དབང་མཆོག་འབུམ་གྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་གློག་བརྙན་ཐུང་གྲས《དབང་ཕྱོགས》ཞེས་པ་མི་འགྱངས་པར་ར་ལོ་གློག་བརྙན་དྲ་ཚིགས་
བརྒྱུད་ནས་གཏང་རྒྱུ་རེད།
《དབང་ཕྱོགས》ཞེས་པའི་གློག་བརྙན་ཐུང་གྲས(སྐར་མ40ཡོད)འདི་ནི་དབང་མཆོག་འབུམ་གྱིས་འཁྲབ་གཞུང་གསར་རྩོམ་དང་འཁྲབ་ཁྲིད་བྱས་པའི་བརྙན་ཐུང་ཅུང་རིང་བོ་ཞིག་སྟེ། བརྙན་ཐུང་འདིའི་འཁྲབ་གཞུང་གསར་རྩོམ་དང་། བརྙན་རིས་སྒྲིག་འགོད། བརྙན་ལེན། སྒྲིག་སྦྱོར་སོགས་ལས་རིམ་ཆ་ཚང་ལ་སྔ་རྗེས་སུ་ཆད་མ་མཐུད་ཀྱིས་ལོ་གཉིས་ལྷག་ཀྱི་དུས་འདས་ཡོད།
བརྙན་ཐུང་འདི་རུ་འཇིགས་མེད་ཟེར་བའི་འབྲོག་པའི་གསར་བུ་ཞིག་རྫོང་སྨན་ཁང་དུ་མཁྲིས་རྡོ་གཤག་བཅོས་བྱས་པའི་ཁོའི་གྱོས་པོར་བལྟ་རུ་འགྲོ་བའི་ལམ་དུ་གྲོགས་པོ་དོན་བྷོ་ཡི་གློ་བུར་བའི་ཁ་པར་ཞིག་གིས་ཁོའི་སེམས་ཁམས་རྨང་ནས་དཀྲུགས་སོང་། དེ་ནི་རུ་ཁག་གི་རྩྭ་སྲུང་བརྗེ་སྤོར་བྱེད་པའི་དོན་དག་སྟེ། ཁོ་རྩྭ་སྲུང་དུ་ཚུད་དོན་དུ་རུ་གཙོ་འབྲུག་འབུམ་རྒྱལ་དང་ཚིག་རྩོད་ཤོར་ཞིང་། གྱོས་པོ་ལ་བལྟ་རྒྱུའང་བསྐྱུར་ཏེ་ཕྱིར་ཚོགས་ཐོག་ཏུ་འཁོར་གྲབས་བྱས་པས་ཆུང་མའི་སེམས་ཀྱང་བསད། མཐར་རུ་ཁག་གི་སྐད་འཕྲིན་ཚོགས་པའི་ནང་དུ་རང་ཉིད་རྩྭ་སྲུང་དུ་ངེས་པར་འཇོག་དགོས་པའི་བཙན་གཏམ་བསྒྲགས་པས་རུ་ཁག་ཡོངས་ཀྱི་མི་སེམས་འདར་སྐྱོམ་སྐྱོམ་དུ་བཏང་བ་སོགས་ཛ་དྲག་གི་སྐབས་སུ། ཁོའི་ཨ་ཕ་དང་ཆུང་མས་རུ་སྡེ་ཁྱིམ་མཚེས་ནང་དུ་འཆམ་མཐུན་བྱེད་དགོས་པར་ནན་གྱིས་སྐུལ་ཡང་ཕན་ཐོགས་ཆེར་མེད་མོད། ཆུང་མས་འདས་ཟིན་པའི་དྲིན་ཆེན་མའི་ཚིག་གིས་རྟིང་གནོན་བྱས་པས། ཁོའི་སེམས་ཀྱི་ང་རྒྱལ་དང་ཞེ་སྡང་གི་རི་རབ་རྨང་ནས་འཇིག་ཅིང་། སྐྱོ་གདུང་དང་འགྱོད་སེམས་ཀྱིས་ཡོངས་སུ་བརླན་ཏེ་མཐར་རུ་ཁག་ཚོགས་པའི་ནང་དུ་སེམས་ལྷོད་པོས་རང་གི་སྔར་བྱས་ལ་འགྱོད་བཤགས་དང་རྩྭ་སྲུང་དྲང་བདེན་གྱིས་འཇོག་པར་སྐུལ་མ་བཏང་བའི་གཏམ་རྒྱུད་ཅིག་ཡིན།
