འཇར་མན་གྱི་《ཧི་མ་ལ་ཡའི་གཏེར་མཛོད་》འགྲེམ་སྟོན།
འགྲེམ་སྟོན་བརྡ་སྦྱོར།
《ཨལ་ལྕི་དགོན་ནི་ཧི་མ་ལ་ཡའི་གཏེར་མཛོད་ཉག་ཅིག་》ཅེས་པའི་འཇར་མན་གྱི་པར་བརྙན་འགྲེམ་སྟོན།
《ཨལ་ལྕི་དགོན་ནི་ཧི་མ་ལ་ཡའི་གཏེར་མཛོད་ཉག་ཅིག་》ཅེས་པའི་ཕེའེ་ཏེ་ཧྥེན་ཧན་མུའུ་ཡི་པར་བརྙན་འགྲེམ་སྟོན་དེ།༢༠༢༠ལོའི་ཟླ་༨པའི་ཚེས་༡༣ཉིན་ནས་བཟུང་འཇར་མན་གྱི་ཧན་པོའོ་Markkརྟེན་རྫས་བཤམས་མཛོད་ཁང་དུ་འགྲེམ་རྒྱུ་ཡིན་ཞིང་། དེའང་ཕེའེ་ཏེ་ཧྥེན་ཧན་མུའུ་ཡིས་པར་ལེན་བྱས་པའི་རྒྱ་ཁྱོན་རྨི་ངོས་གྲུ་༢༥༠ཟིན་པའི་བརྩམ་བྱར།རིང་ཚད་ལ་རྨི་༡༥དང་མཐོ་ཚད་ལ་རྨི་༤ཟིན་པའི་ཐོག་མའི་ཚད་གཞི་བེད་སྤྱད་ཡོད་ཅིང་།ཕལ་ཆེར་ཨལ་ལྕི་དགོན་གྱི་ཐོག་བརྩེགས་གསུམ་ཅན་གྱི་འདུ་ཁང་ལས།ཐོག་བརྩེགས་དང་པོའི་ལྡེབས་རིས་ཀྱི་བཀོད་པ་ཡོངས་བསྐྱར་སྐྲུན་བྱས་པ་ལྟ་བུ་བྱུང་ཡོད་ལ།འགྲེམ་སྟོན་ཉིད་༢༠༢༡ལོའི་ཟླ་༣པའི་ཚེས་༧ཉིན་འཇུག་སྒྲིལ་རྒྱུའོ།
ཕེའེ་ཏེ་ཧྥེན་ཧན་མུའུ་ནི་(Petervan Ham)༡༩༦༤ལོར་འཇར་མན་དུ་འཁྲུངས་ཤིང་།ཁོང་ནི་ཞིབ་འཇུག་པ་དང་།རྩོམ་པ་པོ། པར་ལེན་པ། འགྲེམ་སྟོན་ཇུས་འགོད་པ། ལུན་ཏུན་གོང་མ་ཚང་གི་ཡ་གླིང་དང་ས་ཁམས་མཐུན་ཚོགས་ཀྱི་ཚོགས་མི་དང་།ནིའུ་ཡོག་མྱུལ་དཔྱད་སྤྲོ་སྐྱིད་གླིང་གི་ཚོགས་མི། ཡ་གླིང་གི་སྲོལ་རྒྱུན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་སྐུལ་འདེད་མཐུན་ཚོགས་ཀྱི་སྲོལ་གཏོད་པ་དང་ཀྲུའུ་ཞི་བཅས་ཡིན་ལ།༡༩༨༦ལོ་ནས་བཟུང་། རྒྱ་གར་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ཐེངས་སུམ་བཅུ་ཙམ་ཕེབས་ཤིང་།གཙོ་བོར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རིག་གནས་ལ་དོ་ཁུར་གནང་ནས། རྒྱལ་སྤྱིའི་རང་བཞིན་གྱི་དཔེ་དེབ་བཅུ་བཞི་ཙམ་པར་སྐྲུན་གནང་ལ།རྟེན་རྫས་བཤམས་མཛོད་ཁང་གི་འགྲེམ་སྟོན་ཇུས་འགོད་ཐེངས་བརྒྱད་ཙམ་གནང་མྱོང་།
ཕེའེ་ཏེ་ཧྥེན་ཧན་མུའུ་ཡིས་ཨལ་ལྕི་དགོན་པར་བླངས་པའི་ཆེས་གསལ་བའི་ལྡེབས་རིས་ཀྱི་པར་ཁ་ཤས།
འཛམ་གླིང་གི་རིག་གནས་ཤུལ་བཞག་ཨལ་ལྕི་དགོན།
