查看原文
其他

༄༅། །བློས་བསླངས་ཀྱི་དགའ་མའི་དཀྱིལ་འཁོར།|ཐོག་ལྕེ།

TogJe 爱情孤岛 2020-02-27

      

བློས་བསླངས་ཀྱི་དགའ་མའི་དཀྱིལ་འཁོར།

རྩོམ་པ་པོ། ཐོག་ལྕེ།                                    

བདག་གི་ཀུན་གཞིའི་བག་ལ་ཉལ་བའི་འདོད་འཇོ་འཕགས་མ་མྱུར་མ་ཞིག།

འཆར་ཡན་ལྷ་མོའི་གར་གྱིས་བརྒྱུས་པའི་རྨུ་ཐག་དར་གྱི་སྐས་བཙུགས་པའི།།

རབ་འབྱམས་རྟོག་པ་འོག་འགྱུ་རྒོད་པའི་དྭངས་བསིལ་བར་སྣང་ཕོ་བྲང་ན།།

བདག་གི་མྱོས་བྱེད་ལྕགས་ཀྱུ་འདྲེན་པའི་མཛའ་ན་མོ་ཡི་བཞིན་དཔལ་སྦྲུམ།།

དཔེ་བྱད་མཚན་བཟང་རབ་ཀྱིས་བརྗིད་པའི་སྙིང་སྡུག་ཡིད་འོང་པད་མའི་ཏོག།

ཟླ་བ་ལྷ་མོའི་མཐུ་ལས་བསྲུབས་པའི་མེ་ལོང་རྒྱ་མཚོའི་སྙིང་དབུས་ནས།།

ག་ལེར་དཔུང་བའི་འཁྲི་ཤིང་ལྡེམ་པའི་ཡལ་འདབ་ཕྱོགས་བཞིར་གྲོལ་བར་གྱུར།།

ཆགས་ལྡན་གང་གིས་མཐོང་མ་ཉིད་ནས་ནོར་བུའི་རྩེ་ནས་མུ་ཏིག་འཐོར།།

མེ་ཏོག་ཕྲེང་བའི་ཁུ་བ་འཐུལ་བའི་གནག་སྣུམ་ལན་བུ་རླུང་གིས་བསྐྱོད།།

འཇམ་གཉེན་དཔུང་བ་པད་མའི་ཡུ་བར་ཕྱག་སོར་འདབ་བརྒྱ་རྣམ་པར་གཡོ།།

མིག་དཀྱུས་འདབ་རིང་འདར་ཡོམ་ཙམ་གྱིས་མེ་ཏོག་མདའ་མོ་སྙིང་ལ་ཟུག།

མཆུ་སྒྲོས་བུམ་གྱི་ཟེའུ་འབྲུ་བསྐྱོད་པས་སྲེད་པའི་སྦྲང་རྩིའི་རོ་ནི་རྒྱས།།

རབ་མཛེས་སྣང་བ་མཐའ་ཡས་འཕྱུར་བའི་མཛེས་ཀོང་རླབས་ཀྱིས་དགའ་བ་འཕེལ།།

འདོད་པའི་མྱོས་བུམ་བདུད་རྩི་འཕྱོ་བས་ཡིད་ཀྱི་ཟེགས་མ་མྱོས་པར་འགྱུར།།

དཀར་འཇམ་སྤྲུལ་བའི་འཁོར་ལོའི་མུ་ཁྱུད་དུང་འཁྱིལ་རི་མོས་བདག་ཤེས་དྲངས།།

རྩུབ་རེག་བྲལ་བའི་མཚང་རའི་ནེམ་ཁུག་བྱུར་ཚོམ་ཚོར་བའི་དཀྱིལ་འཁོར་རྒྱུ།།

སིམ་ཚོར་འོ་མའི་རྒྱ་མཚོ་བསྲུབ་གནས་འདོད་འཇོ་དཔག་བསམ་འཁྲི་ཤིང་ཞིག།

ཞེན་ཆགས་པད་མའི་རྩ་འདབ་རྒྱས་བྱེད་གདུང་ཚོར་མུན་འཇོམས་ཉི་མ་ཞིག།

ཁྲག་གི་འཁོར་ལོས་ལན་བརྒྱར་བསྲུབ་པའི་བཅུད་ཀྱི་གཏེར་བུམ་ཞབས་བརྟོལ་མཁན།།

བདེ་སྟོང་ངོ་བོ་དབྱེར་མེད་འཐིམས་པའི་གསང་གནས་བདེ་སྐྱོང་འཁོར་ལོ་བསྙད།།

སྐོམ་པའི་བྱེ་མ་སྐེ་རིང་བར་ན་བྱང་ཆུབ་ཤིང་ལོའི་དབྱིབས་འདྲ་བའི།།

མགྲིན་པར་གནག་སྣུམ་ལན་བུ་གཞིག་པའི་རྩེ་བརྒྱར་ཟེའུ་འབྲུའི་རྡུལ་ནི་ཆགས།།

དམར་སྣུམ་བྱུ་རུའི་མདངས་ཀྱིས་འཁུ་བའི་པད་མའི་སྒོ་འདབ་ཟུམ་ལ་ཁད།།

མེ་ལྕེས་འཇིབ་པའི་བདག་གི་ཕུང་ཚོར་མ་ལ་ཡ་ཡི་བསིལ་བས་བྱུགས།།

མྱོས་བྱེད་འདབ་མར་འདོད་ཆུའི་ཟིལ་བ་འཛུམ་པའི་མུ་ཏིག་འོད་ཅན་འཛིན།།

བདེ་བའི་དྲོད་འབར་བདུད་རྩི་རོ་ཡིས་བདག་གི་ཚོར་ཁམས་སྦྲིད་པར་གྱུར།།

ཆོས་འབྱུང་ཟེའུ་ཤའུ་དྲིལ་བའི་ལྕེ་ཆུང་ཆགས་པའི་གཡའ་ཟུག་འབར་བ་ཡིས།།

སྲེད་ལྡན་གང་གིས་དམར་ཆུང་ལྕེ་ཡིས་ནེམ་ཉུག་ལྟོང་ལས་ཤོར་བའི་མདའ།།

གཉུག་སེམས་བཞོན་པའི་རླུང་གི་རྟ་ཕོ་སྐོམ་གདུང་ཆུ་ལ་འཕྲད་པ་དང་། །

རི་དྭགས་སྒྲ་དང་ཕྱེ་ལེབ་མེ་དང་གླང་ཆེན་པདྨའི་མཚོར་འཇུག་བཞིན། །

སྤམ་རྫུ་སྤྲོས་པའི་རྣམ་རྟོག་ཞི་ཞིང་འདོད་པའི་མེ་ཏོག་ཁ་བ་བཞིན། །

རྒྱ་མཚོ་ལྟ་བུའི་དགའ་མའི་ལུས་ལ་ཡོངས་སུ་འཐིམས་ཤིང་འདྲེས་པར་གྱུར། །

——2016ལོར་བྲིས། 2020/1/30བཅོས།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存