查看原文
其他

ཉི་མ་ལྷ་ས་ནས་ཁྱེད་རང་དྲན་ཚུལ།

TB菩提树园 爱情孤岛 2020-02-27


ཐོག་ལྕེའི་གླིང་ག

ཉི་མ་ལྷ་ས་ནས་ཁྱེད་ཉིད་དྲན་ཚུལ།

རྩོམ་པ་པོ། ཐོག་ལྕེ།

  དགའ་མ། ཁྱེད་ཉིད་ངའི་ཡིད་ཀྱི་འཇིངས་སུ་ཁ་བ་བཞིན་འཐིམས་ཏེ་ངོ་བོ་བདག་གཅིག་ཏུ་འདྲེས་པའི་བདེན་སྟོབས་རྣོ་དབལ་ཚ་བ་འདི་ཡིས། ད་གཟོད་ཚེ་འདིར་ང་ཁྱེད་ལ་དགའ་བ་ནི་དགའ་བ་དངོས་གནས་པ་ཞིག་ཡིན་པ་བདེན་ཐུབ་རྡོ་རྗེ་ཟེགས་པའི་གཏན་ཚིགས་ཅི་བས་ཀྱང་ཆེ་བ་རང་གཞན་བསླུ་མེད་ཀྱི་གཏམ་དུ་འཁུམ་ངེས་ལ། ངའི་དྲན་ཤེས་ཀྱི་གཟུང་འཛིན་གར་ཁྱབ་མཐའ་དག་ཏུ་ཁྱེད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱའི་ཕུང་བོས་ཁྱབ་པས། དྲན་ཤེས་ཀྱི་དབང་གིས་ཕྱི་དོན་སྣང་ཡུལ་དུ་གྱུར་བའི་ཆོས་མཐའ་དག་ཁྱེད་ཁོ་ནས་ཟིན་པའི་ཁམས་འདི་སྣང་ན་ཡོད་ཡོད་འདྲ་ལ་རེག་བྱའི་སྤྱོད་ཡུལ་དུ་རྩ་ནས་འགྱུར་ཐབས་མེད་ལ། སྣང་འཕྲུལ་སྒྱུ་མའི་གཟུགས་ཀྱི་ཁྱེད་ཉིད་ཕྱོགས་གང་ནས་བསམ་ཡང་སྐྱོ་གདུང་གི་མཚོ་མོ་བསྐྱིལ་བའི་གཞི་ལས་མི་འདུག་པའི་གནས་ལུགས་འདི་ངས་སྔ་མོ་ནས་རྟོགས་མོད། ང་ཁྱེད་ལ་དགའ་དུངས་ཀྱི་ཚོར་འདུ་དྲག་པོ་གྱེན་འབར་མེ་དང་ཐུར་འབབ་ཆུ་བོ་བཞིན་ལྡོག་མེད་ཀྱི་གཤིས་སུ་གྲུབ་པའི་དབང་གིས་བཅོས་པའི་ཐབས་ལ་འདྲེན་པའི་སྨན་སྦྱོར་ཞིག་འཚོལ་དུ་ག་ལ་ཡོད།

