收录于话题
#圣地人物志
60个内容
པར་རྒྱག་མཁན།
མཛོད་དགེ་བརྙན་ལེན་ཚོགས་ཆུང་གི་ཚོགས་མི།
མགོན་པོ་ཚེ་རིང་ནི་བོད་རིགས་འབྲོག་པ་ཞིག་ཡིན། ཁོང་༡༩༨༣་ལོར་སྐྱེས། ཆུང་དུས་ནས་ད་བར་དུ་མཛོད་དགེ་རྩྭ་ཐང་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད། ཚད་ལྡན་གྱི་སློབ་གྲྭར་སློབ་གསོའི་གོ་སྐབས་ཐོབ་མྱོང་མེད་ཀྱང་། རང་ངོས་ཀྱི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གཟུགས་བརྙན་དངོས་བྲིས་ཀྱི་ལམ་ནས་ཕ་ཡུལ་གྱི་རྩྭ་ཐང་རིག་གནས་ཟིན་བྲིས་སུ་འགོད་བཞིན་ཡོད། ཁོང་གི་བརྩམས་ཆོས་ལ་༼ཁྲུང་ཁྲུང་རྨས་མ་དང་བྱིས་པ་སྣབས་ལུག།༽ ༼རིལ་མ།༽ ༼འབྲོག་པ་དང་ཁྲུང་ཁྲུང་།༽སོགས་ཡོད།བཅར་འདྲི་བྱ་ཡུལ། མགོན་པོ་ཚེ་རིང་།འདྲ་པར་ཡོང་ཁུངས། མགོན་པོ་ཚེ་རིང་།བཅར་འདྲི་རྩོམ་འབྲི་བ། ཕུར་སྲུང་སྐྱབས།
མགོན་པོས་བླངས་པའི་ཁྲུང་ཁྲུང་སྐེ་ནག་གི་བརྙན་ཐུང་།
མགོན་པོ་ཚེ་རིང་ལགས་ཀྱི་བརྩམས་ཆོས།
ཐོག་མར་རང་ཉིད་ངོ་སྤྲོད་ཞིག་གནང་རོགས།
ངའི་ཕ་ཡུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོ་ཀིརྟི་ནས་ཡིན་ཞིང་། མིང་ལ་མགོན་པོ་ཚེ་རིང་ཟེར། ང་རང་ཆུང་དུས་ནས་སློབ་གྲྭ་སོགས་འགྲིམས་མ་མྱོང་ཞིང་། ཨ་ཕ་དང་མཉམ་དུ་རྟ་ཞོན་ཞོར་དུ་ཟོག་འཚོ་སྟངས་བསླབ་ནས་ད་བར་དུ་རང་ས་རང་ཡུལ་ནས་ཟོག་རྫི་བྱས་ནས་ཡོང་བའི་འབྲོག་པ་དཀྱུས་མ་ཞིག་ཡིན།༢༠༡༠ལོ་ནས་བཟུང་། དགེ་རྒན་དབྲ་ཁྱུང་དཔལ་བཟང་དང་མཉམ་དུ་བྱེ་ས་སྔོན་འགོག་གི་ལས་ཀ་སྒྲུབ་ཞོར་དུ་རྩྭ་ས་འདེབས་འཛུགས་ཚོགས་པའི་མཉམ་ལས་ཁང་ནས་ལས་ཀ་སྒྲུབ་བཞིན་ཡོད། ༢༠༡༥ལོ་ནས་བཟུང་། དགེ་རྒན་འབྲུག་སྐྱབས་དང་མཉམ་དུ་བརྙན་དང་པར་ལེན་སྟངས་ལ་སློབ་སྦྱོང་བྱེད་ཞོར་དུ་བརྙན་པར་གྱི་ལས་ཀ་སྒྲུབ་བཞིན་ཡོད་ལ། ལོ་དེར་མཛོད་དགེ་བརྙན་ལེན་ཚོགས་ཆུང་ནང་དུ་ཞུགས།བརྩམས་ཆོས་༼ཁྲུང་ཁྲུང་རྨས་མ་དང་བྱིས་པ་སྣབས་ལུག༽ཞེས་པའི་བརྡ་ཁྱབ།དངོས་ཟིན་གློག་བརྙན་འདིའི་བརྗོད་དོན་གཙོ་བོ་ནི་མགོན་པོ་ཚང་གི་ཁྱིམ་མི་གང་བོས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་ཞིག་ལ་བདག་སྐྱོང་བྱས་ནས་ནད་གཞི་དྲག་སྐྱེད་བྱུང་བ་མ་ཟད་ལོ་གཉིས་པར་དེ་འཕུར་བའི་གཏམ་རྒྱུད་བརྗོད་ཡོད།ཁྱེད་རང་བརྙན་ལེན་ལས་རིགས་ཀྱི་བྱ་བའི་ལམ་ཁར་ཞུགས་ནས་ལོ་ངོ་ག་ཚོད་འགོར་ཡོད་པ་དང་། རྒྱུ་རྐྱེན་ཅི་ཞིག་གིས་ཁྱེད་རང་བརྙན་ལེན་ལས་རིགས་འདི་ལ་ཞུགས་པ་ཡིན་ནམ།༢༠༡༥ལོ་ནས་བཟུང་། དགེ་རྒན་དཔལ་བཟང་དང་དགེ་རྒན་འབྲུག་སྐྱབས་གཉིས་གཙོར་བྱས་པའི་དགེ་རྒན་མང་པོ་