查看原文
其他

13དབུ་མ་རྩ་བ་ཤེས་རབ། མཁན་ཚུལ་ཁྲིམས།37-39

ལམ་བུ། 格喇嘉措 2020-02-15


ཉག་རོང་མཁན་ཆེན་ཚུལ་ཁྲིམས།


སྤེལ་ཟིན་པའི་དཀར་ཆག


ཞལ་འདོན་སྐོར།

སྤྱོད་འཇུག  ཞལ་འདོན་པ་མཁན་ཀུ་པོ།

སྔོན་འགྲོ་ཐར་ལམ་རབ་གསལ། སྒྲ། ཞལ་འདོན་པ་མཁན་འཆི་མེད་རིག་འཛིན།

གསོལ་འདེབས། སྒྲ།


བློ་སྦྱོང་སྐོར།

སྙིགས་དུས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ། སྒྲ།

མཁན་འཆི་མེད་རིག་འཛིན་གྱིས་ཁྲིད་གནང་མཛད་པའི་བློ་སྦྱོང་སྐོར་ཆ་ཚང་།

རྒྱལ་སྲས་ལག་ལེན། ཉག་རོང་མཁན་ཚུལ་ཁྲིམས། ཆ་ཚང་།

ཆགས་མེད་བདེ་སྨོན། མཁན་བསྟན་འཛིན་ནོར་བུ། སྒྲ་ཆ་ཚང་།

བཀའ་སློབ། མཁན་ཚུལ་ཁྲིམས།

དབུ་མའི་སྐོར།

དབུ་མ་འཇུག་པ་2011ལོར་མཁན་ཚུལ་ཁྲིམས་ཀྱིས་གསུངས།སྒྲ་ཆ་ཚང་།

རབ་གསལ་བརྒལ་ལན།2013ལོར་མཁན་ཚུལ་ཁྲིམས་ཀྱིས་གསུངས།སྒྲ་ཆ་ཚང་།

དམ་ཆོས་དོགས་སེལ། མཁན་ཚུལ་ཁྲིམས།སྒྲ་ཆ་ཚང་།

ཚིག་གསལ་ཐལ་བཟློག ཉག་རོང་མཁན་ཚུལ་ཁྲིམས།སྒྲ་ཆ་ཚང་།

ཐལ་བཟློག མཁན་དགེ་འདུན་རབ་རྒྱས། སྒྲ་ཆ་ཚང་།

དམ་ཆོས་དོགས་སེལ། མཁན་དགེ་འདུན་རབ་རྒྱས།སྒྲ་ཆ་ཚང་།

ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། མཁན་ཆེན་རྣམ་གྲོལ། སྒྲ་ཆ་ཚང་།



འདུལ་བའི་སྐོར།

འདུལ་བ་སུམ་བརྒྱ་བ།མཁན་བསྟན་འཛིན་ནོར་བུ།སྒྲ་ཆ་ཚང་།




༄༅།།    སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས་སོ། 




ༀ་ཨཱ་ཧཱུཾ་ཧྲཱི།


བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། 

བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སྐུ། 

མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས། 

རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། 

ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། 

འཇིག་རྟེན་དབང་ཕྱུག་ཐུགས་རྗེས་རྗེས་ཆགས་གཟུགས། 

པདྨ་རྒྱལ་པོ་འཁོར་འདས་མངའ་དབང་བསྒྱུར། 

སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ 

གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི། 

བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། 

མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིགས་བྱེད་མ། 

མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། 

དབང་མཛད་རྡོ་རྗེ་དཔའ་བོ་ཌཱ་ཀིའི་ཚོགས། 

སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། 

རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ། 

འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། 

འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ། 

སྲིད་ཞིའི་དྭངས་གཅུད་གཡོ་ཞིང་སྡུད་པར་བྱེད། 

རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི། 

རྣམ་གཉིས་དངོས་གྲུབ་འདོད་དགུའི་མཆོག་སྩོལ་ཞིང་། 

རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས། 

སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ། 

མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན། 

ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། 

རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ། 

གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། 

མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་མཐའ་དག 

ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ།། །།



འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བའི་མདོ་ལས། 

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་རྒྱལ་པོ་སྣང་བ། ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ངས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ་ཞེས་གསུངས་ན།

