱོད་ནི་འཇིག་རྟེན་སྟེང་ཆེས་འབྱོར་ཕྱུག་པའི་ལྡན་པའི་མི་རུ་འགྱུར་སྲིད་དམ།”

     ཁོས་ལན་བཏབ་མ་བྱུང་།  

◆ ◇ ◆ ◇ ◆ ◇ ◆ ◇

     ཉིན་ཞིག་ང་ཁོའི་ཁང་པ་ཆུང་ཆུང་དེ་རུ་ཁོ་ལ་ལྟ་རུ་འགྲོ་དུས།    ཁོ་ནི་མལ་ཁྲི་ཆུང་ཆུང་དེའི་སྟེང་ཉལ་འདུག  ཕར་བལྟས་ཚེ་ཁོ་ནི་དེ་འདྲའི་ཉམ་ཐག་ཅིང་དེ་འདྲའི་རྒས་འཁོགས་སུ་གྱུར་འདུག་པས།   ང་ལ་ངུ་སྙིང་འགོག་མེད་ཅིག་སྐྱེས།     

     ཁོས“སྙན་ངག་བྲིས་པ་དེ་འདྲའི་བདེ་བླག་ཅིག་མ་རེད”ཟེར།

     ཁོས་ང་ལ་བལྟས་མ་བྱུང་།   སྒེའུ་ཁུང་བརྒྱུད་ནས་བེ་ཏའི་སྡོང་པོར་བལྟས་འདུག་ཅིང་།   ང་ནི་གནས་དེར་གཏན་ནས་མེད་པ་ལྟར་སྣང་།   ཁོས“ཕོ་ལོ་ཉི་ཤུའི་ནང་ཡོད་དུས།   ངས་རང་ཉིད་ཀྱི་ལུས་གསེང་ན་ཤེད་ཤུགས་ཤིག་ཡོད་པ་ཚོར་ཐུབ”ཟེར།   སྐབས་དེར།   ཧ་ལམ་ང་རང་གི་མིག་ལམ་དེ་ག་རང་དུ།   ཁོའི་གདོང་ནི་སྔར་བས་ཀྱང་རྒས་ཤིང་སྔར་བས་ཀྱང་དུབ་པར་གྱུར་པ་ངས་མཐོང་སོང་།   “ཡིན་ནའང་དེ——དེ་ནི་མི་ལོ་མང་པོའི་སྔོན་གྱི་དོན་དག་རེད།”

     དེ་ནས——ང་ཡིས་དེ་ཉིད་ཤུགས་དྲག་པོའི་ངང་ཚོར་བར་གྱུར་པ་ནི།      དེ་ནི་ཨ་མས་ང་ལ་འགྲམ་ལྕག་ཐེངས་ཤིག་གཞུས་པ་དང་འདྲ།  ངས་དེ་ཉིད་ཁོའི་གདོང་ནས་གསལ་པོར་མཐོང་བྱུང་།   དེ་ནི་སུས་ཀྱང་མཐོང་ཐུབ་པའི་ངང་དུ་འདུག  འཆི་བདག་སྔར་ནས་གཉེར་རིས་ཀྱིས་ཁེངས་པའི་གདོང་དེར་འགོས་འདུག 

     ཁོས་ང་ལ་བལྟས་འདུག   ཁོས་ངའི་མིག་ནང་དུ་མཆི་མ་འཁྱིལ་འདུག་པ་མཐོང་བས།   ཁོ་ཡར་ཙོག་པུར་བསྡད།

     ཁོས“འདིར་ཤོག”ཟེར།   ང་ཕར་སོང་སྟེ་ཁོའི་པུས་མགོར་ཙོག

     ཁོས་ངའི་མིག་ལ་བལྟས་ནས“ཨོ།    ཁྱོད་ཀྱིས་ཀྱང་ཁོ་མཐོང་ཐུབ་ཀྱི་འདུག  ངས་རྟག་པར་ཁྱོད་ལ་སྙན་ངག་པའི་མིག་མདངས་ལྡན་ཞེས་བཤད་པ་ཡིན”ཟེར།     

     ཕར་བལྟས་ཚེ་ཁོའི་སེམས་པ་སྡུག་གིས་མནར་མི་འདུག   དེས་ལྡོག་སྟེ་ང་རང་བཟོད་དཀའ་བར་བཏང་།   ང་ནི་སྐད་ཆེན་པོས་ངུས་པ་ཡིན།     

     ཁོས་ང་ཁོའི་སྐམ་ཞིང་རིད་པའི་བྲང་ལ་གླན་ནས“ངས་ཁྱོད་ལ་གཏམ་རྒྱུད་དགོད་བྲོ་བ་ཞིག་བཤད།     ཁྱོད་ཀྱིས་ཉན་འདོད་དམ”ཟེར་ཞིང་ང་ལ་ཕྱོགས་ཏེ་འཛུམ་གྱིས་སྐུལ་སློང་བྱེད།     