སྙན་པའི་བ་དན་ཕྱོགས་བཅུར་གྲགས་པའི་བོད་བརྒྱུད་ནང་བསྟན་གྱི་ཨལ་ལྕི་དགོན་ནི།རྒྱ་མཚོའི་ངོས་ལས་མཐོ་ཚད་རྨི་༣༥༠༠ཙམ་ཟིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལ་དྭགས་ཁུལ་དུ་ཆགས་ཡོད་ཅིང་།ད་བར་ཉར་ཚགས་ཅུང་ཆ་ཚང་བའི་ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་དགོན་སྡེའི་ཡ་གྱལ་ཞིག་ཡིན་ལ།གྲངས་ལས་འདས་པའི་རིན་བྲལ་གྱི་སྒྱུ་རྩལ་བརྩམ་ཆོས་རྣམས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད་པ་མ་ཟད།སྒྱུ་རྩལ་བརྩམ་ཆོས་དེ་དག་གི་ཤུགས་རྐྱེན་ཨེ་ཤེ་ཡ་དབུས་རྒྱུད་དང་རྒྱ་གར།བོད། དེ་བཞིན་དབྱི་རག་སོགས་ལ་ཁྱབ་ཡོད་ཁར།སྒྱུ་རྩལ་གྱི་རྣམ་པ་འགའ་ཞིག་གནའ་བོའི་ཀི་རུ་སི་རུ་གཏུགས་ཆོག
སྤྱི་ལོ་༡༩༩༨ལོ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིམ་པའི་རིག་གནས་ཤུལ་བཞག་གི་ཁོངས་སུ་བཅུག་པའི་ཨལ་ལྕི་དགོན་པའི་སྒྱུ་རྩལ་བརྩམ་ཆོས་ལས།བོད་ཀྱི་ནུབ་རྒྱུད་ཀྱི་བསམ་པའི་དཔལ་ཡོན་དང་འཇིག་རྟེན་པའི་འཚོ་བ་སོགས་མངོན་བཞིན་ཡོད།
འཛམ་གླིང་ཐོག་ཆེས་གསལ་ཤོས་ཀྱི་པར་བརྙན་ཟིན་ཐོ།
དགོན་པའི་གནའ་ཤུལ་ཉམས་གསོ་བྱེད་པའི་གོམ་པ་དང་པོ་སྟེ།རྩོམ་པ་པོ་དང་པར་ལེན་མཁན།འགྲེམ་སྟོན་ཇུས་འགོད་པ་བཅས་ཡིན་པའི་ཕེའེ་ཏེ་ཧྥེན་ཧན་མུའུ་ལ་༢༠༡༧ལོར་ཆོག་མཆན་ཐོབ་པ་ལྟར།ཨལ་ལྕིར་ཕྱོགས་ཡོངས་ནས་ཆེས་གསལ་བའི་པར་རིས་ཀྱིས་ཟིན་ཐོ་བཀོད་པ་རེད།
ཕེའེ་ཏེ་ཧྥེན་ཧན་མུའུ་(Peter van Ham)ཡིས་ཧྥེ་སེའེ་གྲངས་འཛིན་པར་ཆས་སྤྱད་དེ།འཛམ་གླིང་ཐོག་ཆེས་གསལ་ཤོས་ཀྱི་པར་ཆས་ཀྱིས་ཨལ་ལྕི་དགོན་གྱི་ལྡེབས་རིས་པར་དུ་བླངས་ཤིང་།ཁོང་གིས་ཐོན་མོང་མ་ཡིན་པའི་པར་ལེན་བྱེད་ཐབས་ཀྱི་ཁ་དོག་རྣམ་པར་བཀྲ་བའི་ཐོག་མའི་ལྡེབས་རིས་ཀྱི་རྣམ་པ་བརྙན་ཤེལ་དུ་བཀོད་པ་མ་ཟད།བོད་རིག་པ་མཁས་ཅན་ཨའེ་མེ་ཧའེ་ལེར་(AmyHeller)དང་ལྷན་དུ། ཁྱད་དུ་འཕགས་ཅིང་ལྟ་བས་མི་ངོམས་པའི་《ཨལ་ལྕི་དགོན་ནི་ཧི་མ་ལ་ཡའི་གཏེར་མཛོད་ཉག་ཅིག་》ཅེས་པའི་བརྙན་དེབ་ཅིག་བཟོས་ལ།དེའང་མི་རྣམས་ཀྱིས་དགོན་སྡེའི་མཐུན་མིན་ཅན་དང་སྲུང་སྐྱོང་བྱེད་ཐབས་ཀྱི་དགོས་ངེས་རང་བཞིན་སྐུལ་སྤེལ་གཏོང་བ་དམིགས་སུ་བཟུང་པའོ།