བཅོམ་ལྡན་འདས་ཆོས་བརྗོད་དུ་མ་མཆིས་པ་ལགས་ན་དམ་པའི་ཆོས་ཡོངས་སུ་བཟུང་བ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ། །རིགས་ཀྱི་བུ་འོན་ཀྱང་ཡི་གེའྀ་ངེས་པའི་ཚིག་གང་དག་གིས་བརྗོད་དུ་མེད་པ་འདུས་མ་བྱས་ཀྱི་ཆོས་དེ་བསྙད་པའི་ཡི་གེའི་ངེས་པའི་ཚིག་དེ་དག་གང་ལེན་པ་དང་འཛིན་པ་དང་སྟོན་པ་དང༌། རབ་ཏུ་ཤེས་པར་བྱེད་པ་དང༌། འཇོག་པ་དང་རྣམ་པར་འགྲེལ་བ་དང༌། རྣམ་པར་འབྱེད་པ་དང་གསལ་བར་བྱེད་པ་དང༌། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། 

རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང༌། སྟོན་པ་དང༌། སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང༌། བསྟེན་པ་དང༌། བསྙེན་བཀུར་བྱེད་པ་དང༌། ལྡང་བ་དང༌། རིམ་གྲོ་བྱེད་པ་དང༌། གུས་པར་བྱེད་པ་དང༌། ཞེ་ས་བྱེད་པ་དང༌། བསྟི་སྟང་བྱེད་པ་དང༌། ཀུན་ཏུ་སྲུང་བ་དང༌། སྦེད་པ་དང༌། ཡོངས་སུ་འཛིན་པ་དང༌། གོས་དང༌། ཟས་དང༌། མལ་ཆ་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་སྦྱིན་པ་དང༌། ལེགས་སོ་ཞེས་བྱ་བ་སྦྱིན་པ་དང༌། རྗེ་བོ་ལྟར་ཀུན་ཏུ་སྲུང་བ་དང༌། དགེ་བ་ཀུན་ཏུ་སྲུང་བ་དང༌། བསྔགས་པ་བརྗོད་པ་དང༌། མི་སྙན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང༌། མཚན་མ་མེད་པ་ལ་ཡིད་ཆེས་པ་དང༌། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།  

རིགས་ཀྱི་བུ་གཞན་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང༌། ཆོས་མ་ཡིན་པའི་རྩོད་པ་རྣམས་ཆོས་དང་མཐུན་པས་ཚར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུད་དང༌། སེམས་ཅན་བསྡུ་དང་རབ་ཏུ་ཐར་བར་བྱ་བའི་བློ་དང༌། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ལུས་དང་སྲོག་འདོར་ཞིང་མདོ་སྡེ་འདི་ལྟ་བུ་འདི་དག་ཀུན་ཏུ་སྲུང་བ་དང༌། སྦེད་པ་དང༌། སྒྲུབ་པར་དགོན་པ་ལ་གནས་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། 

རིགས་ཀྱི་བུ་གཞན་ཡང་གང་ཆོས་མཉན་པའི་རྒྱུ་ལས་བྱུང་པའམ། ཆོས་བསྟན་པའི་རྒྱུ་ལས་བྱུང་བས་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་འབྱིན་པའམ་རྔུབ་པ་གཅིག་ཀྱང་རུང་སྟེ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་ཆོས་ཐམས་ཅད་མི་འཛིན་ཅིང་མི་ལེན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། 




    您可能也对以下帖子感兴趣

    文章有问题?点此查看未经处理的缓存