查看原文
其他

ཁྱོད་དང་འགལ་རྗེས།|བུད་མེད་རྩོམ་པ་པོ།|མུ་ཏིག

编辑:菩措卓玛 爱情孤岛 2020-02-27

      

བརྩེ་དུང་གི་ཁེར་གླིང་།

བཅད་མའི་ལེ་ཚན། ཁྱོད་དང་འགལ་རྗེས།


                 རྩོམ་པ་པོ། Ⅱ གསེར་རྟ། མུ་ཏིག


ཁྱོད་དང་འགལ་རྗེས་རེ་བའི་ལག་ཟུང་བཏང་།།

རྗེས་ཆགས་གཙང་བོ་ཡུན་གྱིས་འགྲིབ་པར་བྱས།།

འོན་ཀྱང་ཕྱིར་མིག་ཁྲོད་ཀྱི་བགྲང་བྱ་དྲུག།

ད་དུང་ཞེ་ལ་འཁོར་ན་ན་ཟུག་བདོ།།


ཁྱོད་དང་འགལ་རྗེས་ངས་ཀྱང་རོ་ལངས་བྱས།།

འདང་གི་ཤོག་ལྷེ་མེ་ལ་བསྲེགས་ཁུལ་བྱས།།

སྐྱེ་བ་སྔོན་མའི་རང་གི་དུར་ས་རུ།།

སོང་སྟེ་ཁྱོད་ལ་བདེ་མོའི་ཕྱག་བརྡ་བཏང་།།


ཁྱོད་དང་འགལ་རྗེས་ཁྱོད་ལ་མྱ་ངན་ཞུས།།

ཁྱོད་ལ་དབང་བའི་སྡོམ་ཚིག་འགའ་བཀོད་དེ།།

བདག་གིས་བཞེངས་བའི་ཁྱོད་ཀྱི་དུར་ཁྲོད་དུ།།

མཚན་མོ་ཞིག་ལ་མིག་ཆུར་བསྲེས་ནས་ཕུལ།།


ང་ཡི་མགྲོན་གྱི་ཐོག་མ་ཁྱོད་ཉིད་དེ།།

རྣམ་དག་ཚིག་གི་འོ་ཞོ་ཕུལ་མྱོང་ཡོད།།

གདོང་ལ་འཇའ་གཟུགས་འཁོར་བའི་ཁྱོད་ཉིད་ནི།།

དོན་དུ་རྒྱང་ལ་བཞུད་པའི་འགྲུལ་བ་ཞིག།


ཁྱོད་དང་འགལ་རྗེས་བདག་ནི་སྨུག་པ་བཞིན།།

རླུང་དང་འདྲེས་ཏེ་གང་སར་འཕུར་གྱིན་ཡོད།།

ཚིག་གི་མདུད་པ་དག་ཀྱང་བྱེ་མར་འཁྲུལ།།

རྣམ་ཤེས་མང་པོ་གསོན་བསྲེག་བྱེད་བཞིན་ཡོད།།


ཁྱོད་དང་འགལ་རྗེས་བདག་ལ་སྡིག་སྒྲིབ་སྨིན།།

ཁྱོད་ནི་མཚར་སྡུག་རྫོགས་པའི་སྟོན་མཇུག་སྟེ།།

བདག་གི་ཡིད་ལ་ཙག་གི་མེ་ཏོག་གད།།

འོན་ཀྱང་ཁྱོད་ཉིད་བདེ་བའི་ཚལ་ན་བཞུགས།།


ཁྱོད་དང་འགལ་རྗེས་བདག་ནི་སྒྱེད་རྩར་ལུས།།

ཐབ་ཀའི་གཡས་གཡོན་མིག་ཆུས་བཀྲུ་བཞིན་ཡོད།།

རྣ་ལོང་ཆ་གཅིག་ཚེ་ཡི་ནོམ་པ་རུ།།