ཞིག་གི་དུས་རྒྱུན་དུ་ང་རང་ལ་བཤད་རྒྱུར་ཟིན་བྲིས་གལ་ཆེ་ཚུལ་དང་དེ་ལ་མཐོང་ཆེན་བྱེད་དགོས་ཚུལ། ཟིན་བྲིས་ནི་ང་ཚོའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཡིན་ཚུལ་སོགས་བཤད་པས་ན། ང་རང་ཉིད་ཀྱིས་ཀྱང་ཟིན་བྲིས་གལ་ཆེ་བར་བསམ་ནས་བརྙན་དང་པར་ལེན་པའི་ལམ་ཁར་ཞུགས་པ་ཡིན་ལ། རང་ཉིད་སྒྱུ་རྩལ་ལ་དུངས་བ་ཡོད་པའི་དབང་གིས་བརྙན་དང་པར་ལེན་པའི་ལམ་ཁར་ཞུགས་པ་མིན།ཟིན་བྲིས་ཀྱི་སྐོར་ལ་དཔེར་ན། ཁོར་ཡུག་གི་འགྱུར་བ། རྩྭ་རྩི་ཤིང་དང་འབའ་འབུའི་འགྱུར་བ། སྲོལ་རྒྱུན་གོམས་གཤིས་ཀྱི་འགྱུར་བ་སོགས་དུས་རབས་མང་པོ་ཞིག་བརྒྱུད་ནས་སྔོན་མའི་སྲོལ་རྒྱུན་མང་པོ་ཞིག་ཉམས་རྒུད་དུ་སོང་ཡོད་པ་དང་། ལ་ལ་ཞིག་ང་རང་ཚོས་དོར་ནས་ད་ལྟ་མཐོང་རྒྱུ་མི་འདུག་ལ་ཡང་སྔོན་མའི་སྲོལ་རྒྱུན་ལ་ལ་ཞིག་ང་རང་ཚོས་དོར་མི་རུང་བར་མི་རབས་རྗེས་མ་དག་ལ་རྒྱུད་སྒྲོག་བྱས་ནས་རྒྱུད་འཛིན་དང་སློབ་སྦྱོང་བྱེད་དགོས་པར་བསམ་ནས་བརྙན་དང་པར་གྱི་ལམ་ནས་ཟིན་བྲིས་ལ་བཏབ་པ་ཡིན། དཔེར་ན། སྦྲ་ནག་ཇི་ལྟར་བཟོ་བཞིན་ཡོད་པ་དང་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་རྩིད་པ་དང་བལ་ཡིན་པའི་ཆ་ནས། རྩིད་པ་དང་བལ་འབྲེག་ཚུལ། སེལ་ཚུལ། སྡེབ་ཚུལ། འཐག་ཚུལ། སྦྲ་ནག་བཟོ་ཚུལ་སོགས་ཆ་ཚང་གཙོ་བོར་བཟུང་ན་བརྒྱུད་རིམ་རབ་དང་རིམ་པ་ཞིག་ཡོད་ལ། སྦྲ་ནག་བཟོས་ཚར་དུས་ལོ་རེ་རེར་སྦྲ་ནག་རྙིང་བ་འདབས་ནས་བླངས་ནས་གསར་བ་ལ་ཁ་གསབ་རྒྱག་དགོས་པ་ནང་བཞིན། ལས་ཀ་ཅི་ཞིག་སྒྲུབ་རུང་རྒྱུ་མཚན་གང་ཞིག་གི་ཐད་ནས་རང་གི་ནུས་ཚོད་ཀྱིས་ཟིན་བྲིས་ཆ་ཚང་ཞིག་འགོད་ཐུབ་སོང་ན་དུས་རབས་རྗེས་མ་ཞིག་ལ་ཉམས་རྒུད་དུ་སོང་ན་ཡང་མི་རབས་རྗེས་མ་ཚོར་མཁོ་དུས་ཞིག་ལ་བརྙན་དང་པར་གྱི་ལམ་ནས་ཕྱིར་བཟོས་ཆོག་པར་བསམ། སྦྲ་ནག་བཟོ་བཞིན་པའི་བརྙན་ཐུང་།
ལྷག་པར་དུ་ཁོར་ཡུག་གི་ཐད་ནས་ས་རྐོ་རྡོ་སློག་དང་གཏོར་བརླག་བྱེད་བཞིན་པ་སོགས་ཟིན་བྲིས་སུ་འགོད་བཞིན་ཡོད་ལ། ཡང་ཁྲུང་ཁྲུང་གི་རིགས་ས་ཆ་གང་དག་ན་ཡོད་པ། དུས་ཚིགས་གང་འདྲ་ཞིག་ལ་སྒོ་ང་གཏོང་བ། དུས་ཚིགས་གང་འདྲ་ཞིག་ལ་ཁྱུ་དང་ཁྱུ་བྱས་ནས་གནས་སྤོར་བ་ཤེས་པ་དང་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པ་སོགས་མི་གཞན་ལ་རྒྱུད་སྒྲོག་བྱེད་བསམ་ནས་ཟིན་བྲིས་སུ་བཀོད་པ་ཡིན། འབྲོག་པ་དག་ལ་མཚོན་ན་རྩྭ་རྩི་ཤིང་དང་འབའ་འབུ་སྲོག་ཆགས་སོགས་དང་མཉམ་འདུག་མཉམ་གནས་ཀྱི་འཚོ་བ་རོལ་བཞིན་ཡོད་ལ་དེ་དག་དང་ཁ་འབྲལ་ཐབས་མེད་པའི་རྐྱེན་གྱིས་ལ་ལུང་མང་པོ་ཞིག་བརྒལ་ནས་དེའི་རྒྱུད་རིམ་ཟིན་བྲིས་སུ་འགོད་བཞིན་ཡོད། དེ་ལྟར་ཟིན་བྲིས་སུ་འགོད་དོན་ཡང་མི་རབས་རྗེས་མ་ཚོར་མཁོ་དུས་ཞིག་ལ་བརྙན་དང་པར་གྱི་ལམ་ནས་ཕྱིར་བཟོས་ཆོག་པར་བསམ། བསམ་བློ་དང་ཁ་ཕྱོགས་འདི་འདྲ་ཞིག་ཡིན་ལ། དེའི་ཕྱོགས་ནས་ལས་ཀ་སྒྲུབ་བཞིན་ཡོད་ནའང་འགྲུབ་ཚར་མེད་པའི་རྐྱེན་གྱིས་ལས་ཀ་དེའི་རིགས་ཆ་ཚང་བ་ཞིག་འགྲུབ་པར་བསམ་ནས་དེ་ལ་འབད་པ་བྱེད་བཞིན་ཡོད།
བརྩམས་ཆོས་༼རིལ་མ༽ཞེས་པའི་བརྡ་ཁྱབ།དངོས་ཟིན་གློག་བརྙན་འདིའི་བརྗོད་དོན་གཙོ་བོ་ནི་མགོན་པོས་བྱེ་ས་སྔོན་འགོག་བྱེད་པའི་བརྒྱུད་རིམ་ཁྲོད་མཐོང་བའི་འབྲོག་པ་ཚོས་ལུག་གི་རིལ་མ་བཙོང་བའི་གཏམ་རྒྱུད་བརྗོད་ཡོད།
བརྩམས་ཆོས་༼འབྲོག་པ་དང་ཁྲུང་ཁྲུང་༽ཞེས་པའི་བརྡ་ཁྱབ།དངོས་ཟིན་གློག་བརྙན་འདི་ད་ལྟ་ཕབ་སྐྲུན་བྱེད་བཞིན་པའི་སྒང་ཡིན། འདི་སྔར་བཞིན་ཁྲུང་ཁྲུང་སྐེ་ནག་དང་འབྲེལ་བ་ཡོད་པ་དང་གཙོ་བོ་མཛོད་དགེ་རྩ་ཐང་སྟེང་གི་འབྲོག་པ་དང་ཁྲུང་ཁྲུང་སྐེ་ནག་གཉིས་འཆམ་མཐུན་མཉམ་གནས་ཀྱི་ངང་ནས་མཛེས་སྡུག་ལྡན་པའི་རྣམ་པ་མཚོན་ཡོད།ཁྱེད་རང་གི་བརྙན་ལེན་ལས་རིགས་འདི་ལ་གོ་བ་ཅི་འདྲ་ཞིག་ལེན་བཞིན་ཡོད་པ་དང་། ཁྱེད་ལ་མཚོན་ན་བརྙན་ལེན་པའི་གོ་རིམ་ཁྲོད་ཀྱི་ཆེས་ཆེ་བའི་དཀའ་ཁག་ནི་ཅི་ཞིག་ཡིན་ནམ།ང་རང་ཆུང་དུས་ནས་མི་གཞན་དང་འདྲ་བར་སློབ་གྲྭ་འགྲིམས་པ་དང་སློབ་སྦྱོང་བྱེད་པའི་སྐལ་བ་མ་ལྡན་ལ། ཡིན་ཡང་། རང་གི་ལག་ཏུ་བརྙན་མིག་དང་པར་ཆས་ཐོགས་པ་ནས་བཟུང་། རང་གི་ནུས་ཚོད་ཀྱིས་དགེ་རྒན་མང་པོ་དང་མཉམ་དུ་སློབ་སྦྱོང་བྱེད་ཐུབ་པ། གཞན་པའི་རིགས་ལམ་དང་སློབ་ཁྲིད་མང་པོ་ཞིག་ལ་གསན་ཐུབ་པ། ས་ཆ་མང་པོ་ཞིག་དུ་ལྟ་སྐོར་ལ་འགྲོ་ཐུབ་པའི་གོ་སྐབས་ལྡན་པ་སོགས་ང་ལ་མཚོན་ན་འདི་ནི་རང་ཉིད་ཀྱི་ལས་དང་བསོད་ནམས་ཞིག་ལ་བརྩི་བཞིན་ཡོད། བརྙན་དང་པར་ལེན་པའི་གོ་རིམ་ཁྲོད་ནས་ངས་ལེན་བཞིན་པ་ནི་ཟིན་བྲིས་ཡིན་ལ། ཟིན་བྲིས་འདིའི་ངོས་ནས་ཀྱང་ཁོར་ཡུག་དང་སྲོལ་རྒྱུན་གྱི་རིགས་གང་ཡིན་རུང་རྗེས་མ་ཞིག་ལ་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་སུ་ཟིན་བྲིས་འདི་དག་མི་གཞན་ལ་བལྟ་རུ་བཅུག་ནས་དེ་དག་ཕྱིར་སླར་གསོ་བྱེད་ཐུབ་ན་ཕན་ཐོགས་ཡོད་པར་བསམ།ང་རང་ཉིད་ལ་མཚོན་ན་འབྲོག་པ་ཞིག་ཡིན་ལ། ལྷག་པར་དུ་ང་ཚོའི་རུ་སྐོར་ལ་མཚོན་ན་ཁྱིམ་ཚང་མང་པོ་མཉམ་དུ་འདུས་ནས་འཚོ་བ་རོལ་བཞིན་ཡོད་པ་དང་ས་ཆ་གཞན་དག་ལ་མཚོན་ན་ཐར་ཐོར་གྱི་ངང་ནས་འཚོ་བ་རོལ་བཞིན་ཡོད་པས་འདིའི་བར་གྱི་བསྡུར་བ་ལ་མཚོན་ནས་བཤད་ན། ད་ལྟ་རྩྭ་སའི་སེམས