འདུ་ཁང་ནུབ་ངོས་ཀྱི་གྱང་།
འདུ་ཁང་ནུབ་ངོས་ཀྱི་སྦུག་གི་གྱང་སྡེབས་སུ་བཟོ་སྐྲུན་ཁྱད་དུ་འཕགས་པའི་ལྷ་ཁང་ཞིག་ཡོད་ཅིང་།སྟེང་དུ་སྟོན་པ་ཤཱཀྱ་ཐུབ་པས་གཙོས་པའི་ཕྱོགས་ལྔའི་སངས་རྒྱས་ཀྱི་འཇིམ་བརྙན་དང་། གཞོགས་གཉིས་ཀྱི་གྱང་ངོས་སུ་སངས་རྒྱས་སྟོང་སྐུའི་ལྡེབས་རིས་བཀོད་ཡོད།
སངས་རྒྱས་སྟོང་སྐུའི་ལྡེབས་རིས།
འདུ་ཁང་ནང་གི་འཇིམ་བརྙན།
ལིན་ཆོན་གྱིས་པར་བླངས།
འདུ་ཁང་ལྷོ་ངོས་ཀྱི་གྱང་།
འདུ་ཁང་ལྷོ་ངོས་ཀྱི་གྱང་ལྡེབས་སུ་དཀྱིལ་འཁོར་ཆེ་གྲས་གཉིས་དང་གནའ་རབས་ཀྱི་རྡོ་རྗེ་ཕུར་པའི་སྐུ་བརྙན་བཀོད་ཡོད།
མཎྜལ་ཆེ་གྲས་དང་དེའི་ཆ་ཤས།
འདུ་ཁང་གསུམ་བརྩེགས་ཅན་གྱི་གཅིག་ཐོག་གི་ལྷོའི་གྱང་།
འདུ་ཁང་གསུམ་བརྩེགས་ཅན་གྱི་གཅིག་ཐོག་གི་ལྷོའི་གྱང་ལྡེབས་སུ་མཐོ་ཚད་རྨི་དྲུག་ཙམ་ཟིན་པའི་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་འཇིམ་བརྙན་ཞིག་གས་ཆག་གང་ཡང་བྱུང་མེད་པའི་མཆོད་གཤོམ་ཞིག་གི་ཐོག་བཤམས་ཡོད་ཅིང་།འཇིམ་བརྙན་འདིའི་སྐུ་པང་ནས་ཞབས་བར་གྱི་ཁྱད་ལྡན་ལྡེབས་རིས་ནི་བོད་དང་ཁ་ཆེའི་ཡུལ་གྱི་ཆོས་ལུགས་འཚོ་བ་དང་ཁ་བྲལ་ཐབས་མེད།
མཐོ་ཚད་རྨི་དྲུག་ཙམ་ཟིན་པའི་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་འཇིམ་བརྙན།
མཆོད་གཤོམ་གྱི་གཡོན་ངོས་ནི་ལྷ་མོ་ཞིག་གི་མཎྜལ་ཡིན་ཞིང་།Vasudhara,Taraདང་Prajnaparamitaགཉིས་ཀྱི་འདུས་གཟུགས་ཡིན་པ་ར་སྤྲོད་ཐུབ། འདི་ཡང་ཨལ་ལྕི་དགོན་གྱི་ཞིབ་ཆ་ཆེ་ཤོས་དང་ལག་རྩལ་ཆེས་མཐོ་ཤོས།སྙན་གྲགས་ཆེ་ཤོས་བཅས་ཀྱི་ལྡེབས་རིས་ཤིག་ཡིན། གཡས་ཕྱོགས་སུ་སྟོན་པ་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་རྒྱལ་བ་བྱམས་པར་མཆོད་འབུལ་བྱེད་པའི་ལྡེབས་རིས་ཤིག་བཀོད་ཡོད།
འདུ་ཁང་གསུམ་བརྩེགས་ཅན་གྱི་ཉིས་ཐོག་གི་ནུབ་ངོས་གྱང་།