གློག་བརྙན་ཁྲོད་མངོན་པའི་མི་སྣའི་སེམས་ཁམས་ཀྱི་གོ་རིམ་ནི་ལྷོད་འཇགས་ནས་ཟང་ཟིང་འཁྲུག་ཆ་དོད་པ་དང་། སླར་ལྷོད་འཇགས་སུ་གྱུར་བ་སྟེ། ཞི་འཇགས་ཀྱི་རྒྱ་མཚོའི་ངོས་སུ་རླུང་གིས་སྐྱོམ་པའི་མཚོ་མོའི་རླབས་རིས་དེ་སླར་མཚོ་ངོས་སུ་ཐིམ་པ་ལྟ་བུར་གྲུབ་ཅིང་། བརྙན་ཐུང་གི་མགོ་ནས་མཇུག་བར་དུ་གཙོ་འཁྲབ་མི་སྣ་གཅིག་གིས་ཐེགས་པར་བྱས་ཡོད་ལ། མི་སྣའི་གཏམ་གླེང་དག་ནི་རང་བྱུང་བཅོས་མིན་གྱི་འབྲོག་པའི་ཁ་སྐད་ཤ་སྟག་ཏུ་འཁུམས་པ་དང་། སྐད་ཆའི་ཁོང་གསེང་ནས་ལྷོག་ལྷོག་ཏུ་འཕྱུར་བའི་གཏམ་དཔེ་དག་ནི་སྐད་ཆའི་ཕྲ་རྒྱན་དུ་གྱུར་ཞིང་། མི་སྣའི་གཏམ་གླེང་དང་ཉམས་སྣང་ལ་གཟབ་ནན་གྱི་ཁྱད་ཆོས་ལྡན་པས་འཚོ་བ་དངོས་ཀྱི་འཇུག་སྣང་འཆར་བར་བྱེད།
འཁྲབ་ཁྲིད་དང་འཁྲབ་གཞུང་།
དབང་མཆོག་འབུམ།
ལག་བསྟར་འཁྲབ་ཁྲིད།
ནོར་བུ་དགྲ་འདུལ།
བརྙན་ལེན།
འཇིགས་ལོ།
སྒྲིག་སྦྱོར།
འཇིགས་ལོ།
གཙོ་འཁྲབ།
གནམ་ལྷ་རྒྱལ། ཚེ་རིང་དབྱངས་སྐྱིད།
ཡུལ་དངོས་བཀོད་སྒྲིག
སྲས་མཆོག་རྡོ་རྗེ།
སྒྲ་ལེན།
ཨོ་རྒྱན་སྐྱབས།
མཁའ་ཕབ་བརྙན་ལེན།
ལྷ་བཟང་།
འཚོ་སྒྲུབ།
ཀླུ་མོ་སྐྱིད།
ཚོན་སྒྱུར།
འཇིགས་ལོ།
བརྙན་ལེན་རོགས་སྒྲུབ།
སྐལ་བཟང་ཚེ་བརྟན།
བརྗོད་དོན་གཞས་དབྱངས་དང་ལེན་མཁན།
སྐལ་ལྡན་རྒྱལ།
བརྙན་རིས།
གཡང་འཛིན་ལྷ་མོ།
རྨང་གཞིའི་སྒྲིག་སྦྱོར།
ཏཱ་རེ་སྐྱིད། ཚེ་གཟུངས་སྒྲོལ་མ།
ཡིག་སྦྱོར།
བློ་བཟང་རྒྱ་མཚོ།
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།