བསྒོམ་སྟེ་སྦྲ་སྒོ་དེ་རུ་འགྲེང་ནས་ཡོད།།


ཁྱོད་དང་འགལ་རྗེས་བདག་ནི་ལྷས་ན་ཡོད།།

རི་མགོའི་སྐྱ་མྱི་དེ་ལ་ཅེར་ནས་ཡོད།།

ས་ཆ་གར་འགྲོ་སེམས་ཀྱིས་དྲིས་ནས་ཡོད།།

སྨྲ་བ་བསྡམས་ཏེ་ཨ་ལན་སྟེར་བར་བསྒུག།


ཁྱོད་དང་འགལ་རྗེས་བདག་ནི་འབྲོག་ན་ཡོད།།

རྔོན་པས་བདའ་བའི་ཡུ་མོ་རྨས་མ་བཞིན།།

འབྲོག་རྩག་གྱོན་ཏེ་རི་ཁར་འགྲོ་བར་བྲེལ།།

ནོར་ཁྱུའི་རྗེས་ན་འདས་སོང་གླེང་བཞིན་ཡོད།།


ཁྱོད་དང་འགལ་རྗེས་བདག་ཀྱང་འགྲོ་དགོས་བྱུང་།།

ཕུགས་བསམ་ཞེས་པའི་ཡིག་འབྲུ་ཁུར་ཏེ་ཡོད།།

རྨི་ལམ་ཞིག་ལ་ཁ་དོག་བྲིས་ནས་ཡོད།།

ཁྱོད་རང་སོང་རྗེས་ང་ཡང་འགྲུལ་བ་ཞིག།


ཁྱོད་དང་འགལ་རྗེས་བདག་གིས་ཁེར་རྐྱང་ལྡག།

དྲན་གདུང་ཚིག་གི་སྐྱེམས་ཆུ་ཡང་ཡང་རྔུབ།།

སུས་ཀྱང་མཐོང་འདོད་མེད་པའི་ང་ཉིད་ནི།།

དྲན་པའི་རྩྭ་སྤྱིལ་སྒོ་ན་ཉི་མར་ལྡེ།།


ཁྱོད་དང་འགལ་རྗེས་བདག་གིས་ལྷ་བསྒྲུབས་ལ།།

ཟླ་གསལ་ཤེལ་ཕྲེང་བརྩེ་བའི་མགུལ་དུ་བསྒྲོན།།

འོན་ཀྱང་ཆད་པའི་བུ་ལོན་ལྕི་དྲགས་པས།།

སེམས་ཀྱི་གནད་ལ་འགྱོད་པའི་མདའ་མོ་གཟན།།


ཁྱོད་དང་འགལ་རྗེས་བརྩེ་བའི་རིན་ཐང་རྟོགས།། 

ན་ཟུག་སྟོང་གིས་སྙིང་ལ་སེན་འབྲད་བྱེད།།

སླར་ཡང་ཐོབ་དུ་མེད་པའི་སྐྱོ་སྣང་གིས།།

བདག་ནི་རེ་ཆད་ཁྲི་ཡི་ཟས་ལ་རོལ།།


ཁྱེད་དང་འགལ་རྗེས་ཡིད་ལྗོངས་སྨུག་པས་སྒྲིབ།།

སྨིན་མའི་འདབས་སུ་ཟིལ་བ་ཡང་ཡང་འཁྲིགས།།

སྨྲེང་སྐྱོ་ཁོ་ནས་གཙེས་པའི་མུ་ཏིག་གི།

སྙན་ངག་དུ་མའི་ས་བོན་ཁྱོད་ཁོ་ན།།


ཁྱོད་དང་འགལ་རྗེས་མིག་གི་ཆུ་བོ་བྲུགས།།

གཞོན་ཆུང་སོ་དཀར་བདག་ཀྱང་ངལ་བས་གཅུན།།

རྒྱ་མཚོའི་ངོས་སུ་མཆུ་སྒྲོས་སྦྱོར་བ་ཡི།།