་ཅན་གྱི་ཁ་གྲངས་སྟེང་ནས་འདང་མི་འདང་བ་སོགས་སེམས་ཅན་གྱི་དེ་ལ་སེམས་ཁྲལ་བྱེད་བཞིན་ཡོད་ལ། དཔེར་ན་ཁྱིམ་ཚང་དང་རུ་སྐོར་ལ་མཚོན་ནས་བཤད་ན། དེ་རིང་མི་མང་པོ་ཞིག་མཉམ་དུ་འདུས་ནས་ཁྱིམ་ཚང་ཞིག་ལ་མགྲོན་དུ་འགྲོ་བ་དང་ཁ་བརྡ་མང་པོ་བྱེད་པ། ཕན་ཚུན་བར་ལ་རོགས་རམ་བྱེད་པ། རུ་སྐོར་དང་ཁྱིམ་ཚང་གཅིག་གཉིས་ལྷག་སོང་ན་ཕན་ཚུན་མཉམ་དུ་འདུས་མི་ཐུབ་པ་དང་མཉམ་དུ་འདུས་དགོས་ནའང་ཇ་ཁང་དང་ཆང་ཁང་ནང་དུ་འགྲོ་དགོས་པ། ལས་ཀ་ཅི་ཞིག་སྒྲུབ་རུང་གཞན་ལ་སྒོར་མོ་བྱིན་ནས་སྒྲུབ་དགོས་པ། ཡང་ན་རང་ཉིད་གཅིག་པུས་སྒྲུབ་པ་ལས་རོགས་རམས་བྱེད་མཁན་མེད་པ་ལྟ་བུ། རུ་སྐོར་དང་ཁྱིམ་ཚང་དག་མཉམ་དུ་འཚོ་བ་རོལ་ཚུལ་ལ་སོགས་པ་འདིའི་རིགས་མང་པོ་ཞིག་བརྙན་དང་པར་གྱི་ལམ་ནས་ཟིན་བྲིས་སུ་བཏབ་ནས་མི་མང་པོ་ཞིག་ལ་རྒྱུད་སྒྲོག་དང་རྗེས་མ་འདི་དག་ལ་འགྱུར་བ་ཐེབས་ནས་མཁོ་བའི་དུས་ཞིག་ལ་ལས་ཀ་སོགས་ཕྱིར་དྲན་དང་སླར་གསོ་བྱེད་ཐུབ་ན་ངས་ཟིན་བྲིས་བཀོད་པ་དེར་ཡང་ཕན་ཐོགས་ཡོད་པར་བསམ། ཤུལ་བཞག་རིག་གནས་ཟེར་ནའང་འདྲ། མི་ཟེར་བ་འདི་ནམ་འཆི་མི་ཤེས་པའི་རང་གི་ནུས་ཚོད་ཀྱིས་འཆི་བའི་བར་དུ་ལས་ཀ་གཅིག་ཡིན་ན་གཉིས་ཡིན་ན་སེམས་བསམ་པའི་སྟེང་ནས་སྒྲུབ་བསམ་བཞིན་ཡོད།ང་རང་ཆུང་དུས་ནས་མི་གཞན་དང་འདྲ་བར་སློབ་གྲྭ་འགྲིམས་པ་དང་སློབ་སྦྱོང་བྱེད་པའི་སྐལ་བ་མ་ལྡན་པའི་རྐྱེན་གྱིས་པར་ཆས་བཀོལ་སྤྱོད་བྱེད་པ་དང་སྒྲིག་སྦྱོར་བྱེད་པ། ཡི་གེ་གཏགས་པ་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་ནའང་མི་གཞན་དང་མི་འདྲ་བར་མཉེན་ཆས་སོགས་སྒྱུ་རྩལ་གྱི་རིགས་མང་པོ་ཞིག་བཀོལ་སྤྱོད་བྱེད་མི་ཤེས་པ་འདི་ནི་ང་རང་གི་དཀའ་ཁག་ཆེ་ཤོས་དེ་ཡིན་པར་བསམ།
ཁྱེད་རང་བརྗོད་གཞི་ཅི་ཞིག་གི་བརྩམས་ཆོས་བརྙན་ལེན་པར་དགའ་བ་དང་། ད་དུང་ཁྱབས་ཁོངས་དེ་དག་དང་ཁྱད་ཆོས་གང་དག་ནི་རང་ཉིད་ཀྱིས་ཚོད་ལྟ་བྱེད་འདོད་པ་དེ་ཡིན།
ང་རང་ཉིད་འབྲོག་པ་ཞིག་ཡིན་པའི་ངོས་ཐད་ནས་འབྲོག་ལས་གཙོ་བོར་བྱེད་བཞིན་ཡོད་ལ། ཕྱུགས་ཟོག་མང་སོང་ན་རྩྭ་ཐང་ལ་གནོད་པ་ཆེ་བ་དང་། རྩ་བ་ནས་མེད་པར་གྱུར་ན་རྩྭ་ཐང་སྟེང་གི་སྲོག་ཆགས་གཞན་དག་དང་བྱ་བྱིའུ་འབའ་འབུ་གང་ཡིན་ཡང་ཕྱུགས་ཟོག་མེད་ན་འཚོ་དཀའ་བའི་གནས་སུ་གྱུར་ཡོད། ལྷག་པར་དུ་ཁྲུང་ཁྲུང་ལ་མཚོན་ན། རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་པའི་འདབ་ཆགས་ཀྱི་གྲས་ཡིན་པ་དང་། དེའི་སྒོ་ང་འཇོག་ས་ཡང་འབྲོག་པ་དང་འབྲོག་པའི་ཕྱུགས་ཟོག་དང་ཁ་འབྲལ་ཐབས་མེད་པར