   དབང་བཙན་པའི་རྒྱུ་མཚན་དེ་དག་གིས་ཁྱེད་ང་དང་ཇི་ལྟར་ཡུལ་དུས་སྐལ་དོན་དུ་སོང་ན་དེ་ལྟར་དྲན་གདུང་གི་འདབ་ལག་རྒྱས་སྟོབས་ཆེ་བས། ངས་སླར་ཡང་ཚོད་ཚོད་མེད་པར་དྲན་པས་ཐེག་པར་དཀའ་བའི་སྐྱོ་གདུང་གི་བང་རིམ་ཆ་ཙམ་ཡི་གེའི་གཟུགས་སུ་ཕབ་སྟེ་སེམས་པ་གཡེང་ཐབས་ཀྱི་ལས་ལ་འབད་པར་བྱེད། སྨད་ཨ་མདོ་ནས་ཁྱེད་དང་ཁ་ཐག་རིང་དུ་གྱེས་ཏེ་སྟོད་ཉི་མ་ལྷ་ས་ནས་ཟླ་ངོ་མང་པོ་ཞིག་འདས་པའི་རིངས་ལ། ཁོར་ར་ཁོར་ཡུག་གི་ཡུལ་རྣམ་རྦད་དེ་གོ་བརྗེས་པ་ལྟ་བུའི་ཚོར་སྣང་བྱུང་ལ། ལྷག་ཏུ་རང་ཅག་ཡབ་མེས་རྣམས་ཀྱི་ཚེ་རབས་ཕྲེང་བརྒྱུད་དུ་སྙན་ནས་སྙན་བརྒྱུད་དེ་གྲགས་པའི་རི་བོ་གྲུ་འཛིན་ཕོ་བྲང་དང་ཇོ་ཤཱཀ་རྣམ་གཉིས་བཞུགས་སའི་ཡུལ་དབུས་ལྷ་ས་ནས། ཡུལ་གྲུ་གཞན་དང་ལྟོས་བཅས་ཀྱིས་སའི་ཁམས་མངོན་པར་འཕགས་པའི་ཁྱད་ཡོན་གྱིས་སྐྱེས་བོ་ཆུང་འབྲིང་བར་མ་ཀུན་ཡིན་ཡང་ཡིད་ལ་བདེ་སྣང་སྨྲ་བསམ་བརྗོད་འདས་ཤིག་བསྐྱེད་སྲིད་པ་སུ་ལ་ཡང་མངོན་སུམ་མྱོང་བས་གྲུབ། ཡིན་ཡང་ཁྱེད་ལ་ཞེ་ཆགས་པའི་དྲན་གདུང་གི་ཚོར་དབྱངས་དང་ཉིན་ཞག་དབྱེར་མེད་དུ་ཡིད་ལ་འཁོར་བའི་ཁྱེད་ཀྱི་ཞལ་གཟུགས་དང་། སྔར་བྱས་ཀྱི་འདས་དོན་མཐའ་དག་རང་སར་འགག་འགྲོ་བའི་སྐབས་ཕྲ་མོ་ཙམ་ཡང་མི་སྟེར་བས། ངས་ཁྱེད་ཉིད་དྲན་པའི་ཚོར་བ་རྒོད་དྲགས་པའི་ཉིན་འདི་གའི་རིངས་ལ། ང་རང་མི་ཚོགས་དང་སློབ་གྲོགས་ཀྱི་སྡེ་དང་ཁ་བྲལ་ཏེ་ཁེར་བུར་སློབ་གྲྭ་ནས་ཕྱིར་ལོགས་སུ་བསྐྱོད་དེ། ཕོ་བྲང་ཁྲི་རྩེ་དམར་པོའི་མདུན་ཐད་དུ་འགྲེང་སྟེ་སེམས་ཀྱི་དམིགས་རྩེ་ཁང་མིག་རེ་རེའི་སྐར་ཁུང་ལ་དར་ཅིག་བཏད་དེ་སེམས་པ་བག་ལྷོད་ཐབས་ལ་འབད་པ་ཡིན། དེ་ཙམ་གྱིས་མ་ཡོང་ན་ཕ་གིའི་ལྕགས་པོ་རིའི་སྐེད་དཀྱིལ་དུ་ཆགས་པའི་ཐེམ་བུར་འཛེགས་ཏེ་སླར་ཕོ་བྲང་པོ་ཏ་ལའི་གཟི་ཉམས་ལ་ཁ་མིག་ཕྱོགས་ནས་འདྲ་པར་བླངས་པ་ཡིན།

  དེ་ཙམ་གྱིས་མ་ཚིམ་ན་ལྕགས་པོ་རིའི་སྐེད་དཀྱིལ་ནས་བབས་ཏེ་ཕོ་བྲང་རྒྱབ་རོལ་གྱི་ནགས་གསེབ་ཏུ་ཆགས་པའི་རྒྱ་ཕིབས་ཟུར་དྲུག་ཏོག་ཅན་གྱི་རྫོང་རྒྱབ་ཀླུ་ཁང་ཕྱོགས་སུ་བསྐྱོད་པ་ཡིན། སེམས་ཀྱི་དམིགས་པ་དབང་བོས་ཐད་ཀར་ཟིན་པའི་ཀླུ་ཁང་གི་རྒྱ་ཕིབས་ཟུར་དྲུག་ཏོག་ནས་རིམ་གྱིས་ཐུར་དུ་ཟགས་ཏེ་མཐའ་བཞིར་འཁྱིལ་བའི་ཆུ་རྫིང་གི་ངོས་དང་། ཆུ་རྫིང་ཁར་གཡེང་བའི་བྱ་ཁྱུའི་རྩེད་འཇོ་ལ་གཡེང་བ་ཡིན། དེ་ཙམ་གྱིས་ཀྱང་ཡིད་ལ་ཚིམ་པ་ཆེར་མ་སྟེར་ཚེ་ང་རང་ཕོ་བྲང་གི་ལྕགས་རིའི་ཕྱི་ལ་བུད་དེ་ཐད་ཀར་གཙུག་ལག་ཁང་དུ་བསྐྱོད་པ་ཡིན། ཇོ་ཁང་མདུན་ནས་རྣམ་པར་དག་པའི་རྒྱུས་དྲངས་པའི་ཡིད་ཀྱི་སྨོན་སེམས་མཐའ་དག་ཇོ་བོ་རིན་པོ་ཆེ་ལ་གསོལ་འདེབས་དང་སྐྱབས་འཇུག་ཡང་ཡང་ཞུས་པ་ཡིན། དེ་ནས་གཙུག་ལག་ཁང་གི་མཐའ་སྐོར་དུ་འཚང་འཚང་ཤིག་ཤིག་གིས་རྒྱུགས་འདུར་བྱེད་བཞིན་པའི་མི་ཚོགས་ལ་སེམས་པ་གཡེང་ཞོར་བསྐོར་བ་ལན་དུ་མར་བརྒྱབ་ནས་ས་སྲོད་ཀྱི་དུས་ལ་སླེབས་ཉེ་ཙ་ན་ལུས་ཐང་ཡོངས་སུ་ཆད་འགྲོ་ལ། དུས་དེར་ད་གཟོད་ཁྱེད་ཉིད་དྲན་གདུང་གི་ཞེ་ཡིད་མར་བྲུབས་ནས་བག་ལྷོད་པའི་སྐབས་སྟེར་བས། ང་རང་དཔེ་ཀློག་ལ་འཇུག་པའི་བདེ་ལམ་ཡངས་མོ་ཞིག་རང་ཤུགས་ཀྱིས་ཐོན་ཡོང་ཙང་། བར་སྐོར་ནས་དགེ་ལེགས་དཔེ་ཁང་དང་ལྔ་རིག་དཔེ་ཁང་ནས་དེབ་འགའ་ཉོས་ནས་ལམ་སེང་སློབ་གྲྭར་ལོག་པ་ཡིན། 

   ཉལ་ཁང་ནས་ནམ་སྟོད་ཆུ་ཚོད་གཅིག་བར་དུ་ཉིན་གཅིག་གི་དཔེ་ཀློག་གི་འཆར་གཞི་ཡོངས་སུ་གྲུབ་པར་བྱས་ནས་ཉལ་མགོ་རྩོམ་པའི་བར་གླགས་ཀྱི་ཁོམ་གསེང་ཨེན་ཙམ་ནས་ཅི་ཡིན་འདི་ཡིན་མེད་པར་ཅི་ཞིག་བོར་སོང་བ་ལྟ་བུའི་སེམས་འགྱུ་ཕྲ་མོས་ལུས་ཡོངས་འཁྱག་གསིབ་གསིབ་ཏུ་འགྱུར་འགྲོ་ལ། དུས་དེར་ངས་སླར་ཡང་ཁྱེད་ཉིད་དྲན་པའི་གདུང་ཚོར་ལྷག་མ་ཞིག་མྱོང་དགོས་བྱུང་། དགའ་མ། ཁྱེད་དང་ཡུལ་དུས་སྐལ་དོན་དུ་སོང་བའི་སྟོད་ཉི་མ་ལྷ་ས་ནས་འདི་ལྟར་དྲན་གདུང་གི་ཚོར་བས་མནར་དོན་ནི། ང་ཁྱེད་ལ་དགའ་བ་ནི་དགའ་བ་དངོས་གནས་པ་ཞིག་ཡིན་པ་ཅིས་ཀྱང་མི་བརྗེད་རོགས། །

    ཕྱི་ལོ་༢༠༡༨/༡༢/༡༨ཉིན་ལ་ཡུལ་དབུས་ལྷ་ས་ནས་ཁ་བ་འབབ་ཐེངས་དང་པོར་རྫོགས་པར་བྲིས།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存