ནུབ་ཁའི་ཉི་མར་འཐིམ་པའི་ཁྱོད་ཉིད་དྲན།།


ཁྱོད་དང་འགལ་རྗེས་གཏམ་གྱི་ལྷག་འཕྲོ་རྙེད།།

སྒྲུང་རིང་ཞིག་ལ་མཇུག་བྱང་མེད་པ་མཐོང་།།

མེ་ལོང་ཞིག་ལ་ཆག་གྲུམ་ཤོར་བ་རྟོགས།།

སྙན་ངག་ཞིག་གི་བླ་སྲོག་ཉམས་པ་ཚོར།།


ཁྱོད་དང་འགལ་རྗེས་སེམས་ཀྱི་རེག་ཟུག་རྩུབ།།

ཚོར་བའི་ཕྱི་ནང་ཀུན་ལ་གྲང་ཤ་སྟེར།།

དྲན་པ་ཅང་ཤེས་མཐུར་དྲུད་སྐྱོ་སྣང་གི།

རི་སུལ་ཉུལ་བའི་གྲངས་མཐའ་ཆོད་ཐབས་བྲལ།།


ཐོབ་བྱ་མེད་པའི་ང་ཡི་འཁྲུལ་ཤེས་ཀྱི།།

སྣང་བའི་སྙིམ་རྩེར་ཁྱོད་ཉིད་ད་དུང་འཁོར།།

ཡིན་ཡང་འཆི་ཁའི་ཐུག་འཕྲད་ལན་གཅིག་ལས།།

འུ་གཉིས་བར་ན་འཛོམས་པའི་ཁ་དན་མེད།།


ཁྱོད་དང་འགལ་རྗེས་བདག་ནི་ཁྲེལ་མེད་ཅིག།

མྱི་སེམས་མང་པོ་གྲི་ཡིས་གཙགས་ནས་ཡོད།།

སྐྱེ་བ་གོང་མར་ལག་འཇུ་ཨེན་ཙམ་བྱས།།

ཕྱིར་དྲན་ཞག་སྒྲོན་ཟོས་ཏེ་ཉིན་ཞག་བསྐྱལ།།


ཁྱོད་དང་འགལ་རྗེས་བདག་ནི་རྩེད་མོར་ཞེན།།

འབགས་ཀྱིས་ངོ་ཕྱེད་བཀབ་སྟེ་ཆོ་འཕྲུལ་སྟོན།།

སྨིན་མ་འོག་ནས་སྙན་ངག་བཞུར་ཁུལ་བྱེད།།

ཚུལ་འཆོས་གོས་སུ་བཀླུབས་ཏེ་རྩེད་མོར་གཡེང་།།


ཁྱོད་དང་འགལ་རྗེས་ང་ནི་གཙང་འགྲམ་གྱི།།

ངང་ཆུང་ཞིག་གི་སྐྱེ་བ་བླངས་ནས་ཡོད།།

སྣང་བ་གཙང་བོའི་རླབས་རྩེར་འཐིམ་ན་ཡང་།།

སྡེར་མོའི་མཐིལ་ན་སྐྱེ་བ་སྔོན་མ་གསལ།།


ཁྱོད་དང་འགལ་རྗེས་བདག་ནི་སྨྱོན་མ་ཞིག།

ལན་བུའི་གསེང་ལ་ངལ་བའི་སྲོ་མང་འཚང་།།

ཡུན་རིང་སྙིང་གི་ཤིང་ལོ་བརྐོས་པ་ཡི།།

ཐ་སྙད་རྡོག་རེ་ཚོར་བའི་གཡང་ལས་ལྕེབ།།


ཁྱོད་དང་འགལ་རྗེས་བདག་ནི་བཙོན་མ་ཞིག།

གཟུགས་མེད་ཞེན་པའི་ལྷ་འདྲེས་དམ་ལ་བཏགས།།

སུས་ཀྱང་མི་ཤེས་གང་གིས་མི་མཐོང་བའི།།