     ཡིན་ནའང་ངས་ལན་འདེབས་མ་ཐུབ།    

     ཁོས“ངས་ཁྱོད་ལ་གཏམ་རྒྱུད་འདི་བཤད་ཚར་རྗེས།     ཁྱོད་འདི་ནས་འགྲོ་དགོས་ཤིང་དེ་ནས་ཁྱོད་ང་ལ་གཏན་ནས་བལྟ་རུ་ཡོང་རྒྱུ་མིན་པ་ཁྱོད་ཀྱིས་ཁས་ལེན་དགོས།   ཁས་ལེན་ནམ”ཟེར།     

      ངས་མགོ་བོ་ལྡེམ་ལྡེམ་བྱས།

      ཁོས་བཤད་རྒྱུར།  “ཧ་ཅང་བཟང་།  དེས་ན་ཉོན་དང་།  སྔོན་ཆད་ངས་ཁྱོད་ལ་ན་གཞོན་སྙན་ངག་པ་ཞིག་དང་བུ་མོ་སྙན་ངག་པ་ཞིག་གི་གཏམ་རྒྱུད་བཤད་མྱོང་།  ཁྱོད་ཀྱིས་ད་དུང་དྲན་ནམ།  དེ་ནི་ངོ་མ་མིན།   ངས་བསྒྲིགས་པ་ཡིན།   ད་དུང་སྙན་ངག་དང་འཇིག་རྟེན་སྟེང་ཆེས་རླབས་ཆེ་བའི་སྙན་ངག་ཅིག་ཟེར་བ་དེ་དག་ཀུན་ཀྱང་རྫུན་ཡིན།   ཁྱོད་ཀྱིས་ཤོད་དང་འདི་ནི་ཁྱོད་ཀྱིས་ཐོས་པའི་དོན་དག་ཆེས་དགོད་བྲོ་བ་དེ་ཨེ་རེད།”

     ཡིན་ནའང་ཁོའི་སྐད་ངག་འགག་པར་གྱུར།

     ང་ཁང་པ་ཆུང་ངུ་དེ་དང་ཁ་བྲལ་ཞིང་ངུ་ཞོར་དུ་ཁྱིམ་ལ་བརྒྱུགས།    སྙན་ངག་པ་ཞིག་དང་འདྲ་བར།   ཅི་ཞིག་མཐོང་ཡང་ངུ་སྙིང་འདོད།   

◆ ◇ ◆ ◇ ◆ ◇ ◆ ◇

     ལོ་གཅིག་གི་རྗེས་སུ་ང་ཡང་བསྐྱར་ཨལ་བྷེར་ཋོ་སྲང་ལམ་བརྒྱུད་ནས་སོང་བ་ཡིན།    ཡིན་ནའང་སྙན་ངག་མཁན་གྱི་ཁང་པ་དེའི་ཡོད་རྟགས་ཤིག་མཐོང་ཐུབ་ཀྱི་མི་འདུག   ཁང་པ་དེ་དེ་ལྟར་སྐད་ཅིག་ཙམ་ལ་ཡལ་སོང་བ་མ་རེད།   ཁང་པ་དེ་བཤིག་རྗེས་དེའི་ཤུལ་དུ་ཉིས་ཐོག་ཅན་གྱི་ཁང་པ་ཆེན་པོ་ཞིག་བསླངས་འདུག   ཨ་མྲའི་སྡོང་པོ་དང་བེ་ཏའི་སྡོང་པོ།   ད་དུང་ལི་ཙིའི་སྡོང་པོ་སོགས་ཀྱང་ཚང་མས་བཅད་ཅིང་།  ག་ས་ཀུན་ཏུ་སོ་ཕག་དང་ཨར་འདམ་གྱིས་ཁེངས་འདུག

     དེ་ནི་སྐུ་ཞབས B. ཝོར་ཛི་ཝོར་སི་འཇིག་རྟེན་འདི་ལ་གཏན་ནས་ཡོང་མ་མྱོང་བ་དང་འདྲ།




"B. Wordsworth", translated from V. S. Naipaul: Collected Short Fiction (Everyman’s Library), New York: Alfred A. Knopf, 2011, 36-42.





རྩོམ་ཁུངས། 丨《འཛམ་གླིང་རྩོམ་རིག》དེབ་དང་པོ།

རྩོམ་སྒྲིག 丨 《འཛམ་གླིང་རྩོམ་རིག》རྩོམ་སྒྲིག་ཚོགས་ཆུང་།

ཡིག་སྒམ། 丨 vairochana@sina.com

འཕྲིན་སྟེགས། 丨 World Literature




: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存