ནུབ་ངོས་གྱང་གི་དབུས་སུ་རྒྱལ་བ་བྱམས་པའི་སྐུ་བརྙན་ཞིག་ཡོད་ལ།དེའི་ཡང་སྟེང་དུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་དང་། གཞོགས་གཉིས་སུ་མཎྜལ་གྱི་ལྡེབས་རིས་བཀོད་ཡོད་པ་ལས།གཡོན་ཕྱོགས་སྟོན་པར་མཆོད་པ་བྱས་ཤིང་། གཡས་ཕྱོགས་རྡོར་རྗེ་ཐེག་པར་མཆོད་པ་ཕུལ་ཡོད། དེའི་ནང་གི་ལྡེབས་རིས་དག་མིག་གི་ལོངས་སྤྱོད་དུ་ཟད་ཀྱང་།འདིར་པར་རིས་མང་པོ་ཞིག་བཀོད་ཐབས་བྲལ།
གྱང་དབུས་ཀྱི་རྒྱལ་བ་བྱམས་པའི་སྐུ་བརྙན།
ཨལ་ལྕེ་དགོན་གྱི་ལྡེབས་རིས་ཀྱི་ལུགས།
ཨལ་ལྕེ་དགོན་དུ་ཁ་ཆེའི་ལུགས་ཀྱི་ལྡེབས་རིས་དང་། ལྷ་ཁང་མི་འདྲ་བའི་ནང་ད་དུང་ཕ་ལྷའི་ལུགས་ཀྱི་ལྡེབས་རིས་ཀྱང་ཡོད།ཁ་ཆེའི་ལུགས་ཀྱི་ལྡེབས་རིས་ཀྱི་ལྡེམ་ལྡེམ་རྒྱུ་བའི་རྣམ་པ་དང་ཕ་ལྷའི་ལུགས་ཀྱི་གནའ་ཉམས་ལྡན་པའི་རྣམ་པ་གཉིས་ཐ་དད་དུ་གྱུར་ཡོད་ཅིང་།དེ་ལས་ཨལ་ལྕེ་དགོན་གྱི་སྒྱུ་རྩལ་བརྩམ་ཆོས་ལ་སྣ་མང་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་ཤེས་ཐུབ།
ངག་རྒྱུན་དུ། ཨལ་ལྕེ་དགོན་གྱི་ལྡེབས་རིས་མང་ཆེ་བ་ནི་ལོ་ཆེན་རིན་ཆེན་བཟང་པོས་(959-1055)སྐབས་དེའི་ཆེས་ཕུལ་དུ་བྱུང་བའི་ལྷ་རིས་པ་གདན་དྲངས་ནས་བཞེངས་པར་གྲགས་ཤིང་།གནའ་བོའི་ནུབ་ཕྱོགས་ཀྱི་ནང་བསྟན་སྒྱུ་རྩལ་གྱི་ཆེས་མཐོའི་ཆུ་ཚད་མཚོན་ཞིང་ཡོད་ཅིང་། ལོ་ངོ་སྟོང་ལ་ཉེ་བ་འདས་ཀྱང་ལྡེབས་རིས་མང་པོ་ཞིག་ད་དུང་ཚོན་མདོག་རྣམ་པར་བཀྲ་ལ་ཉམས་ཆག་མེད་པར་གནས་ཡོད།
ནོར་བུའི་སྨྱུག་བརྐོས་འགྲེམ་སྟོན།
ཕེའེ་ཏེ་ཡིས།ཐེངས་འདིའི་འགྲེམ་སྟོན་ལ་ཁོང་གིས་པར་ལེན་བྱས་པའི་བརྗོད་བྱ་དང་འབྲེལ་བའི་ཧི་མ་ལ་ཡའི་སྒྱུ་རྩལ་བརྩམ་ཆོས་གཞན་ལྷན་དུ་འགྲེམ་ནས།གཟིགས་མོ་བ་རྣམས་ལ་སྣ་མང་རང་བཞིན་གྱི་ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམ་སྟོན་བྱེད་འདོད་ཡོད་རྐྱེན།སྨྱུག་བརྐོས་སྒྱུ་རྩལ་པ་ནོར་བུ་ལགས་གདན་ཞུ་བྱས་ནས། ཁོང་གི་སྨྱུག་བརྐོས་དང་སྨྱུག་བརྐོས་འདྲ་བཤུས་ཀྱི་བརྩམ་ཆོས་སྐབས་དེར་འགྲེམ་སྟོན་བྱེད་རྒྱུ་ཡིན་ཞིང་།འགྲེམ་སྟོན་འཇུག་སྒྲིལ་རྗེས་ཁོང་གི་བརྩམ་ཆོས་རྣམས་འཚོང་རྒྱུ་ཡིན་ལ། དེའི་ཡོང་བབས་ཕལ་ཆེ་བ་ཕེའེ་ཏེ་བཞུགས་སའི་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་ཕུལ་ཏེ། ཨལ་ལྕེ་དགོན་དང་དེའི་མཐའ་འཁོར་གྱི་གནའ་ཤུལ་ཉམས་གསོ་བྱེད་པར་སྤྱོད་པའི་རེ་བ་བྱེད་བཞིན་ཡོད།