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་མཉམ་དུ་གནས་ཡོད་ལ། འབྲོག་པ་མེད་ན་རང་གི་ཚེ་སྲོག་གི་ཆེད་དང་ཁ་ཟས་ཀྱི་ཆེད་དུ་འདབ་ཆགས་འདི་དག་འཚོ་མི་ཐུབ་པ་སོགས་བྱ་བ་མང་པོ་ཞིག་གི་དབང་གིས་འདི་དག་བརྙན་བླངས་ན་རིན་ཐང་ཡོད་པར་བསམ། འབྲོག་པ་མེད་པར་གྱུར་ན་རྩྭ་ཐང་ཇེ་ཆེར་འགྲོ་བ་དང་བསྟུན་ནས་རི་དྭགས་དང་འདབ་ཆགས་མང་པོ་ཞིག་ཉེན་ཁར་འཕྲད་བཞིན་པའི་བརྗོད་གཞི་འདི་གཙོར་བཟུང་བ་ཡིན།
ང་རང་ཉིད་ཀྱི་བརྙན་ལེན་པའི་ཁྱབས་ཁོངས་ལ་མཚོན་ནས་བཤད་ན་འབྲོག་ས་ཡིན་པ་དང་། ཁོར་ཡུག་རང་དབང་ཡིན་ལ་ངས་འགྲོ་ཞོར་འདུག་ཞོར་དུ་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་དངོས་མང་པོ་ཞིག་བརྙན་དང་པར་གྱི་ལམ་ནས་ཟིན་བྲིས་སུ་འགོད་བཞིན་ཡོད། བྱ་དངོས་གང་ཞིག་ཡིན་རུང་ལེགས་འགྲུབ་མ་བྱུང་ན་བྱ་དངོས་གཞན་ཞིག་ལ་ཚོད་ལྟ་བྱས་ནས་ཟིན་བྲིས་བཀོད་ཆོག། དེར་དཀའ་ལས་ཡང་མང་པོ་ཞིག་རྒྱག་མི་དགོས་པར་རང་ཉིད་ཀྱི་དུས་ཚོད་ཆུད་ཟོས་སུ་མི་གཏོང་ལ་ལས་ཀར་ཡང་འགོར་འགྱངས་མི་བྱེད་པའི་བྱ་དངོས་མང་པོ་ཞིག་ད་དུང་རང་གི་ཁོར་ཡུག་དུ་ལྷག་ཡོད། དེ་བས་ང་རང་ཉིད་ཀྱིས་བརྙན་དང་པར་གྱི་ལམ་ནས་ད་དུང་ཟིན་བྲིས་མང་པོ་འགོད་པར་ཚོད་ལྟ་བྱེད་བཞིན་ཡོད།
ཁྱེད་ཀྱི་བརྙན་ལེན་བརྩམས་ཆོས་ལ་མཚོན་ནས་བཤད་ན། རང་གི་ཆེས་འཚོལ་སྙེགས་བྱེད་འདོད་པ་ནི་ཅི་ཞིག་ཡིན་པ་དང་། ཡང་ན་རང་ཉིད་ཀྱི་བརྙན་ལེན་བརྩམས་ཆོས་ལྟད་མོ་བར་མངོན་དུ་འཇུག་འདོད་པའི་ཁྱད་ཆོས་ནི་ཅི་ཞིག་ཡིན།ང་རང་ཉིད་འབྲོག་པ་ཞིག་ཡིན་པའི་ཆ་ནས་བརྙན་དང་པར་ལེན་པའི་ཟིན་བྲིས་མང་ཆེ་བ་ནི་འབྲོག་པའི་དུས་རྒྱུན་གྱི་འཚོ་བ་དང་འབྲེལ་བ་ཡོད་ལ། ད་ལྟ་ངས་མཉམ་གནས་ཞེས་པའི་བརྙན་ཐུང་ཞིག་ཕབ་བསྐྲུན་བྱེད་བཞིན་པའི་སྒང་ཡིན། མཉམ་གནས་ཞེས་པའི་བརྙན་ཐུང་འདིའི་བརྗོད་བྱ་གཙོ་བོ་ནི་འབྲོག་པ་འཚོ་བ་རོལ་བའི་རྩྭ་ཐང་སྟེང་དུ་མི་དང་རྟ་ནོར་ལུག་གསུམ་གྱི་འབྲེལ་བ། མི་དང་མིའི་བར་གྱི་འབྲེལ་བ། མི་དང་སྲོག་ཆགས་བར་གྱི་འབྲེལ་བ། མི་དང་རི་དྭགས་བར་འབྲེལ་བ་སོགས་ཕན་ཚུན་མཉམ་གནས་ཀྱི་ངང་ནས་འཚོ་སྡོད་བྱས་ཡོད་པ་སོགས་བརྗོད་ཡོད། འདི་ཡང་མཉམ་གནས་དང་ཁེར་གནས་ཀྱི་ཁྱད་པར་ཕན་ཚུན་ལ་བརྡ་སྤྲོད་པའི་ཆེད་དུ་ཡིན།
མགོན་པོ་ཚེ་རིང་ལགས་ཀྱི་བརྩམས་ཆོས།
