གཏེར་སྲས་རྡོ་རྗེ་དགྲ་འདུལ་གྱི་ཟབ་གཏེར་གུ་རུའི་བཀའ་བསྡུས།
ཿཀློང་ཡངས་རིག་པའི་གཏེར་མཛོད་ཟབ་མོ་ལས༔
གུ་རུ་པདྨའི་རྣམ་ཐར་བསྡུས་པ་དྲི་མེད་ཤེལ་གྱི་བུམ་པ་བཟང་པོ་བདུད་རྩི་སྙིང་པོའི་བཅུད་ལྡན་ཞེས་བྱ་བ་བཞུགས་སོ༔
ན་མོ་གུ་རུ་པདྨ་ཀ་ར་ཡེ༔
ཨེ་མ་ཧོ༔
སྐུ་གསུམ་སྟོན་པ་སྣང་མཐའི་ཐུགས་སྤྲུལ་རྗེ༔
དྲི་མེད་མཚོ་སྐྱེས་རྒྱལ་དབང་པདྨ་འབྱུང་༔
རྩ་གསུམ་རྒྱ་མཚོའི་འཁོར་གྱི་དབུས་བཞུགས་ཤིང་༔
ཡེ་ཤེས་སྒྱུ་མར་རོལ་པའི་ཏིང་འཛིན་གྱིས༔
ངོ་མཚར་རྨད་བྱུང་མཚན་མཆོག་བརྒྱད་དང་ལྡན༔
རྒྱལ་པོའི་སྲས་མཛད་རྒྱལ་ཁམས་བདེ་ལ་བཀོད༔
འཁོར་བའི་སྐྱོན་སྤངས་བརྟུལ་ཞུགས་སྤྱོད་ཚུལ་བསྟན༔
འགྲོ་དོན་ལ་དགོངས་རྒྱ་གར་ཤར་ནུབ་བྱོན༔
ཟ་ཧོར་ཡུལ་དུ་ཤཱཀྱའི་དགེ་སློང་མཛད༔
བླ་མ་མང་བསྟེན་ཤེས་རབ་རྣམ་གསུམ་སྦྱངས༔
ཀུན་དགའ་མོ་ཡིས་ཞལ་གསོལ་དབང་བྱིན་བརླབས༔
དུར་ཁྲོད་གནས་གཤེགས་མཁའ་འགྲོའི་དངོས་གྲུབ་གནང་༔
མ་ར་ཏི་ཀར་ཚེ་ཡི་རིག་འཛིན་འགྲུབ༔
རྒྱལ་པོའི་གསོན་བསྲེགས་མེ་དཔུང་མཚོ་རུ་བསྒྱུར༔
མཁའ་འགྲོའི་གླིང་དཀྱིལ་རྫུ་འཕྲུལ་སྤྱོད་པ་འགྱེད༔
བསིལ་བའི་ཚལ་དུ་བཀའ་སྲུང་དམ་ལ་བཏགས༔
ན་ལེན་དྷ་རུ་ཆོས་འཁོར་བསྐོར་ནས་ཀྱང་༔
བདུད་དང་མུ་སྟེགས་ཐམས་ཅད་ཐབས་ཀྱིས་བཏུལ༔
ཡང་ལེ་ཤོད་དུ་བདེ་བཤེགས་དཀྱིལ་འཁོར་གཟིགས༔
འགྲོ་དོན་དཔག་མེད་རྒྱལ་ཁམས་ཆོས་ལ་བཙུད༔
མངའ་བདག་རྒྱལ་པོས་སྤྱན་དྲངས་བོད་དུ་བྱོན༔
རྒྱ་བོད་ལྷ་འདྲེ་དམ་བཏགས་བྲན་ཁས་བླངས༔
བསམ་ཡས་ཕོ་བྲང་མ་བཞེངས་ལྷུན་གྱིས་གྲུབ༔
རྒྱུ་འབྲས་ཐེག་ཆེན་ཆོས་ཀྱི་སྒྲོན་མེ་སྦར༔
ཏི་སྒྲོ་བྲག་དང་མཆིམས་ཕུའི་གནས་རྣམས་སུ༔
མཚོ་རྒྱལ་ཡུམ་དང་གསང་སྤྱོད་གསང་སྒོ་ཕྱེས༔
རྗེ་འབངས་ལ་སོགས་སྨིན་གྲོལ་ལམ་ལ་བཀོད༔
གཙུག་ལག་སྒྲུབ་གནས་བྱིན་བརླབས་ཟབ་གཏེར་སྦས༔
ཆོས་དང་གང་ཟག་བསྟན་པའི་བཙས་སུ་བཞག༔
རྔ་ཡབ་གླིང་དབུས་སྲིན་པོ་འདུལ་དུ་བྱོན༔
ད་ལྟ་མཁའ་སྤྱོད་མཁའ་འགྲོའི་ཚོགས་དབུས་བཞུགས༔
གདུལ་བྱར་རྗེས་བརྩེས་འགྲོ་བའི་དོན་ལ་དགོངས༔
སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ནམ་བྱུང་དང་༔
དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ༔
སྐུ་དངོས་སྤྲུལ་པ་རྒྱུན་ཆད་མེད་པ་རུ༔
སྐལ་ལྡན་སྐྱོང་བར་ཞལ་བཞེས་རྡོ་རྗེའི་ཚིག༔
བཀའ་དྲིན་མཉམ་མེད་དྲིན་ཆེན་ཆོས་རྗེ་ཡི༔
སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐར་རྒྱས་པས༔
བསྟན་འགྲོའི་དོན་དུ་རླབས་ཆེན་མཛད་ཚུལ་གྱི༔
རྣམ་ཐར་དྲན་ཞིང་གསོལ་བ་སྙིང་ནས་འདེབས༔