ནོར་བུའི་སྨྱུག་བརྐོས་བརྩམ་ཆོས།
ནོར་བུ་ལགས་ནི་སྨྱུག་བརྐོས་སྒྱུ་རྩལ་པ་ཞིག་ཡིན་ལ། ནངས་པ་ཞིག་ཀྱང་ཡིན་རྐྱེན། ཁོང་གི་སྨྱུག་བརྐོས་རི་མོའི་བརྗོད་བྱ་གཙོ་བོའང་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་སྒྱུ་རྩལ་གྱི་ལུགས་ཡིན། ཁོང་ཉིད་ཁ་ཆེའི་ལུགས་དང་ཕ་ལྷའི་ལུགས་ཀྱི་སྒྱུ་རྩལ་རྣམ་པར་ཧ་ཅང་དགའ། སྨྱུག་བརྐོས་སྒྱུ་རྩལ་གྱི་ལས་ལ་ཞུགས་ནས་ལོ་ངོ་བཅུ་གྲངས་འདས་རིང་། ནོར་བུས་བཅད་པའི་སྨྱུག་མའི་རྩ་བ་རྣམས་རུལ་ཟིན་ཡང་། སྨྱུག་མའི་སྡོང་པོ་དག་སངས་རྒྱས་ཀྱི་སྐུ་བརྙན་དང་སྒྱུ་རྩལ་བརྩམ་ཆོས་གཞན་དུ་སྒྱུར་ཏེ། རྣམ་པ་གཞན་ཞིག་གི་ཐོག་ནས་འཇིག་རྟེན་ཁམས་སུ་རྒྱུ་བཞིན་ཡོད། བརྒྱུད་རིམ་དེའི་ཁྲོད་ནོར་བུའི་སྣང་བར། འཆི་བ་ནི་མཇུག་སྒྲིལ་བ་མིན་ཞིང་། རྣམ་པ་གཞན་ཞིག་དུ་འགྱུར་འགྲོ་བ་ཡིན་ལ། འགྱུར་བ་ནི་ནམ་ཡང་མཇུག་སྒྲིལ་ཐབས་མེད་པ་རྟོགས།
ཁ་ཆེའི་ལུགས་ཀྱི་སྨྱུག་བརྐོས་བརྩམ་ཆོས།
ནོར་བུའི་སྨྱུག་བརྐོས་སྐོར་གྱི་བརྙན་ཐུང་།
རྩོམ་ཐུང་འདི་ཡང་ཨལ་ལྕི་དགོན་གྱི་མཆོད་པའི་རྒྱུ་རུ་བསྔོའོ།
往期回顾
点击图片进入
▼
隐藏在旧土房中的无价之宝,千岁阿基寺。
两千年不褪色的西藏时尚,外国艺术家编织的喜马拉雅梦。
文章中所有图片版权归作者所有
请勿随意印刷转载 后果自负
合作及投稿邮箱:charuspace@163.com , 微信号:charuspace
ཆ་རུ་ནི་འབྲོག་པའི་སྦྲ་ནག་སོགས་ཀྱི་ཁ་མཚམས་འབྲེལ་བྱེད་ཀྱི་སྲོལ་རྒྱུན་གྱི་ཡོ་བྱད་ཅིག་ཡིན་པ་དང་། ཆ་རུས་བོད་ཡུལ་ཁེ་ལས་སྣ་ཚོགས་ལ་ཁྱབ་སྤེལ་གྱི་སྡིངས་ཆ་བཞེངས་བ་དང་། བོད་ཡུལ་འཕེལ་རྒྱས་ལ་ཕྱིའི་བསམ་བློ་གསར་བ་ནང་འདྲེན་དང་ནང་གི་རིག་གནས་ཉིང་བཅུད་སྤེལ་བར་གཞོལ་བ། ཆ་འཕྲིན་དྲྭ་བའི་ཐབས་ལམ་བརྒྱུད་དེ་སྣ་མང་དང་ཕྱོགས་མང་གི་ཁེ་ལས་མཉམ་འབྲེལ་གྱི་རྣམ་པ་བསྐྲུན་པ་སོགས་ལ་འབད་དེ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བར་འབྲེལ་ཟམ་འཛུགས་པ་དེའོ།།
迦入音译自藏语ཆ་རུ།,意为“链接”,是一家位于成都的实体咖啡工作空间。迦入致力于为藏企提供创业推广平台,把创新思维引入藏地社区建设,以互联网开启多元跨界合作的商业模式,使藏文化与当代接轨。