བརྙན་ལེན་ལས་རིགས་ཀྱི་འཚོ་བའི་ཁྲོད་ནས་ཁྱོད་ལ་ཉམས་མྱོང་ཅི་འདྲ་ཞིག་ཐོབ་པ་དང་། བརྙན་ལེན་ལས་རིགས་ཀྱི་ལམ་ཁ་ནས་རང་ཉིད་ལ་ཐོབ་བྱ་ཆེས་མང་བ་ནི་ཅི་ཞིག་ཡིན་ནམ། དེའི་སྐོར་ནས་མི་ཚང་མར་མཉམ་སྤྱོད་རེ་གནང་ན་ཆོག་གམ།བརྙན་དང་པར་ལེན་པའི་བརྒྱུད་རིམ་ཁྲོད་ནས་ང་རང་ཉིད་ཀྱི་ཤེས་རྟོགས་བྱུང་བ་ནི་ཕ་ཡུལ་འགྱུར་ལྡོག་ཆེན་པོ་ཐེབས་བཞིན་ཡོད་ལ། ས་རྐོ་རྡོ་སློག་དང་གད་སྙིགས་གང་སར་འཕངས་ནས་མཛེས་ཤིང་སྡུག་པའི་ཁོར་ཡུག་ལ་སྦག་བཙོག་བཟོ་བཞིན་པས། ང་ཚོས་རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་སྦག་བཙོག་བྱེད་མི་རུང་བར་བསམ། འདི་ནི་ང་རང་གིས་ཆེས་ཆེ་བའི་ཉམས་མྱོང་དེ་ཡིན། ཉམས་མྱོང་འདི་འདྲ་ཞིག་ཇི་ལྟར་ཐོབ་པ་ཡིན་ཟེར་ན། དཔེར་ན། ངས་བརྙན་མིག་ནང་དུ་བརྙན་ལེན་པའི་སྐབས་སུ་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་གི་ནང་དུ་གད་སྙིགས་སོགས་ཡོད་ན་གཞན་གྱི་མིག་ལམ་དུ་མི་ཡག་པ་དང་། འདི་ལྟ་བུའི་ཁོར་ཡུག་གམ་ཡུལ་ལྗོངས་མཛེས་པ་ཞིག་ལ་འགྱུར་བ་མི་གཏོང་བ་དང་མཉམ་དུ་སྦག་བཙོག་མི་བཟོ་བར་ང་ཚོས་སྲུང་སྐྱོང་བྱེད་དགོས་པར་བསམ།བརྙན་དང་པར་ལེན་པའི་སྐབས་སུ་ང་ལ་ཐོབ་བྱ་ཞིག་ཡོད་པ་ནི་ཁོར་ཡུག་དང་སྲོག་ཆགས། རྩྭ་རྩི་ཤིང་དང་བྱ་བྱིའུ་འབའ་འབུ། རི་དྭགས་སོགས་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཡོད་དོ་ཅོག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་མཉམ་འདུག་མཉམ་གནས་ཀྱི་ཁ་འབྲལ་མི་ཐུབ་པ་ཤེས།
མགོན་པོ་ཚེ་རིང་ལགས་ཀྱི་བརྩམས་ཆོས།
ཁྱོད་ཀྱིས་ཅི་ལྟར་རང་ཉིད་ཀྱི་གསར་རྩོམ་ཁྱད་ཆོས་བཙལ་བ་ཡིན།
ང་རང་གི་དུས་རྒྱུན་དུ་བརྙན་དང་པར་ལེན་བཞིན་པ་ནི་ཟིན་བྲིས་ཀྱི་སྐོར་ཡིན་ལ། ཆེད་ལས་ཀྱི་བརྙན་པར་ལེན་མཁན་དག་དང་མི་འདྲ་བར་ངའི་བརྙན་པར་ནི་དུས་རྒྱུན་གྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པས་འདི་ནི་ངའི་གསར་རྩོམ་གྱི་ཁྱད་ཆོས་རེད་བསམ་ཡོད།མ་འོངས་པར་བརྙན་ལེན་པའི་འཆར་གཞི་ཅི་ཞིག་ཡོད་པ་དང་། ཡང་ན་ཆེད་དོན་གང་ཞིག་གཙོ་བོར་འཛིན་རྩིས་ཡོད་དམ། འདིའི་སྐོར་ནས་ཁ་བརྡ་རེ་གནང་རོགས།གཙོ་བོ་ཟིན་བྲིས་ཡིན་པའི་རྐྱེན་གྱིས་༼སྤུ་ལི་སྡེ་བ༽ཞེས་པའི་དངོས་ཟིན་བརྙན་ཐུང་ཞིག་སྔོན་མ་ལོ་གཉིས་གསུམ་ཞིག་ལ་རྒྱུ་ཆ་བསགས་ནས་ད་དུང་ཡང་ལོ་གཉིས་ཙམ་ཞིག་ལ་རྒྱུ་ཆ་བཙལ་ནས་ཕབ་བསྐྲུན་བྱེད་བཞིན་པའི་སྒང་ཡིན། བརྗོད་དོན་གཙོ་བོ་ནི་འབྲོག་པ་རྣམས་མཉམ་འདུས་ཀྱི་འཚོ་བ་རོལ་ནས་ཕན་ཚུན་ལ་རོགས་རམ་བྱེད་བཞིན་པའི་དགེ་མཚན་དང་འབྲོག་པའི་འཚོ་བ་ཆ་ཚང་གསལ་བོར་འགོད་བསམ་པ་ཡིན། འབྲོག་པ་ལ་མཚོན་ན་སྦྲ་ནག་དང་མཉམ་གནས་ཀྱི་ངང་ནས་འཚོ་བ་རོལ་བཞིན་ཡོད་ལ། འབྲོག་པའི་འཚོ་བ་སྦྲ་ནག་དང་ཁ་འབྲལ་ཐུབ་མེད་པ་གཙོར་བཟུང་ནས་བརྗོད་ཡོད་པ་དང་འདི་ལ་ཁྱོན་བསྡོམས་ལེའུ་བཅུ་ཐམ་པ་ཡོད།དཔེར་ན། འབྲོག་པའི་འཚོ་བ་རོལ་ཚུལ་དང་འབྲི་མོ་བཞོ་ཚུལ། ཞོ་བསྙལ་ཚུལ། མར་ཆུར་ལས་ཚུལ། ཕྱུགས་ཟོག་འཚོ་ཚུལ་སོགས་སྦྲ་ནག་དང་ཁ་འབྲལ་ཐུབ་མེད་པས་མི་རབས་རྗེས་མ་ཞིག་ལ་སྲོལ་རྒྱུན་འདིའི་རིགས་ཉམས་སོང་ན་དངོས་ཟིན་བརྙན་ཐུང་འདི་ལ་བལྟས་ནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ཆོག་པ་དེ་གནད་ཀྱི་གཙོ་བོ་ཡིན།བརྗོད་དོན་གཞན་ཞིག་ཡོད་པ་ནི་བྱིས་པ་ལོ་གཉིས་ཅན་ཞིག་གི་ཨ་མའི་ནུ་ཞོ་ནུ་དུས་ནས་བཟུང་བརྙན་བླངས་ནས་ད་ལྟ་ལོ་ལྔར་ཐོན་ཡོད་ལ། ད་དུང་ཡང་བརྙན་འདི་ལེན་བཞིན་ཡོད། བྱིས་པ་ལོ་བརྒྱད་ལ་ཐོན་དུས་ལབ་ཙེར་འགྲོ་བ་དང་སློབ་གྲྭར་འགྲོ་བ་སོགས་མི་ཚེའི་གོ་རིམ་ཆ་ཚང་ཞིག་བརྙན་ལེན་བཞིན་པ་འདིའི་ནར་སོན་པའི་གོ་རིམ་དང་མི་ཚེའི་འགྱུར་བ། སྤྱི་ཚོགས་ཀྱི་འགྱུར་བ་སོགས་ཤེས་ཐུབ་པར་བསམ་ནས་དངོས་ཟིན་བརྙན་ཐུང་འདི་ཡང་ཕན་བསྐྲུན་བྱེད་བཞིན་པའི་སྒང་ཡིན།
༢༠༡༨ལོའི་རི་གྲོང་གི་འབྱུང་འགྱུར་ཞེས་པའི་རྒྱལ་སྤྱིའི་དངོས་ཟིན་གློག་བརྙན་གྱི་འགྲེམ་སྟོན་ཁྲོད་བྱ་དགའ་ཐོབ་པ།
མི་ལ་ལས་རྒྱུན་དུ་ཡུལ་ལྗོངས་པར་ལེན་པ་ནི་མིག་མདུན་གྱི་མཛེས་ལྗོངས་ཟིན་ཐོར་འགོད་པ་ལས་གསར་གཏོད་ཀྱི་ནུས་པ་མང་པོ་མེད་པར་འདོད། ཁྱེད་ཀྱིས་བལྟས་ན་ཡུལ་ལྗོངས་བརྙན་ལེན་ནི་ཅི་ཞིག་ཡིན་ནམ། བརྙན་ལེན་མཁན་གྱི་ཅི་ལྟར་མངོན་དགོས་སམ།ང་རང་ཉིད་ཀྱི་ངོས་ཐད་ནས་ཡུལ་ལྗོངས་པར་ལེན་པ་དེ་གལ་ཆེན་རེད་བསམ་ཡོད། ལྷག་པར་དུ་བརྙན་ལེན་པ་ཞིག་གི་ངོས་ཐད་ནས་ཕྲ་ལེན་དང་སྤྱི་ལེན། ཉེ་ལེན་སོགས་ལེན་པའི་སྐབས་སུ་སྤྱི་ལེན་ལ་ཡུལ་ལྗོངས་གསར་གཏོད་ཀྱི་ནུས་པ་མེད་པར་འདོད་ན། ཁྱེད་རང་ས་ཆ་གང་དུ་ཡོད་པ་དང་ས་ཆ་གང་ཞིག་ཡིན་པ། དཔེར་ན། ཁྱིམ་ཚང་ཞིག་པར་ལེན་ནའང་ཁྱིམ་ཚང་དེའི་འཚོ་བ་རོལ་ཚུལ་དང་ཁོར་ཡུག་མི་ཤེས་པ་ལྟ་བུ། དེ་དག་ཐམས་ཅད་གཙོ་བོ་འདྲ་པར་ལེན་ཤེས་མི་ཤེས་ལ་རགས་ལས་པར་བསམ། རྩྭ་ཐང་སྟེང་གི་རྟ་ནོར་ལུག་གསུམ་དང་རྩྭ་རྩི་ཤིང་། བྱ་བྱིའུ་འབའ་འབུ། རི་དྭགས་སྲོག་ཆགས། དབྱར་དགུན་སྟོན་དཔྱིད་ཀྱི་རྣམ་པ་མི་འདྲ་བ་སོགས་ཡུལ་ལྗོངས་འདི་ཐམས་ཅད་པར་བླངས་ནས་མིག་མདུན་གྱི་མཛེས་ལྗོངས་ཟིན་ཐོར་བཀོད་ཆོག་པར་བསམ།