སྒོ་གསུམ་རབ་གུས་གདུང་བས་ཕྱག་འཚལ་ལོ༔
དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་འབུལ༔
ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་མཐོལ་ལོ་བཤགས༔
རང་གཞན་དགེ་བའི་དངོས་པོར་རྗེས་ཡི་རང་༔
སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔
སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དངོས་གྲུབ་སྩོལ༔
འབྲལ་མེད་སྙིང་གི་དཀྱིལ་དུ་ལྷན་ནེར་བཞུགས༔
ཚེ་དང་ཆོས་ལ་བར་ཆད་མི་འབྱུང་ཞིང་༔
ཉམས་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ནས༔
དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔
པདྨ་འབྱུང་གནས་ཁྱེད་དང་མཚོ་རྒྱལ་ཡུམ༔
རིག་འཛིན་བླ་མ་རྒྱ་བོད་པཎ་གྲུབ་རྣམས༔
སྟོན་འཁོར་ཚོམ་བུར་ཚོགས་པ་ཨོ་རྒྱན་ཞིང་༔
གནས་གསུམ་མཁའ་འགྲོའི་སྤྲིན་གྱི་ཚོགས་དབུས་སུ༔
བདག་ལ་འབྲེལ་ཐོགས་ཕ་མ་སེམས་ཅན་ཀུན༔
འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག༔
ཅེས་པའི་རྣམ་ཐར་གསེར་གྱི་ཡང་ཞུན་འདི༔
གསལ་དག་སྙན་ཞིང་མོས་གུས་ཚད་མེད་པར༔
གུ་རུ་ཡིད་ལ་དྲན་བཞིན་ཉིན་མཚན་དུ༔
ལན་གྲངས་གསུམ་གསུམ་བཏོན་པའི་ཕན་ཡོན་ནི༔
རྒྱལ་བའི་བཀའ་འགྱུར་ཆེན་མོ་ཀློག་དང་མཉམ༔
ཁྱད་པར་དུས་འཁྲུགས་ནད་ཡམས་མུ་གེ་དང་༔
གཟའ་ཀླུ་འབྱུང་པོས་སྲོག་དབུགས་སྡུད་པ་སོགས༔
དུས་ཀྱི་འཚེ་བས་ཕོངས་རྒུད་ཉམ་ཐག་ཚེ༔
སླེབ་ཆོག་བདུད་རྩི་འཆི་མེད་དཔལ་སྟེར་ཡིན༔
དྲན་པ་ཙམ་གྱིས་མི་མཐུན་རྐྱེན་ངན་བཟློག༔
བསམ་པ་ཙམ་གྱིས་ཡིད་བཞིན་ནོར་བུ་འདྲ༔
བཏོན་པ་ཙམ་གྱིས་དགོས་དགུ་ངང་གིས་འབྱུང་༔
གནས་སྐབས་ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ༔
མཐར་ཐུག་ཀུན་བཟང་དགོངས་ཀློང་ཡངས་པར་གྲོལ༔
འཆི་ཚེ་གདུང་དང་རིང་བསྲེལ་འབྱུང་བར་འགྱུར༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཞེས་དུས་འཁྲུགས་རྩུབ་འགྱུར་གྱི་རུ་འཛིང་བྱུང་ཚེ་སེམས་ཅན་གྱི་སྡུག་བསྔལ་ལ་བྱ་ཐབས་བྲལ་ཡང་མ་བཟོད་པར་ཕན་དུ་རེ་བའི་བློས་གསང་བདག་མི་འགྱུར་རྡོ་རྗེས་གུ་རུ་ལ་གསོལ་བ་བཏབ་ནས་དགོངས་བརྡ་ཟབ་མོ་སྙིང་དང་འདྲ་བ་སྙན་བརྒྱུད་ཡེ་གེར་བཀོད་པ་ཡང་ཡང་སེམས་ཅན་གྱི་དོན་དུ་འགྱུར་ཕྱིར་ལྷག་ཆད་མེད་པར་གཏན་ལ་ཕབས་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔
སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝན་ཏུ༔ ༔
རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།