查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 82-83

关注👉🏼⏯ 藏家韵味 2021-07-10




82༽བོད་ཀྱི་རྒྱལ་པོས་རྒྱ་གར་ནས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོན་བསྣུབས་པའི་ལེའུ།



83གཡུ་སྒྲ་སྙིང་པོས་བཻ་རོ་ཙ་ན་གདན་དྲངས་པའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༨༢། བོད་ཀྱི་རྒྱལ་པོས་རྒྱ་གར་ནས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོན་བསྣུབས་པ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ མི་ཕངས་གསེར་ལ་བྱས་ནས་གདན་དྲངས་པ༔ རྒྱ་གར་ཡུལ་ནས་བུདྡྷ་གུ་ཧྱ་དང་༔ སིངྒ་ལ་ནས་ཨཱརྱ་དེ་བ་དང་༔ མཱ་རུ་རྩེ་ནས་ཀ་མ་ཤཱི་ལ་དང་༔ རྒྱ་ནག་བྷ་སང་ཁྲི་གཞེར་སཾ་ཤི་དང་༔ རྗེའུ་རིགས་ཧྭ་ཤང་མ་ཧཱ་རཱ་ཛ་དང་༔ རྒྱ་ནག་ཡུལ་གྱི་ཧྭ་ཤང་དེ་བ་དང་༔ ཧྭ་ཤང་མ་ཧཱ་ཡཱ་ན་ཞེས་བྱ་དང་༔ རྒྱ་ནག་མཁས་པ་ཧ་ར་ནག་པོ་དང་༔ རྒྱ་ནག་ཧྭ་ཤང་མ་ཧཱ་སཱུ་ཏྲ་དང་༔ རྒྱ་གར་ཡུལ་ནས་ཨཱ་ཙར་གསལ་པ་དང་༔ ཙནྡྲ་ཀཱིརྟྟི་དྷརྨ་གཱི་ཏི་དང་༔ ཤཱནྟ་རཀྵི་ཏ་དང་གསལ་རྒྱལ་དང་༔ ཤཱནྟ་དེ་བ་བུདྡྷ་གུཔྟ་དང་༔ ཤྲཱི་བ་ལེ་དྷར་ཙྪིནྡྷ་མ་ཎི་དང་༔ ཤནྟིངྒརྦྷ་བི་ཤུདྡྷ་སིངྷ༔ རོཾ་བུ་གུ་ཧྱ་དེ་བ་ཙནྡྲ་དང་༔ དཱ་ན་ཤཱི་ལ་བྲམ་ཟེ་ཨཱ་ནནྡ༔ ཀ་ལྱཱ་མི་ཏྲ་སུ་རེནྡྲ་བོ་དྷི༔ ཛི་ན་མི་ཏྲ་ཤཱི་ལེནྡྲ་བོ་དྷི༔ བལ་པོ་ཤཱི་ལ་མཉྫུ་བ་སུ་དྷར༔ ཆོས་ཀྱི་བདག་པོ་ག་ག་ཀཱིརྟྟི་དང་༔ ཞང་ཞུང་ཡུལ་ནས་གཤེན་ལི་ཤི་སྟག་རིང་༔ ཐང་ནག་བོན་པོ་ཚེ་མི་གཡུང་དྲུང་འབྱུང་༔ གཤེན་བོན་དྲན་པ་ཁོང་སྤུངས་བྱ་བ་དང་༔ མི་ལུས་བསམ་ལྷག་སྟག་ལྷ་མེ་འབར་དང་༔ ཐར་བོན་གྲུ་བསྐྱིལ་རྟ་བོན་བྱོན་ཁྲི་ནག༔ འཕྲུལ་བོན་གསང་བ་ངང་རིངས་ལ་སོགས་བོས༔ ཨཱ#་པ་ལོའི་གླིང་བཞག་བོན་བསྒྱུར་བཅུག༔ དེ་དུས་རྒྱལ་པོའི་སྐུ་ཡི་རིམ་གྲོ་ལ༔ བོན་དུ་ཤ་བ་རྭ་རྒྱས་བྱེད་དགོས་ཟེར༔ བོན་པོས་ཤ་བ་གསོན་མ་བཟུང་ནས་གྱེར༔ ལྷ་ཆ་དགོས་ཟེར་བོན་པོས་གཡག་ལུག་གསོད༔ དེ་ལ་སོགས་པའི་སྡིག་པ་གང་ཞིག་ལ༔ ལོ་པཎ་རྣམས་ཀྱིས་བོན་པོའི་ལས་ལ་གཟིགས༔ པཎྜི་ཏ་རྣམས་གྲོས་མེད་བློ་གཅིག་ཏུ༔ ལོ་ཙཱ་བརྒྱུད་ནས་རྒྱལ་པོའི་སྙན་གསོལ་བ༔ ཆོས་ཀྱི་ཁྲིམས་དང་མི་མཐུན་བོན་ལུགས་འདི༔ མི་དགེ་ཕལ་གྱི་ཐུན་མོང་མ་ཡིན་གྱི༔ འདི་འདྲ་བྱེད་འཇུག་ངེད་རྣམས་རང་ཡུལ་འགྲོ༔ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འོང་༔ ཆོས་ལུགས་གཅིག་ལ་བྱེད་ལུགས་གཉིས་མི་རུང་༔ རྒྱལ་ས་གཅིག་ལ་རྒྱལ་པོ་གཉིས་མི་འཐད༔ སྡིག་པའི་གྲོགས་དང་བསྐལ་པར་འགྲོགས་མི་བྱེད༔ དེ་སྐད་བསྲིངས་པས་རྒྱལ་པོས་ལན་བསྐུར་བ༔ བོན་ཆོས་གཉིས་ནི་གཤེད་མ་འཕྲད་པ་བཞིན༔ གཅིག་ལ་གཅིག་ནི་དག་པ་མི་སྟེར་བས༔ ཆོས་ནི་དར་ཆ་ཆུང་ཞིང་བོན་ཁ་དྲག༔ ལོ་ཙཱ་མཁས་པ་མང་པོ་སྤྱུག་དགོས་བྱུང་༔ བོན་ཆོས་གཉིས་ཀ་དར་འཇུག་བཞུགས་ཞུས་པས༔ ཞེས་བསྲིངས་པཎྜི་ཏ་རྣམས་ལན་མི་སྟེར༔ ཆོས་གསུངས་ཞུ་བ་ཕུལ་ཀྱང་ཆོས་མི་གསུང་༔ དེ་དུས་རྒྱལ་བའི་བློ་གྲོས་ཨ་མ་དང་༔ བློན་པོ་ཏ་ར་ཀླུ་གོང་ཤི་བ་ལ༔ བོན་ཆོས་གཉིས་ཀས་བུམ་ཆོག་བྱས་པའི་ཚེ༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ དོན་མཁར་ཐང་ལ་ངག་ནུས་འགྲན་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ སློབ་དཔོན་པདྨ་ཐང་ནག་བོན་པོ་གཉིས༔ གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ བོ་དྷི་ས་ཏྭ་ཤ་རིའི་དབུ་ཆེན་གཉིས༔ གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ བི་མ་མི་ཏྲ་ལི་ཤི་ལྟག་རིངས་གཉིས༔ གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ བོན་གྱི་ཐེག་དགུ་ཆོས་ཀྱི་ཐེག་དགུ་གཉིས༔ ལོ་ཙཱ་རྣམས་ཀྱིས་འགེགས་རེས་བྱེད་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ རྒྱལ་པོའི་མངའ་འོག་བོན་པོ་ཐམས་ཅད་བསྡུས༔ ཁམས་གསུམ་ན་གར་བོན་པོའི་གྲལ་བྱས་ནས༔ བོན་པོའི་སྐྲ་བསྒོར་ཕ་ཇོའི་མིང་དུ་བཏགས༔ མགོ་ལ་ཝ་ཞྭ་ལག་པར་ཕྱེད་རྔ་གཏད༔ གོས་སུ་རས་སྔོན་ཟས་སུ་ལྷད་ཟས་བྱིན༔ བོན་ལུགས་སྡིག་དང་འདྲེས་པ་ཐམས་ཅད་བསྣུབས༔ འཇིག་རྟེན་འཕྲལ་རྐྱེན་ཟློག་པ་ཙམ་གྱི་བོན༔ ཤ་བ་ཤིང་མགོ་རྭ་རྒྱས་བྱེད་པ་དང་༔ གཡག་ལུག་ཟན་ལ་གཟུགས་བརྙན་བྱེད་དུ་བཅུག༔ ལྷ་གཡང་སྐོར་གསུམ་མིན་པ་ཐམས་ཅད་བསྣུབས༔ གཤེན་བོན་རྣམས་ལ་ཁལ་དུ་བོང་བུ་བྱིན༔ བ་ལང་གསོན་མར་གཡུང་དྲུང་བོན་རྣམས་བཀལ༔ འབངས་ཀྱི་གཙང་སྟོད་བྱེ་མ་གཡུང་དྲུང་བསྐྱལ༔ རྩྭ་མི་ཤིང་མི་ལྗང་མོ་མིག་དགུའི་ཡུལ༔ གླང་གི་གྱིམ་ཤོད་ཡུ་མོ་མགུལ་གྱི་ཡུལ༔ སོག་པོ་སྤྲེའུ་སླག་ཅན་གྱི་ཡུལ་དུ་སྤྱུགས༔ སེམས་ཅན་གསོད་ལ་བཤན་པའི་མིང་དུ་བཏགས༔ སྡིག་གླར་མགོ་བྱིན་མི་ཡི་ཁྱུ་ནས་ཕུད༔ གྲལ་དུ་སྒོ་རྒྱབ་སྐས་ཀའི་འོག་ཏུ་བཞག༔ ཟས་སུ་འབགས་ལྷག་སྐོམ་དུ་སྐྱོགས་ཞབས་བྱིན༔ ཁ་བསྲུངས་གོས་བསྲུངས་ཀུན་གྱིས་སྐྱུག་བྲོ་བལྟ༔ སྡིག་མཁན་ཡིན་ཟེར་རིས་སུ་བཅད་ནས་བཞག༔ དེ་དུས་བློན་པོས་ལྐོག་ཏུ་གླེང་བ་ལ༔ འདི་འདྲའི་རྟེན་འབྲེལ་མི་ཤོང་གཤིས་མི་དགེ༔ རྒྱལ་པོའི་མངའ་ཐང་ཆུང་དུ་འགྲོ་ཟེར་སྐད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་ཀྱི་རྒྱལ་པོས་རྒྱ་གར་ནས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོན་བསྣུབས་པའི་ལེའུ་སྟེ་གྱ་གཉིས་པའོ༔ ༔

༨༣། གཡུ་སྒྲ་སྙིང་པོས་བཻ་རོ་ཙ་ན་གདན་དྲངས་པ།


དེ་ནས་རྒྱལ་པོས་ཆོས་གསུང་ཞུ་བ་ཕུལ༔ ཨུ་རྒྱན་ཡུལ་ནས་སྤྱན་དྲངས་པདྨ་འབྱུང་༔ ཟ་ཧོར་ཡུལ་ནས་སྤྱན་དྲངས་ཞི་བ་འཚོ༔ ཁ་ཆེའི་ཡུལ་ནས་སྤྱན་དྲངས་བི་མ་ལ༔ སེང་གེའི་ཁྲི་ལ་ཁྲི་སྙན་པགས་པ་བཤམས༔ ཡོལ་བ་བླ་རེའི་འོག་ཏུ་གདུགས་ཕུབ་ནས༔ གཡས་སུ་རྒྱལ་མཚན་གཡོན་དུ་བ་དན་ཕྱར༔ མདུན་དུ་གསེར་གྱི་མཎྜལ་བརྒྱ་རྩ་བརྒྱད༔ གཡུ་དང་མུ་མེན་བྱུ་རུ་མརྐཏ་དང་༔ རིན་ཆེན་སྣ་ཚོགས་མཎྜལ་བཀོད་ནས་བཞག༔ སོ་སོར་ལོ་ཙཱ་བཙུགས་ནས་ཆོས་གསུང་བཅུག༔ བི་མ་མི་ཏྲ་བཻ་རོ་ཙ་ན་འདྲི༔ འབངས་ཀྱིས་རྒྱལ་མོ་ཚ་རོང་སྤྱུགས་ཞུས་པས༔ ཐལ་བརྡབས་བཻ་རོ་གསུང་ཞིང་སྤྱན་ཆབ་ཕྱུང་༔ མངོན་པ་པྲ་ཀ་ར་ཎ་སྡེ་བརྒྱད་གསུངས༔ དེ་དུས་བོད་དང་རྒྱལ་མོ་ཚ་རོང་གཉིས༔ ཚོང་འགྲོན་མང་པོ་ཡར་མར་འགྲོ་བ་ལས༔ རྒྱལ་རོང་ཚོང་པ་བོད་ཕྱིན་ལོག་བྱུང་བས༔ བོད་ཀྱི་གཏམ་དྲིས་ཇི་ལྟ་བ་བཞིན་སྨྲས༔ མཁས་པ་ཆེན་པོ་བཻ་རོ་ཙ་ན་ཡིས༔ རྣམ་ཐར་སྒོ་གསུམ་ཐང་གི་ཆོས་གྲྭ་རུ༔ གཡུ་སྒྲ་སྙིང་པོ་ལ་ཡོགས་འདོར་དུ་བཏང་༔ བནྡེ་ཕལ་པ་ཞིག་གི་ཆས་སུ་ཞུགས༔ ཞྭ་གོས་ལྷྭམ་ལ་ལྷན་པ་སྣ་ཚོགས་བརྒྱབ༔ སྦ་མཁར་རིང་མོ་ཕྱག་ཏུ་བསྣམས་ནས་ཕྱིན༔ གཡུ་སྒྲས་མཇལ་བའི་ཞུ་འཕྲིན་བསྲིངས་པ་ལས༔ ཆོས་ཀྱི་ཐུན་བབ་བག་ཙམ་བཞུགས་ཤིག་ཟེར༔ གཡུ་སྒྲ་ངང་ཐུངས་མ་བཞུགས་འཚངས་ཏེ་ཕྱིན༔ སྦ་མཁར་ལག་བཀབ་ཨོག་མཁར་བཙུགས་བྱས་ནས༔ བི་མ་ལ་ལ་ཕྱག་མི་འཚལ་བར་གཟིགས༔ ཀ་ཀ་པ་རི་ཀ་ཀ་པ་རི་གསུངས༔ བི་མས་བརྡ་ཐིམ་གསུངས་ནས་དབུ་འཕང་སྨད༔ གཡུ་སྒྲ་སྙིང་པོས་རྗེ་འབངས་ཡོངས་ལ་གཟིགས༔ སླར་ཡང་ཀ་ཀ་པ་རི་ཟེར་ནས་སོང་༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞལ་ན་རེ༔ སློབ་དཔོན་དབུ་འཕང་སྨ་ལ་གསུང་རེ་ཆུང་༔ བནྡེ་སྐྱ་མིན་སེར་མིན་སྐད་རེ་ཆེ༔ ཀ་ཀ་པ་རིའི་སྒྲ་དེ་ཅི་ཡིན་ཞུས༔ སློབ་དཔོན་བི་མ་མི་ཏྲའི་ཞལ་སྔ་ནས༔ ཝ་དང་སྤྲེའུ་ཇི་ལྟར་སྒྲ་བཟང་ཡང་༔ གཅན་གཟན་རྒྱལ་པོ་སེང་གེའི་སྒྲ་མི་འཁྱུར༔ ཕོ་རོག་རྡོ་རྗེ་འགྲོས་ནི་འགྲོ་མགྱོགས་ཀྱང་༔ སྟོང་གསུམ་ས་སྟེང་འཁོར་བ་ཅང་སྲིད་དམ༔ ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ༔ ཐེག་ཆེན་ངེས་དོན་བླ་མེད་མི་འཆད་པར༔ དེ་སྐད་ཟེར་བ་ཡིན་ནོ་རྒྱལ་པོར་གསུངས༔ བདག་གིས་བརྡ་ཐིམ་བྱས་པ་ཁ་རོག་སྡོད༔ ད་དུང་དུས་ལ་མ་བབ་བྱས་པ་ཡིན༔ རྗེ་འབངས་ཡོངས་ལ་བལྟས་ནས་ཟེར་བ་ནི༔ མཁས་བླུན་བྱེ་བྲག་མི་ཤེས་སྐྱོན་ཅན་ཚོ༔ རྨོངས་པ་འདུས་ནས་མཁས་པ་སུན་ཕྱུང་བཅུག༔ ངན་པ་གཞུང་ལོག་གླེན་འཐོམས་བྷ་ཀ་ར༔ ཐམས་ཅད་མཁྱེན་པ་རྒྱལ་མོ་ཚ་རོང་སྤྱུགས༔ དེ་སྐད་ཟེར་བ་ཡིན་ནོ་རྗེ་འབངས་རྣམས༔ དེ་ནས་སྐ་ཅོག་ཀུ་མཱ་ར་གསུམ་གྱིས༔ གཡུ་སྒྲ་སྙིང་པོ་ཚོལ་དུ་ཕྱིན་པ་ཡིས༔ གླིང་གསེབ་ཆང་མ་ཞིག་གི་ཁྱིམ་ན་འདུག༔ རེས་འགའ་དབྱངས་ལེན་རེས་འགའ་གསོལ་བ་འདེབས༔ ཆང་འཚོང་མ་དེ་ངུ་ཞིང་ཕྱག་འཚལ་འདུག༔ གཉགས་ཀྱིས་གྲོགས་པོ་གང་ནས་འོངས་བྱས་པས༔ རྒྱལ་མོ་ཚ་བའི་རོང་ནས་འོངས་སོ་ཟེར༔ སྐ་བས་བཻ་རོ་ཙ་ན་ཤེས་སམ་བྱས༔ ཤེས་ཤེས་ང་ཡི་བླ་མ་ཡིན་ནོ་ཟེར༔ ཅོག་རོས་སྐུ་ཁམས་བཟང་ནས་ཡོད་དམ་བྱས༔ སྐུ་ཁམས་བཟང་ཞིང་ང་ནི་ཆོས་གཏུགས་བཏང་༔ བཻ་རོ་ཙ་ནས་ཅི་མཁྱེན་ངས་ཤེས་ཟེར༔ གཉགས་ཆེན་ཀུ་མཱས་གདམས་ངག་ཞུ་བྱས་པས༔ ཡང་ན་རིག་དང་རིག་པ་བརྗེ་བར་བྱ༔ ཡང་ན་རིག་པ་མི་ཕངས་ནོར་གྱིས་བླུ༔ ཡང་ན་རིག་པ་བུ་ལ་སྦྱིན་པར་བྱ༔ ས་སེར་རྡོ་སྔོ་མཆུ་སྙུང་ལང་ལིང་དང་༔ སྐུ་ལ་མཛེས་པ་ཞལ་དུ་བདའ་བའི་བཅུད༔ ཐུགས་སུ་འབྱོན་པ་བཀོལ་ཉན་དུས་ལ་རུབ༔ དེ་བཞིན་མཆིས་ན་གདམས་ངག་སྦྱིན་ཆོག་ཟེར༔ གཉགས་ཀྱིས་བཀའ་བཞིན་བསྒྲུབས་ནས་གདམས་ངག་ཞུས༔ དེ་ནས་གཡུ་སྒྲ་ཁྲིད་ནས་ཕོ་བྲང་ཕྱིན༔ བི་མ་ལ་ཡིས་དྲི་བ་དྲིས་པ་ཡིས༔ བདག་ནི་པ་གོར་བཻ་རོ་ཙ་ནའི་བུ༔ སློབ་མ་གཡུ་སྒྲ་སྙིང་པོ་བྱ་བ་ལགས༔ དེ་སྐད་ཟེར་ནས་ཆོས་ལ་གླེང་བསླང་བྱས༔ སེམས་སྨད་ལྔ་ལ་མཁས་པ་ཞིག་འདུག་གསུངས༔ དེ་ནས་གཡུ་སྒྲས་ཀྱང་ནི་ཆོས་གྲ་བཙུགས༔ བར་སྐབས་བཅད་ནས་ཆོས་ནི་སོ་སོར་གསུངས༔ ལོ་ཙཱ་བ་ཡིས་སྐད་ཤོང་ཕྲག་ཏུ་ཉན༔ གཡུ་སྒྲས་སེམས་སྨད་སྔ་འགྱུར་ལྔ་གསུངས་ཤིང་༔ བི་མ་ལ་ཡིས་ཕྱི་འགྱུར་བཅུ་གསུམ་གསུངས༔ ཚིག་མ་མཐུན་ཀྱང་དོན་ནི་གཅིག་ཏུ་མཐུན༔ འདབ་ཆགས་མ་བུ་བསྡེབས་བཞིན་གཅིག་ཏུ་འགྲིལ༔ འགྱུར་གཉིས་གཅིག་བསྡོམས་སེམས་སྨད་བཅོ་བརྒྱད་བཏགས༔ དེ་དུས་བོད་ཀྱི་རྒྱལ་བློན་འབངས་བཅས་རྣམས༔ བཻ་རོ་ཙ་ན་སྤྱུགས་པས་འགྱོད་པ་སྐྱེས༔ བཻ་རོ་ཙ་ནའི་ཡོན་ཏན་ཐམས་ཅད་བགྲངས༔ འཕྲལ་ཞིབ་འགྲོགས་བདེ་དང་བ་འདྲེན་པའི་མི༔ སྐུ་ཡི་དཀྱིལ་འཁོར་ལྟ་བས་ཆོག་མི་ཤེས༔ ཚངས་པའི་གསུང་ནི་སྙན་པའི་དབྱངས་སུ་ལེན༔ དགུང་ལོ་བཅོ་ལྔ་ལས་ནི་མ་ལོན་པར༔ ལམ་རྒྱུས་མེད་པར་རྒྱ་གར་ཡུལ་དུ་བརྟོལ༔ འཇིགས་པ་གང་གིས་མ་ཚུགས་བོད་ཡུལ་སླེབས༔ བོད་སྤྲུག་སྒྲ་མ་ཤེས་པར་བཻ་རོས་ཤེས༔ རྒྱ་བོད་ལམ་ཞག་ཟླ་བ་བཅུ་གསུམ་ལ༔ ཟླ་བ་ཕྱེད་ཀྱིས་ཆོད་པའི་རྐང་མགྱོགས་གྲུབ༔ ཆོས་ནི་གང་ལའང་མ་རྨོངས་ཐམས་ཅད་མཁྱེན༔ ཐེག་པའི་རྣམ་གྲངས་མ་འདྲེས་སོ་སོར་ཕྱེད༔ རྫུ་འཕྲུལ་སྟོབས་ལྡན་སྟོན་པའི་ཞལ་སྐྱིན་མཆོག༔ ས་བརྒྱད་བྱང་ཆུབ་སེམས་དཔའ་འཛེར་ཞིང་སྨྲེང་༔ དེ་ནས་གཡུ་སྒྲས་རྒྱལ་མོ་ཚ་རོང་བྱོན༔ སྔར་གྱི་བཀའ་མཆིད་ཞིབ་ཏུ་གསོལ་བ་ཡིས༔ བཻ་རོ་ཙ་ན་དགྱེས་པའི་མགུར་འདི་གསུངས༔ བཻ་རོ་ཙ་ན་བདག་ཉིད་མཆིས་པ་འདི༔ ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན༔ ཤེས་བྱའི་སྒྲིབ་པ་བག་ཙམ་མ་དག་པས༔ བོད་ཀྱི་སྤུ་རྒྱལ་བཙན་པོའི་ཡུལ་དུ་སྐྱེས༔ རྒྱ་གར་ཡུལ་ནས་དམ་པའི་ཆོས་བཙལ་ཡང་༔ མ་དག་བཙུན་མོ་བློན་པོ་ཀུན་བགྲོས་ནས༔ གདུལ་དཀའ་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས༔ ཚ་བའི་རྒྱལ་ཁམས་ཐམས་ཅད་དཀར་པོར་བསྒྱུར༔ ད་ནི་སླར་ལོག་བོད་ཡུལ་དབུས་སུ་མཆི༔ མ་དག་སྒྱུ་མའི་ཕུང་པོ་དེར་བསྙིལ་ནས༔ ཟུང་འཇུག་འགྱུར་མེད་ནམ་མཁའི་མཐའ་བཞིན་རྒྱས༔ རྒྱལ་བློན་འབངས་བཅས་ཟོ་མདོག་བདེ་བར་བཞུགས༔ མཐར་ནི་ལོངས་སྐུའི་ཞིང་དུ་མཇལ་བར་སྨོན༔ ཞེས་གསུངས་དེ་ནས་བོད་ཡུལ་དབུས་བྱོན་པའི༔ ལམ་ཀར་སྤམ་རྒན་མི་ཕམ་མགོན་པོ་ཞེས༔ མགོ་དཀར་ལུས་འཁོགས་ལོ་བརྒྱ་ལོན་པའི་སར༔ ཞག་ས་ཕོག་པས་གང་འོངས་གར་འགྲོ་ཟེར༔ གཡུ་སྒྲས་རྒྱལ་རོང་ནས་འོངས་བོད་འགྲོ་བྱས༔ རྒད་པོ་ཧམས་ནས་འགྲོན་པོ་ཁྱེད་གཉིས་འཁྲུལ༔ ཚ་བའི་རོང་དུ་ཆོས་ཉན་མི་སྡོད་པར༔ མཁས་པ་བཻ་རོ་ཙ་ན་ཞེས་བྱ་བ༔ ཆོས་ཀྱི་ཉི་མ་ཤར་འདུག་ཟེར་བ་ཐོས༔ དེར་མི་སྡོད་པར་ཁྱེད་གཉིས་འདྲ་བ་ཟེར༔ བཻ་རོ་ཙ་ནས་དེ་ཉིད་ང་ཡིན་གསུངས༔ རྒད་པོས་མིག་ལ་འཁར་བ་བཙུགས་ནས་བལྟས༔ བཻ་རོ་ཙ་ནའི་མགུལ་པ་ལ་འཁྱུད་ནས༔ རྒད་པོས་ཡུན་ཅིག་ངུས་ནས་འདི་སྐད་ལོ༔ ང་ནི་རྒས་ཤིང་ཆོས་མེད་འཆི་མ་བཏུབ༔ ཉོན་མོངས་སྡུག་རྒན་ང་འདྲ་ཡོད་པ་སྙམ༔ ཁྱོད་དང་མཇལ་བ་སྐྱིད་རྒན་ཨ་རེ་དགའ༔ འཆི་ཀར་ཕན་པའི་ཆོས་ཤིག་ཞུ་དང་ཟེར༔ དེ་ནས་བཻ་རོས་སྒོམ་རྟེན་ལུས་ལ་བཙུགས༔ སྒོམ་ཐག་རྐེད་ལ་བསྡམས་ནས་གདམས་ངག་བཏབ༔ རྒད་པོ་ལུས་མ་བོར་བར་སངས་རྒྱས་སོ༔ དེ་ནས་བསམ་ཡས་ཆོས་གྲའི་གསེབ་ཏུ་བྱོན༔ ཕ་མ་རྒན་འཁོགས་གཉིས་ཀྱང་དེ་ན་འདུག༔ བཻ་རོས་ཞེ་བློ་བདེ་བའི་མགུར་འདི་གསུངས༔ ཞབས་ཏོག་རྣམ་གསུམ་བླ་མ་བསྟེན་པ་འདི༔ བཻ་རོ་ཙ་ན་པཎ་ཆེན་འཛོམས་པ་འདྲ༔ ཁོ་བོའི་གཏུགས་ས་འདི་རྣམས་དགྱེས་པ་ན༔ གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ༔ ཤེས་རབ་རྣམ་གསུམ་མདོ་རྒྱུད་བལྟ་བ་འདི༔ རིན་ཆེན་གླིང་དུ་ཚོང་དཔོན་ཕྱིན་པ་འདྲ༔ ལུས་སྲོག་ལོངས་སྤྱོད་ཆོས་ཕྱོགས་སོང་བ་ང་༔ ཚེ་འདིར་སྡུག་ཅིང་ཕོངས་ཀྱང་ཞེ་བློ་བདེ༔ བསླབ་པ་གསུམ་གྱིས་ལེགས་པར་བརྒྱན་པ་འདི༔ རྒྱལ་པོའི་ལྷ་གཅིག་བག་མར་ཕྱིན་པ་འདྲ༔ རང་གིས་ཆོས་ཚུགས་དྲང་པོར་ཟིན་པ་ང་༔ གཞན་གྱིས་ངན་སྨྲས་བརྗོད་ཀྱང་ཞེ་བློ་བདེ༔ སྡེ་སྣོད་གསུམ་ལ་ལྟད་མོ་ལྟ་བ་འདི༔ མུན་པའི་གླེང་དུ་སྒྲོན་མེ་བཏེགས་པ་འདྲ༔ རྐྱེན་སྐུལ་དགྲ་ལ་བཟོད་པ་སྒོམ་པ་ང་༔ གཞན་དོན་མ་ཕེར་ཟེར་ཡང་ཞེ་བློ་བདེ༔ ལུས་ངག་ཡིད་གསུམ་ཆོས་ལ་འཁོལ་བ་འདི༔ ཐག་རིང་འགྲོན་པོ་ཕ་ཡུལ་སླེབས་པ་འདྲ༔ རྟག་ཏུ་དགེ་སྦྱོར་དག་ལས་མ་ཡེངས་ང་༔ མི་རྗེས་མ་སླེབས་ཟེར་ཡང་ཞེ་བློ་བདེ༔ དུག་གསུམ་གཉེན་པོར་ཡེ་ཤེས་གཏོང་བ་འདི༔ ཚད་པའི་ནད་ལ་ག་བུར་ཐོངས་པ་འདྲ༔ བསམ་རྒྱུ་དམ་པའི་ཆོས་ལས་མེད་པ་ང་༔ བློ་ཤོ་རྒོད་དོ་ཟེར་ཡང་ཞེ་བློ་བདེ༔ ཐོས་བསམ་སྒོམ་པ་ཕྱོགས་མེད་བྱས་པ་འདི༔ ནམ་མཁའི་དཀྱིལ་དུ་མདུང་བསྐོར་བྱས་པ་འདྲ༔ ཕྱི་ནང་ཆོས་ཀྱི་སྒྲོ་འདོགས་ཆོད་པ་ང་༔ ཆོས་ཀུན་མི་ཤེས་ཟེར་ཡང་ཞེ་བློ་བདེ༔ ཨ་ཏི་རྟོགས་པའི་རྣལ་འབྱོར་འཕྱོ་བ་འདི༔ གཞན་དྲིང་མེད་པའི་ཁྲི་མུན་ཐར་བ་འདྲ༔ ཉན་འཆད་སྒོམ་ལ་མཁས་པར་གྱུར་པ་ང་༔ མི་ཆོས་མ་མཁས་ཟེར་ཡང་ཞེ་བློ་བདེ༔ རང་བས་གཞན་ལ་གཅེས་པར་འཛིན་པ་འདི༔ བྱང་ཆུབ་སེམས་དཔའི་དགེ་སྦྱོང་སྐྱེས་རབས་འདྲ༔ ངོ་བསྲུང་ཕྱོགས་སུ་གདམས་ངག་མི་སྟེར་ང་༔ མི་སེམས་མ་ཟིན་ཟེར་ཡང་ཞེ་བློ་བདེ༔ སྦྱིན་པ་གསུམ་གྱི་རྒྱགས་ཕྱེ་བསྒྲུབས་པ་འདི༔ དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་འདྲ༔ ཅི་ཡོད་བླ་མའི་ཕྱོགས་སུ་འབུལ་བ་ང་༔ ལྟོགས་གྲི་འཁྱགས་གྲིར་ཤི་ཡང་ཞེ་བློ་བདེ༔ ཚུལ་ཁྲིམས་གསུམ་གྱི་སྐྱེལ་མ་ཁྲིད་པ་འདི༔ འཇིགས་པའི་འཕྲང་ལ་ལམ་རྒྱ་བཙུགས་པ་འདྲ༔ བཟང་ངན་འབྲིང་གསུམ་གོང་དུ་འཁུར་བ་ང་༔ འཁོས་མེད་སྙོམས་ཆུང་ཟེར་ཡང་ཞེ་བློ་བདེ༔ བཟོད་པ་གསུམ་གྱི་གོ་ཆ་གྱོན་པ་འདི༔ བཙན་པོའི་མཁར་ལ་རུ་སྦལ་འཛེགས་པ་འདྲ༔ འཇིག་རྟེན་བྱ་བ་ཐམས་ཅད་བློས་བཏང་ང་༔ ཁ་ཉེན་དབང་ཆུང་ཟེར་ཡང་ཞེ་བློ་བདེ༔ བརྩོན་འགྲུས་གསུམ་གྱི་རྟ་བཟང་རྒྱུག་པ་འདི༔ མཚང་ཆེན་མི་དང་ཡུས་ཆེན་འཕྲད་པ་འདྲ༔ སྤྱུགས་པའི་ཡུལ་དུ་མི་སྐྱོ་ཚུགས་པ་ང་༔ འགྲོ་ས་མ་བྱུང་ཟེར་ཡང་ཞེ་བློ་བདེ༔ བསམ་གཏན་གསུམ་གྱི་ས་མཁར་འཛིན་པ་འདི༔ སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་འདྲ༔ སེམས་ཀྱི་གཞི་རྩ་ལེགས་པར་ཆོད་པ་ང་༔ ལྟ་ལོག་ཆོས་མིན་ཟེར་ཡང་ཞེ་བློ་བདེ༔ བསླབ་གསུམ་ལྡན་ཞིང་སྤོབས་པས་ཁྱོགས་པ་འདི༔ རི་རབ་རྩེ་ནས་རི་ཕྲན་མཐོང་བ་འདྲ༔ ཐེག་པའི་འཇུག་སྒོ་ཀུན་རྫོགས་རྫོགས་ཆེན་ང་༔ མུ་སྟེགས་ཕྲ་མེན་ཟེར་ཡང་ཞེ་བློ་བདེ༔ ཞེས་གསུངས་པཎ་ཆེན་བི་མ་མི་ཏྲ་ལ༔ སྤྱིར་ནི་སྒྲ་རིག་མཁས་པའི་པཎྜི་ཏ༔ ཁྱད་པར་གསང་སྔགས་མཁས་དང་ལྷན་ཅིག་འཛོམས༔ ངས་ལོ་བཅུ་གཅིག་བར་དུ་མདོ་སྡེ་ཉན༔ བཅུ་གཉིས་མདོ་སྔགས་ཐམས་ཅད་བོད་དུ་བསྒྱུར༔ ལོ་གཅིག་དབང་རྫོགས་ལག་ཏུ་ལེན་ཐབས་སྦྱངས༔ ཆུ་མ་འཕྲོད་པར་སྲོག་དང་དོ་བྲལ་བྱས༔ རྒྱུ་སྟོང་རྐེད་པར་དཀྲིས་ནས་བོད་དུ་འོངས༔ ཆོས་བཞིན་སྤྱད་ཀྱང་ཆོས་མིན་བློན་པོ་འགས༔ རྨོངས་པ་འདུས་ནས་མཁས་པ་སུན་འབྱིན་བྱེད༔ དམུན་པ་འདུས་ཤིང་བློ་བསྡུར་ང་ཉིད་སྤྱུགས༔ རྒྱ་གར་པཎ་ཆེན་བོད་དུ་བྱོན་པས་དགའ༔ ཟང་ཟིང་ཅང་མེད་རྒྱལ་རོང་ཆོས་ལ་འཁོད༔ དེ་ཉིད་སྒྲུབ་པའི་མཎྜལ་ཕྱག་གྱིས་འབུལ༔ ཞེས་གསུངས་བི་མ་ལ་ལ་ཕྱག་བཙལ་བས༔ བི་མ་མི་ཏྲས་བཞེངས་ནས་ཕྱག་ལན་མཛད༔ བོད་ཀྱི་པཎྜི་ཏ་གསུངས་སྤྱན་ཆབ་ཕྱུང་༔ རྗེ་འབངས་ཐམས་ཅད་བཻ་རོ་ཙ་ནར་ལྟ༔ རབ་ཏུ་ངུ་ཞིང་ཤིན་ཏུ་ངོ་མཚར་གྱུར༔ རྒྱ་གར་པཎྜི་ཏ་རྣམས་ཐལ་མོ་སྦྱོར༔ མཆི་མ་གཟགས་པར་མཆན་བསྐྱོར་ཕྱི་བར་མཛད༔ ཕ་མ་རྒན་འཁོགས་བུ་ལ་བལྟ་ཞིང་ངུ་༔ བཻ་རོ་ཙ་ནའང་ཕ་མ་སྙིང་རྗེར་དགོངས༔ མ་གཟིགས་པ་བཞིན་མཛད་ནས་སྤྱན་ཆབ་འབྱིན༔ རྒྱལ་བློན་འབངས་བཅས་ཕྱག་འཚལ་བཤགས་པ་བྱས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙ་གདན་དྲངས་པའི་ལེའུ་སྟེ་གྱ་གསུམ་པའོ༔ ༔








བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存