འཁོར་བའི་ནད་པ་མང་པོའི་གཟུགས་རིས་མཐོང་།།


ཁྱོད་དང་འགལ་རྗེས་བདག་ནི་དྲིལ་ཆག་ཅིག།

ཁང་གོག་སྒོ་རྩར་བཏེགས་པའི་དྲིལ་ཆག་ཅིག།

ད་ནི་ཆར་ཉིས་མནར་བས་བཙའ་ཡིས་ཟིན།།

ཇི་ལྟར་བསྒུལ་རུང་དྲིལ་སྒྲ་ག་ལ་མཆིས།།


ཁྱོད་དང་འགལ་རྗེས་ང་ཡི་ལག་ཟུང་ཕྱིད།།

ཡིད་ཀྱི་གྲུ་ཁར་སྨྲེང་བའི་གྲིབ་སོ་ཁུགས།།

འཁུར་ཚོས་ངོས་ནས་མཆི་མའི་རྦབ་རྡོ་འདྲིལ།།

ལོ་ཟླའི་བྲང་ཁར་ཙག་གིས་འཛུམ་ཆུང་དགོད།།


ཁྱོད་དང་འགལ་རྗེས་མི་ཚེའི་རང་མདོག་མཐོང་།།

ལོ་ཡི་བྱ་ཁྱུ་དཔྲལ་རྩེར་བབས་པ་མཐོང་།།

མཛུབ་མོའི་བར་ན་དུས་ཀྱི་བྱེ་མ་འཛག།

ཚུལ་དེ་མཐོང་བས་བདག་ཀྱང་གཉིད་ལས་སད།།


ཁྱོད་དང་འགལ་རྗེས་བདག་ནི་ཞོགས་པ་ཞིག།།

ཉི་འོད་གསར་དུ་འཆར་བར་བསྒུག་སྟེ་ཡོད།།

རྨི་ལམ་ཐང་ལ་མེ་ཏོག་འདེབས་འདང་ཡོད།།

ཕུགས་བསམ་སྙིང་ལ་བསྒོམ་ཏེ་བགྲོད་རྩིས་ཡོད།།


ཁྱོད་དང་འགལ་རྗེས་སྐྱོ་བས་བཟི་ན་ཡང་།།

ཆར་རྗེས་སྨུག་མདངས་འཁོར་བའི་རི་མགུལ་ལ།།

ལྷོད་ཀྱིས་ཉན་ན་སེམས་གསོའི་རོལ་དབྱངས་འཁྲོལ།།

རྨ་ཤུལ་དག་ཀྱང་ཡུན་གྱིས་སོས་བར་ངེས།།


ལོ་ངོ་མང་པོའི་སྔོན་གྱི་དབྱར་གཞུང་ལ།།

རྨ་ཀླུང་དལ་འགྲོ་རིང་མོའི་འགྲམ་ངོགས་ནས།།

འཕྲད་ཅིང་བྱིས་པའི་ན་ཚོད་མ་ཡོལ་བའི།།

མངོན་ཆུང་བརྩེ་བ་བཅངས་བའི་མུ་ཏིག་གིས།།


གཅེར་བུར་ཕུད་པའི་ཚིག་གི་ཕོན་པོ་དག།

མེ་ཏོག་སྟོང་གིས་སྤྲས་པའི་རྒྱང་རིང་ན།།

འོན་པའི་ཟོལ་གྱིས་བཞུགས་པའི་ཁྱོད་ཉིད་ལ།། 

བརྩེ་བ་ཞིག་གི་དན་རྟགས་མཚོན་ཕྱིར་ཕུལ།།

 

  ༢༠༢༠/༢/༡༧མཚན་མོར་རི་སྒང་ནས།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存