མགོན་པོ་ཚེ་རིང་ལགས་ཀྱི་བརྩམས་ཆོས།ཁྱེད་ཀྱིས་བལྟས་ན་འདྲ་པར་ཞིག་ལ་ཅི་ཞིག་གི་ནུས་པ་ཡོད་དམ།གཙོ་བོ་རང་ཉིད་ཀྱི་འདྲ་པར་ལེན་ཤེས་མི་ཤེས་ལ་རགས་ལས་པར་བསམ། འདྲ་པར་ལེན་ཤེས་ན་འདྲ་པར་གཅིག་གིས་ཀྱང་འཛམ་གླིང་གི་སྐྱིད་སྡུག་གམ་མཛེས་རྟགས་ཡག་ཤོས་དེ་མཚོན་ནུས་ལ། འདྲ་པར་ལེན་མ་ཤེས་ན་དེར་ནུས་པ་ཆེན་པོ་ཞིག་མེད་པར་བསམ། ལྷག་པར་དུ་ཟིན་བྲིས་འདྲ་པར་གྱི་རིགས་ལ་མཚོན་ན། ལོ་ངོ་མང་པོ་འགོར་ནས་བལྟས་ནའང་སྔོན་མའི་འགྱུར་བའི་རིགས་ལ་ཕྱིར་དྲན་དང་སླར་གསོ་བྱེད་པའི་ནུས་པ་ལྡན།ཡུལ་ལྗོངས་བརྙན་པར་གྱིས་ཅི་ལྟར་མི་སེམས་འགུག་ཐུབ་པ་དང་། ཁྱོད་ཀྱིས་ཅི་ལྟར་བརྙན་མིག་བརྒྱུད་ནས་རང་ཉིད་རང་བྱུང་ཁམས་ལ་དགའ་བའི་བརྩེ་བ་མཚོན་པ་ཡིན་ནམ།མི་སེམས་འགུག་ཐུབ་པ་ནི་ཡུལ་ལྗོངས་བརྙན་པར་གཅིག་པུ་མ་ཡིན་པར། ཡུལ་ལྗོངས་བརྙན་པར་ཡིན་པའི་ཆ་ནི་དཔེར་ན། ང་ཚོ་འབྲོག་པ་ཡིན་པའི་ཆ་ནས་འབྲོག་ཐང་ན་ཡོད་པའི་སྦྲ་ནག་དང་རྟ་ནོར་ལུག་གསུམ། གངས་རི་དང་རྫ་རི། ཆུ་བོ་ལྟ་བུའི་བརྙན་པར་ཡག་པོ་ལྟ་བུ། ཁོར་ཡུག་ལ་བཙོག་སྐྱོན་དང་ས་རྐོ་རྡོ་སློག་སོགས་བྱས་པའི་ཆ་འདྲ་པར་ལེན་དུས་ནང་དུ་མ་ཡོང་ན་མི་སེམས་འགུག་ཐུབ་པར་བསམ།རང་བྱུང་ཁམས་དང་སྲོག་ཆགས། མི་སོགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་མཉམ་གནས་དང་ལྷིང་འཇགས་ཀྱི་ངང་ནས་འཚོ་བཞིན་པའི་བརྙན་པར་བླངས་ན་རང་བྱུང་ཁམས་ལ་བརྩེ་བ་ཡོད་པ་མཚོན་ཐུབ་པ་འདྲ། དཔེར་ན། ས་ནག་མཉམ་གསོ། བྱེ་ས་སྔོན་འགོག། གད་སྙིགས་གཙང་སེལ་བྱེད་བཞིན་པའི་བརྙན་པར་དེ་དག་གིས་ཀྱང་རང་བྱུང་ཁམས་ལ་དགའ་བའི་བརྩེ་བ་མཚོན།མགོན་པོ་ལགས་ཀྱི་བརྙན་སྦྱོར་ལ་དོ་ཁུར་གནང་བར་དགའ་བསུ་ཞུ།
བརྙན་སྟེགས་འབྲེལ་གནས།
雪域无添加藏式月饼
点击图片进入小程序了解
▼
点击图片进入小程序了解
▼
托岗高原黑青稞饼
点击图片可进入小程序了解
▼
往期文章
可点击图片阅读
▼
སྣམ་བུ་ཐིག་རིས་གོན་པར་དགའ་བའི་བོད། ▎གསང་བའི་“མིང་རྟགས།”
བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།
བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།
ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།
ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།
ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记
ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།
འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།
མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད།
བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རག་པའི་གོ་རྟོགས་སད་དུ་བཅུག།གད་སྙིགས་བཏུས་ནས་དམངས་སྲོལ་བཤམས་སྟོན་ཁང་འཛུགས་མཁན།
从未见过的藏地民间收藏 ▎收废品到博物馆开创者
བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace