查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 90-91

关注👉🏼⏯ 藏家韵味 2021-07-10



90༽ ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་ལེའུ།



91བོད་དུ་གཏེར་སྦས་པའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༩༠། ལྷ་ལྕམ་པདྨ་གསལ་ལུང་བསྟན་པ།

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོ་ཁྲི་སྲོང་ཉིད་ལ་བཀའ་སྩལ་པ༔ ཁྱོད་ཀྱི་ལྷ་ལྕམ་ཚེ་དུས་བྱེད་པ་ནི༔ སྐྱེ་བ་འདི་གོང་རྒྱ་གར་ཡུལ་གྱི་ཤར༔ ཀ་མ་ཤྲི་ཏ་ཞེས་བྱའི་གྲོང་ཁྱེར་དུ༔ རྒྱལ་པོ་བྷི་ལ་ཀུ་ཏྲའི་བཙུན་མོར་སྐྱེས༔ ཆུན་མར་བུ་ཡོད་ཆེན་མར་བུ་མེད་ནས༔ ཆུན་མའི་བུ་ལ་ཕྲག་དོག་བྱས་ཏེ་བསད༔ དེ་ཡི་རྣམ་སྨིན་ཚེ་མཐར་མ་ཕྱིན་ཡིན༔ སྐྱེ་བ་འདི་ལ་ཡབ་སྲས་འབྲེལ་པ་ནི༔ སྐྱེ་བ་འདི་ཡི་ཡང་སྔ་བལ་པོའི་ཡུལ༔ པདྨ་བདག་དང་མངའ་བདག་རྒྱལ་པོ་དང་༔ བོ་དྷི་ས་ཏྭ་འོ་སྐོལ་མཆེད་གསུམ་གྱིས༔ མ་གུ་ཏ་ཡི་མཆོད་རྟེན་བྱ་རུང་ཁར༔ བུམ་པ་བཏགས་ནས་སྨོན་ལམ་སོ་སོར་བཏབ༔ དེ་དུས་ལྷ་ལྕམ་སྦྲང་བུ་ཏྲེ་མའི་ལུས༔ རྒྱལ་པོ་ཉིད་ཀྱི་རྩེའུ་ཆུང་ལ་ཟོས༔ དྲན་མེད་ཕྱག་གིས་བཤད་པས་སྦྲང་བུ་ཤི༔ རྒྱལ་པོ་ཉིད་འགྱོད་སྙིང་རྗེ་རབ་ཏུ་སྐྱེས༔ དེ་ལ་དམིགས་པའི་སྨོན་ལམ་དྲག་པོ་བཏབ༔ དེ་ཡི་ཕྱི་མར་ལོ་སྟོང་དུཿཁ་སྤྱད༔ དེ་ཚོ་བཤད་ན་རྒྱལ་པོ་ཐུགས་ཁྲལ་འགྱུར༔ རྒྱལ་པོས་ཅིས་ཀྱང་གསུང་བར་ཞུ་གསོལ་བས༔ རྒྱལ་པོར་དགྱེས་ནས་ལྷ་ལྕམ་པདྨ་འདི༔ སྐྱེ་བ་བདུན་གྱི་གོང་དུ་རྒྱ་གར་ཡུལ༔ ཀོ་ཏ་ལ་ཡི་གཙུག་ལག་ཁང་ཞེས་པར༔ བྲམ་ཟེའི་ཕྲུ་གུ་བྱ་ཏ་ལ་ཞེས་སྐྱེས༔ དགེ་སློང་བྱས་ནས་འཚོ་བ་ཀློག་འདོན་འཚོ༔ ཀོ་ཏ་ལ་ཡི་རྒྱལ་པོའི་བརྒྱ་ཚར་བཏོན༔ ཉི་མ་དུ་ཤར་ཕྱི་དྲོ་རྒྱལ་པོ་དང་༔ གཙུག་ལག་ཁང་གི་ཕྱི་རོལ་སྐུ་བསངས་འགྲོ༔ མེ་ཏོག་ལྡུམ་རར་ཀུཀྐུ་འཁྲིག་པ་མཐོང་༔ དགེ་སློང་ཆགས་པ་སྐྱེས་ནས་ཕོ་བྲང་ལོག༔ རྒྱལ་པོའི་བཙུན་མོར་སྤྱད་པས་ཚུལ་ཁྲིམས་ཉམས༔ ཆོས་ཀྱི་ཞལ་ཕྱེ་འདོན་གྱི་ཡོད་པའི་དུས༔ རྒྱལ་པོའི་སྤྱན་གཉིས་བླ་མཆོད་དག་ལ་གཟིགས༔ དུས་ངན་དགེ་སློང་སྤྱོད་པ་འདི་འདྲ་གསུངས༔ དགེ་སློང་ཀུཀྐུ་ར་ལ་ཞེ་སྡང་སྐྱེས༔ འབྲས་བགྲུའི་ཐོ་བས་ཀུཀྐུའི་རྡོ་རྗེ་བརྡུངས༔ ཀུཀྐུ་ཤི་བས་དགེ་སློང་མི་ཡིས་འཕྱས༔ ཁམས་འདུས་ཕོ་བྲང་རྩེ་ནས་ཕྱི་ལ་ལྕེབས༔ བྱོལ་སོང་མོ་ལུས་སྐྱེ་བ་ལྔ་བརྒྱ་བླངས༔ དུཿཁ་དཔག་ཏུ་མེད་པ་མྱོང་བར་གྱུར༔ གཙུག་ལག་ཁང་དེའི་མར་ཁུ་བརྐུས་བཙོངས་པས༔ ཡི་དྭགས་སྐྱེ་བ་ལྔ་བརྒྱ་དུཿཁ་མྱོང་༔ སྲོག་བཅད་དམྱལ་བའི་སྐྱེ་བ་ལྔ་བརྒྱ་བླངས༔ ཆོས་འཆད་པ་ལ་ཚིག་རྩུབ་སྨྲས་པ་ཡིས༔ ལྷ་མ་ཡིན་གྱི་སྐྱེ་བ་བརྒྱ་བླངས་གྱུར༔ གཙུག་ལག་ཁང་ལ་མེ་ཏོག་བསྐོར་བ་བྱས༔ ལྷ་ཡི་སྐྱེ་བ་བརྒྱ་བླངས་དུཿཁ་སྤྱད༔ གྲུབ་ཐོབ་གཏེར་སྟོན་རྣལ་འབྱོར་པ་ཞིག་ལ༔ བཀའ་རྒྱ་དབང་མེད་ནན་ཞུས་ཆོས་ཕྲོགས་པས༔ སྤྲིན་ཀྲ་མེ་འཁོར་སྐྱེ་བ་བརྒྱ་བླངས་ནས༔ དེ་ནས་པདྨ་གསལ་དུ་སྐྱེས་པ་ཡིན༔ སྐྱེ་བ་འདི་ཡི་ཕྱི་མར་ཡར་ཀླུངས་སུ༔ བུ་མོ་གཟུགས་མི་སྡུག་ཅིང་བསོད་ནམས་ཆུང་༔ སྤྲང་མོའི་རིགས་ཀྱི་སྐྱེ་བ་བཅུ་ལེན་གསུངས༔ དེ་ནས་འཕོས་ཏེ་བསམ་ཡས་མཐིལ་འདི་རུ༔ ཁྱི་མོ་དཀར་མོ་ལོང་མ་སྨད་འབུ་ཞུགས༔ ནུབ་ཀྱི་རེས་ལ་ཀེང་ཀེང་འདྲེ་ཟ་བྱེད༔ སྨད་ཁོག་འདྲད་པ་ཞིག་གི་སྐྱེ་བ་ལེན༔ དེ་ནས་འཕོས་ནས་ལྷ་སའི་ཚོང་དུས་སུ༔ ལུག་མ་སྨད་ཁོག་འདྲད་ཅིང་སྦྲང་བར་སྐྱེ༔ དེ་ནས་འཕོས་ནས་བསྒྲགས་ཀྱི་གྲོང་གསར་དུ༔ བུད་མེད་དབང་པོ་མ་ཚང་ལི་མགོ་མ༔ སྣ་ཉག་ཁ་ཆེ་ཤ་རྩུབ་མཆུ་ཤོར་བ༔ ཤིག་སྲོ་མང་ཞིང་གསེབ་དྲི་མནམ་པར་སྐྱེ༔ ལྷ་ས་བསམ་ཡས་གཉིས་བསྐོར་འབྲེལ་ཙམ་ཐོགས༔ དེ་ནས་འཕོས་ཏེ་ལྷོ་ནུབ་ལ་ཡག་ཏུ༔ བུ་མོ་སྤྲེའུ་ལོ་པ་ཤེས་རབ་ཅན༔ སྐྱེས་མ་ཐག་ཏུ་ཕ་མ་གཉིས་ཀ་འཆི༔ ང་ཡི་སྤྲུལ་པ་ཉང་རལ་ཞེས་དང་འཕྲད༔ དེ་ལ་མོས་གུས་བྱས་ཏེ་ལམ་སྣ་ཟིན༔ དེ་ནས་གཙང་གི་གཡས་རུ་གྲོང་དམར་དུ༔ བན་སྒོམ་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེ༔ དེ་ཡང་བཞིན་མི་སྡུག་ཅིང་གཤིས་ངན་ཁྲོ༔ རབ་ཏུ་བྱུང་བའི་ཆ་ལུགས་ལོག་ལྟ་ཅན༔ ང་ཡི་སྤྲུལ་པ་ཆོས་དབང་ཞེས་དང་འཕྲད༔ གདམས་པ་བྱིན་པས་རིག་པའི་ངོ་བོ་མཐོང་༔ ཌཱ་ཀི་མ་ཡིས་རྗེས་སུ་འཛིན་པར་འགྱུར༔ སྐྱེ་བ་དེ་འཕོས་འདི་ནས་ཤར་ལྷོ་མཚམས༔ རྡོ་བོད་མཚམས་ཀྱི་འབྲིན་ཐང་ཞེས་བྱ་བར༔ སྔགས་བཙུན་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེ༔ ལྕགས་མོ་ཡོས་ཀྱི་ལོ་པ་མི་གཅིག་པུ༔ སྒོ་བཟང་སྐྱེ་མཆེད་དངས་པ་ཤེས་རབ་ཅན༔ ཕ་མེད་མ་མེད་ཤིན་ཏུ་དབུལ་ཉོན་མོངས༔ གང་ན་ཉེ་བ་ཐམས་ཅད་དགྲ་བྱེད་པ༔ སྐྱེ་བ་སྔ་མའི་བག་ཆགས་རབ་ཏུ་བྱུང་༔ ཆུ་མོ་གླང་ལོར་ང་ཡི་ཟབ་གཏེར་འཕྲད༔ གཏེར་སྒོ་གསུམ་བཞི་འབྱེད་དེ་དོན་མི་འབྱུང་༔ སྦས་པའི་ཚུལ་དུ་ཉམས་ལེན་དུས་ཡིན་པས༔ ཨུ་རྒྱན་ང་ཡི་ཟབ་གཏེར་བདག་པོར་འགྱུར༔ དེ་ནས་ཚེ་འཕོས་མོན་ཡུལ་བུམ་ཐང་དུ༔ དགེ་གནས་རྩི་ལུང་ཐོ་སྐོར་སྐྱེ་བར་འགྱུར༔ སྤྲེའུའི་ལོ་པ་ཤེས་རབ་བློ་གསལ་ཅན༔ ང་སྤྲུལ་རིན་ཅེན་གླིང་འཕྲད་རྗེས་སུ་འཛིན༔ ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཉམས་བླངས་པས༔ ཚེ་ཡང་མཐར་ཕྱིན་སྐུ་ཚེའི་སྨད་ཉིད་ལ༔ བུམ་ཐང་སྨད་ནས་གཏེར་གྱི་སྒོ་ཡང་འབྱེད༔ དེ་དུས་དྲི་མེད་འོད་ཟེར་ཞེས་བྱར་གྲགས༔ གཏེར་སྒོ་ལྔ་འབྱེད་འགྲོ་དོན་དཔག་མེད་མཛད༔ དེ་ཕྱིར་མཚོ་རྒྱལ་དཀར་ཆག་ཡི་གེར་ཐོབ༔ ཞིབ་པར་ལོགས་སུ་ཐོབ་ལས་སྦོས་ཤིག་གསུངས༔ མངའ་བདག་དགྱེས་ནས་ཕྱག་བསྐོར་གྲངས་མེད་མཛད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་ལེའུ་སྟེ་དགུ་བཅུ་པའོ༔ ༔

༩༡། བོད་དུ་གཏེར་སྦས་པ།


དེ་ནས་སློབ་དཔོན་མངའ་བདག་བཀའ་བགྲོས་ནས༔ ཡ་ཐོག་རིང་མོ་མ་ཐོག་ཐུང་ངུ་གཉིས༔ ཁུག་པ་བཅོ་བརྒྱད་སྐྱོ་ཤས་ཅན་ལ་གཟིགས༔ ཕུན་སུམ་ཚོགས་པ་ལྔ་ལྔ་འཛོམས་པའི་གཏེར༔ གཏེར་གྱི་རྩ་བ་མ་འཆུགས་གཞི་ཆེ་སྟེ༔ མེས་གཏེར་སྲས་གཏེར་དབོན་གཏེར་ཡང་གཏེར་བཞི༔ བཞི་པོ་རེ་རེར་བཅོ་བརྒྱད་བཅོ་བརྒྱད་བསྡུས༔ བཅོ་བརྒྱད་རེ་རེར་ཕུན་ཚོགས་ལྔ་ལྔ་བསྟན༔ དེ་ཡང་གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ དང་༔ གཏེར་གནས་ཟབ་རྒྱ༔ གཏེར་རྒྱ༔ རྣམ་པ་ལྔ༔ གཏེར་རྒྱ༔ གཏེར་སྟོན་ཕུན་སུམ་ཚོགས་པ་ནི༔ ཆེ་བའི་ཡོན་ཏན་དགུ་དང་ལྡན་པ་སྟེ༔ རིགས་ཀྱི་ཆེ་བ་རྒྱལ་རིགས་རྗེའུར་འཁྲུངས༔ སྐུ་ཡི་ཆེ་བ་མཚན་བཟང་དཔེ་བྱད་ལྡན༔ ཡོན་ཏན་ཆེ་བ་ཤེས་བྱ་ཀུན་ལ་སྦྱངས༔ ཐོས་པ་ཆེ་བ་མདོ་སྔགས་ཐམས་ཅད་མཁྱེན༔ བསམ་གཞིག་ཆེ་བ་ཚིག་རྗེས་དོན་གྱིས་གསོབ༔ བསྒོམས་པས་ཆེ་བས་རྟོགས་པའི་ལྟ་བ་མཐོ༔ སྤོབས་པ་ཆེ་བ་གཞན་དག་ཟིལ་གྱིས་གནོན༔ རྩོད་བློ་ཆེ་བ་རྒོལ་བའི་ཚིག་རྣམས་འཛོམས༔ འཛིན་བློ་ཆེ་བ་ཆོས་དང་ཆོས་མིན་ཕྱེད༔ བསྲན་ཐུབ་རྒྱུད་དུལ་ཆེ་བ་ཕུན་སུམ་ཚོགས༔ སྦས་རྒྱ༔ དམ་ཆོས་ཕུན་སུམ་ཚོགས་པ་ནི༔ རྒྱལ་བའི་བཀས་གནང་འཕགས་པའི་ལུང་གིས་གྲུབ༔ རིགས་པས་འཐད་ཅིང་གཏན་ཚིགས་རྒྱ་ཡིས་ཐེབས༔ མདོ་ཡིན་དགོངས་པ་ཉི་ཤུ་རྗེས་དྲན་བཅུ༔ སྤྱི་མདོ་ཡིན་ནམ་སྒོས་མདོ་ཁྱད་པར་མདོ༔ རྒྱུད་ཡིན་དངོས་པོ་བཅུ་འམ་ལྔ་བཅུ་སྟེ༔ ལུང་ཡིན་མཐའ་བཞི་མན་ངག་དཔེ་དོན་རྟོགས༔ གསང་རྒྱ༔ གཏེར་སློབ་དག་པའི་ཡོན་ཏན་བཅུ༔ རིགས་དག་འབྱོར་པ་ལང་ཚོ་བྲི་ཀློག་མཁས༔ རྒྱུད་དག་དད་པ་ཤེས་རབ་སྙིང་རྗེ་ཆེ༔ ལས་དག་ཆོས་ཕྱིར་བརྩོན་འགྲུས་དཀའ་བ་སྤྱོད༔ འདྲིས་དག་སྒོ་གསུམ་རྐྱེན་ཁྱག་དམ་ཚིག་གནས༔ རྟེན་དག་གཞན་དང་མ་འཁོན་སེལ་མ་ཞུགས༔ གཏོང་དག་སྣ་ཚོགས་ཐབས་ཀྱིས་བདག་གཞན་བསྐུལ༔ སེམས་བསྐྱེད་དག་པས་ལུས་སྲོག་དོན་མི་གཉེར༔ དངོས་པོ་དག་པས་སྨར་བཞུན་སེར་སྣ་མེད༔ དབང་པོ་དག་པས་གཞན་གྱི་སེམས་མི་དཀྲུག༔ འདུན་པ་དག་པས་ཟོལ་འགྲོགས་ངོ་ཞལ་མེད༔ བཅུ་པོ་མ་ཚང་ཁ་ནི་ཐུར་ལ་སྦུབ༔ སྟོབས་དང་ལྡན་ཡང་དུག་གི་མེ་ཏོག་ཡིན༔ ཟབ་རྒྱ༔ གཏེར་གནས་ཕུན་སུམ་ཚོགས་པ་ནི༔ གནས་ཀྱི་ཟབ་ཁྱད་ཐུན་མོང་ཁྱད་པར་ལྔ༔ ཐུན་མོང་ལྔ་ལ་ས་ལ་ཟབ་པ་དང་༔ དེ་བཞིན་ཆུ་ལ་ཟབ་པ་བྲག་ལ་ཟབ༔ གཙུག་ལག་ཁང་ཟབ་ཤིང་ལ་ཟབ་པའོ༔ ཁྱད་པར་ལྔ་ལ་དབུས་གནས་ཟབ་པ་དང་༔ དེ་བཞིན་ཤར་གནས་ཟབ་དང་ལྷོ་གནས་ཟབ༔ ནུབ་གནས་ཟབ་དང་བྱང་གནས་ཟབ་པའོ༔ གཏད་རྒྱ༔ འདོན་དུས་ཕུན་སུམ་ཚོགས་པ་ནི༔ ས་རྟགས་གཡོ་འགུལ་སྐྱོ་ཤས་མར་འགྲིབ་གསུམ༔ ཞེ་སྡང་ལས་གྱུར་དམག་འཁྲུག་འབྱུང་བ་དང་༔ འདོད་ཆགས་ལས་གྱུར་མུ་གེ་འབྱུང་བ་དང་༔ གཏི་མུག་ལས་གྱུར་ནད་ཡམས་འབྱུང་བ་དང་༔ མི་རྣམས་སྐྱོ་ཤས་ཆེ་བས་གདུལ་བའི་ཞིང་༔ མི་འདོད་བཞིན་དུ་ཁབ་ལེན་རྡོ་ཉུལ་བཞིན༔ གཏད་རྒྱ༔ འབྱིན་པའི་གཏེར་སྟོན་གཅིག་འབྱུང་ཞིང་༔ ཆོས་དང་ངན་སྔགས་རྩིས་སྨན་ལ་སོགས་རྣམས༔ དབུས་གཏེར་ལྷོ་གཏེར་བྱང་གཏེར་ཤར་ནུབ་གཏེར༔ གཏེར་ཀ་བརྒྱ་དང་རྩ་བརྒྱད་བོད་དུ་སྦས༔ རྒྱལ་པོའི་བླ་གཏེར་དབུ་རྩེ་རིགས་གསུམ་དུ༔ རྗེ་ཡི་བླ་གཏེར་གཏེར་མཛོད་རེ་རེ་སྦས༔ ཁམས་གསུམ་ཟངས་ཁང་དབུ་ཚལ་གསེར་ཁང་གླིང་༔ དགེ་རྒྱས་བྱེ་མ་ཇོ་མོ་གླིང་གསུམ་དུ༔ རྒྱལ་པོའི་བླ་གཏེར་གཏེར་ཀ་རེ་རེ་སྦས༔ ཡཀྴ་ལྟག་འོག་གླིང་བཞི་གླིང་ཕྲན་བརྒྱད༔ ཁྲུས་ཁང་གླིང་དང་ཚང་མང་ཀེང་རུའི་གླིང་༔ མཐུ་རྩལ་གླིང་དང་སྒོ་བཞིའི་མགོན་ཁང་བཞིར༔ སློབ་དཔོན་པདྨའི་ཐུགས་གཏེར་རེ་རེ་སྦས༔ མཆོད་རྟེན་དཀར་པོར་དམ་པའི་ཆོས་གཏེར་སྦས༔ མཆོད་རྟེན་དམར་པོར་རྩིས་སྨན་མདོས་ཆོག་སྦས༔ མཆོད་རྟེན་ནག་པོར་མཐུ་དང་ངན་སྔགས་སྦས༔ མཆོད་རྟེན་སྔོན་པོར་བཟོ་གཏེར་རིགས་གནས་སྦས༔ ལར་གྱི་གཙུག་ལག་ཁང་གི་སྐོར་འདི་ལ༔ ཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཀ་ལྔ༔ བོད་ཁམས་སྤྱི་ལ་དགོས་པའི་གཏེར་ཀ་ལྔ༔ འདོན་དུ་མི་བཏུབ་བཅུད་ལ་དགོངས་པ་ལྔ༔ བཏོན་ནས་གཏེར་ཚབ་འཇུག་དགོས་གཏེར་ཀ་ལྔ༔ མ་བཏོན་དངོས་གྲུབ་ཡལ་བའི་གཏེར་ཀ་ལྔ༔ མིང་ཅན་ཉེར་ལྔ་མིང་མེད་མང་དུ་སྦས༔ མཆིམས་ཕུའི་ཡང་དབེན་སློབ་དཔོན་ཐུགས་གཏེར་སྦས༔ གཡའ་མ་ལུང་དུ་ཚེ་སྒྲུབ་ཚེ་ཆུ་སྦས༔ རྡོ་ཡི་མཆོད་རྟེན་གསང་གཏེར་རེ་རེ་སྦས༔ པདྨ་ཅན་ལ་སྐོར་བཅུ་ཚེ་ཆུ་སྦས༔ རྣམ་སྣང་རྒྱབ་ཏུ་བཀའ་གཏད་རབ་འབྱམས་སྦས༔ ལྷོ་ཡི་སྐྱེར་ཆུ་ལྷ་ཁང་ཟབ་གཏེར་སྦས༔ བུམ་ཐང་རྩི་ལུང་རྗེ་གཏེར་སེམས་ཕྱོགས་སྦས༔ བུམ་ཐང་དགེ་གནས་ཡུམ་གཏེར་མ་མོ་སྦས༔ གློ་བོ་དགེ་དཀར་དགོངས་གཏེར་བསྟན་བཅོས་དང་༔ བཀའ་འགྱུར་བསྟན་འགྱུར་རྒྱུད་འབུམ་མགུར་འབུམ་དང་༔ ལུང་འབུམ་སྒྲུབ་འབུམ་གཟུངས་འབུམ་སྔགས་འབུམ་སྦས༔ གཙང་འཕྲད་ལྷ་ཁང་ཡབ་གཏེར་གཤིན་རྗེ་སྦས༔ གཡས་རུ་གཙང་འགྲམ་རྫས་གཏེར་སྣ་ཚོགས་སྦས༔ རྩིས་ཀྱི་ལྷ་ཁང་ཕྱི་གཏེར་མདོ་སྔགས་སྦས༔ བྱང་གི་པྲ་དུན་རྩེ་ཡི་ལྷ་ཁང་དུ༔ ནང་གཏེར་ངན་སྔགས་བརྒྱ་དང་རྩ་བརྒྱད་སྦས༔ ཁམས་ཀྱི་ཀློང་ཐང་སྒྲོལ་མའི་གཙུག་ལག་ཏུ༔ བར་གཏེར་མི་འདྲ་རྒྱུད་ལུང་བཅུ་གསུམ་སྦས༔ ཤར་ཀོང་བུ་ཆུ་མཐར་ལེགས་ལྷ་ཁང་དུ༔ རྒྱ་གཏེར་རྫུ་འཕྲུལ་སྒྱུ་མ་སྣ་ཚོགས་སྦས༔ རྒྱ་ལ་རྩེ་རྡུམ་གཤིན་རྗེ་དོང་ཁ་དང་༔ སེ་མོ་ཕུ་ལུང་བྲག་གསུམ་ཉོས་བྷ་ག༔ མདོར་ན་ལྷོ་ཀོང་བྱང་ཀོང་ཤར་ནུབ་ཀོང་༔ ཀོང་པོའི་ཡུལ་འདི་པད་འབྱུང་འདུལ་ཞིང་སྟེ༔ གཏེར་ཀ་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦས༔ གཏེར་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦས༔ སྦས་པའི་རྩྭ་ཆུ་ཡུལ་དགུ་དབེན་གནས་བརྒྱད༔ དེ་དག་རེ་རེ་བོད་གཏེར་བརྒྱ་རྩ་བརྒྱད༔ གཏེར་ཕྲན་བྱེ་བ་དགུ་ཁྲི་གཏེར་དུ་སྦས༔ གཡུ་རུ་ཁྲ་འབྲུག་རྫས་གཏེར་སྦུབས་གཅིག་སྦས༔ ཤེལ་གྱི་བྲག་ཕུག་གསང་གཏེར་བཀའ་འདུས་སྦས༔ ལྷོ་བྲག་ཁོ་མཐིང་བདེ་གཤེགས་འདུས་པ་སྦས༔ མཁར་ཆུ་གནམ་སྐས་ཅན་ལ་ཡོངས་རྫོགས་སྦས༔ གཏམ་ཤུལ་སྲིན་མོ་སྦར་རྗེས་གསང་གཏེར་སྦས༔ སྟག་ཚང་སེང་ཕུག་ཐུགས་གཏེར་སྐོར་དགུ་སྦས༔ མོན་ཁ་སྣ་རིངས་སེང་གེ་རྫོང་གསུམ་ལ༔ མ་ནིང་གཏེར་ཀ་འཕྲ་གཏེར་བཅོ་ལྔ་སྦས༔ སྤ་གྲོ་གནམ་ཐང་དཀར་པོ་ནས་འབྲི་མཚམས༔ མངའ་བདག་རྒྱལ་པོའི་ནོར་གཏེར་མང་དུ་སྦས༔ ཕོ་མ་རྫོང་ཕུག་གསང་གཏེར་ངན་སྔགས་སྦས༔ གཙང་གི་ཕུག་མོ་ཆེ་རུ་ཚེ་བདག་སྦས༔ ཡང་ཕུག་རིང་མོར་ཀླུ་བདུད་སྤུ་གྲི་སྦས༔ བསྒྲགས་ཀྱི་ཡང་རྫོང་ཕུར་པ་ཐམས་ཅད་སྦས༔ གྲ་ཡི་གཡུ་སྒོང་བྲག་ལ་གཏེར་སྨྱོན་སྦས༔ མུ་ཏིག་སྤ་མ་གོང་ལ་གསང་གཏེར་སྦས༔ ཟར་པོ་ཟངས་ཀྱི་མཚོ་བྲག་གཏེར་ཕྲན་སྦས༔ འཕྱོང་རྒྱས་བང་སོར་ནོར་གཏེར་ཆོས་གཏེར་སྦས༔ འཕྱིང་བར་སྟག་རྩེར་དགོངས་གཏེར་ཟུང་ཞིག་སྦས༔ ཤམ་པོའི་གངས་ལ་གསང་གཏེར་གཏེར་སྨྱོན་སྦས༔ གཉལ་གྱི་དོང་ཁ་བྲག་ནག་མདའ་སྒྲོ་ལ༔ སྨན་དཔྱད་གཙུག་ལག་བསྟན་སྲུང་མང་དུ་སྦས༔ གཉལ་སྨད་དགེ་རི་ནག་པོའི་བྲག་ལོགས་ལ༔ ནོར་དང་གཏེར་གྱི་ཁ་བྱང་མང་པོ་སྦས༔ གསལ་རྗེ་གངས་མཐར་ཕྲ་མེན་སྤུ་གྲི་སྦས༔ ཆོས་སྒྲོ་ཐོད་དཀར་སྦེ་གསར་ལུང་པ་ལ༔ དངུལ་སྤྱད་གསེར་སྤྱད་གསེར་སྦྲམ་སིལ་མ་སྦས༔ ཟ་ཆུ་འདུས་ལ་གཤིན་རྗེའི་ངན་སྔགས་སྦས༔ གཉལ་རོང་འདོམ་མཁར་གཡུ་དང་བྱུ་རུ་སོགས༔ ཕོ་གྱོང་བཟའ་ཡི་མགོ་རྒྱན་ཐམས་ཅད་སྦས༔ ལུག་སྟོད་བྲག་དཀར་གདོང་ལ་ནོར་གཡུ་སྦས༔ ཀོ་རོ་ངམ་གྲོག་ཐུགས་གཏེར་བརྒྱ་རྩ་སྦས༔ མཁལ་དཀར་ལྷ་ཡུལ་ཕུག་པར་གཏེར་ཕྲན་སྦས༔ བྱར་གྱི་སྟག་ཆུང་གཏེར་ཕྲན་གཏེར་སྨྱོན་སྦས༔ ཁྲ་མོ་ལྡང་ལྷར་ཟབ་གཏེར་ངེས་དོན་སྦས༔ བྱར་དྭགས་ཀོང་གསུམ་སློབ་དཔོན་དགོངས་གཏེར་སྦས༔ ལྷོ་མོན་ལོར་གཉལ་སློབ་དཔོན་གསང་གཏེར་སྦས༔ ཙ་རིའི་གནས་ལ་གསང་གཏེར་མ་བུ་སྦས༔ འོལ་ཀའི་མགར་ཕུག་ཡུམ་གཏེར་སྐོར་བཞི་སྦས༔ འོན་ཕུ་སྟག་ཚང་བསྟན་གཉིས་རྒྱ་མཚོ་སྦས༔ བྱ་ཕོ་ཟེ་བ་བྲང་ང་བྲག་རྣམས་ལ༔ ལྷ་བཟང་ཀླུ་དཔལ་ཕོ་ཆས་ཆ་ཅིག་དང་༔ ཟངས་སྤྱད་ལྕགས་ཆ་སྡེར་མ་བརྒྱ་ཙམ་སྦས༔ ཁྲབ་ལར་ནོར་གཏེར་ཆོས་གཏེར་མང་དུ་སྦས༔ ཕུག་པའི་ནང་དུ་ཐུགས་རྗེ་ཆེན་པོ་སྦས༔ ལོ་མོ་ལོ་ཆུང་ནོར་གཏེར་རྐྱང་པ་སྦས༔ ཡར་ཀླུང་ཁྲ་འབྲུག་མཆོད་རྟེན་མགོ་ལྔ་ལ༔ ཟབ་གཏེར་རྫས་གཏེར་སྤེལ་མ་མང་དུ་སྦས༔ དགོན་ཐང་གཙུག་ལག་ཁང་གི་བྲག་རི་ལ༔ ནོར་གཏེར་ཆོས་གཏེར་དམ་རྫས་མང་དུ་སྦས༔ འཕང་ཐང་གཙུག་ལག་ཁང་གི་རྒྱབ་རི་ལ༔ རྣམ་སྲས་ཡོན་ཏན་འབྱུང་བའི་རྒྱུད་སྐོར་སྦས༔ ཡུམ་བུ་བླ་སྒང་སྐོར་ལ་གསང་གཏེར་སྦས༔ བཙན་ཐང་གཡུ་ཡི་ལྷ་ཁང་བྲག་རི་ལ༔ གཏེར་ཆེན་ལྔ་དང་གཏེར་ཆུང་དགུ་སྦས་སོ༔ མོན་མཁར་མགོན་པོ་གདོང་ལ་ཐུགས་གཏེར་སྦས༔ ནོར་གཏེར་གཡུ་ཁྲབ་དབུལ་དང་བྲལ་བ་སྦས༔ གྲ་ཕྱིའི་བྲག་པོ་ཆེ་ལ་བོད་གཏེར་སྦས༔ གྲ་ཡི་སྣེ་གདོང་ཟུར་ལ་རལ་གྲི་སྦས༔ དོལ་གྱི་ལྕེ་ཏེའི་ཟུར་ལ་ཁྲབ་རྨོག་སྦས༔ གཞུང་གི་ར་སྐོང་རྒྱབ་ལ་གསེར་ཀ་སྦས༔ གཙང་གི་སིལ་མ་བྲག་ཕུག་སྤྱི་ཏི་སྦས༔ གཙང་གི་མང་མཁར་བྲག་ལ་མཐུ་འབུམ་སྦས༔ མང་ཡུལ་དཔལ་མོ་ཐང་གི་འདྲེ་ཕུག་ཏུ༔ བཀའ་སྲུང་འདུས་པ་ངན་སྔགས་སྐོར་ལྔ་སྦས༔ བྱམས་པ་སྤྲིན་དུ་སྒྲུབ་ཐབས་ཉི་ཤུ་སྦས༔ གཞུ་སྙེ་མཁར་དུ་མདོ་གཅོད་རྒྱུན་གཅོད་སྦས༔ ལ་སྟོད་སྲིན་པོ་རྫོང་ལ་ཞི་བྱེད་སྦས༔ ལ་སྟོད་དིང་རི་དིང་ཆུང་ཡོ་ག་སྦས༔ ལྷ་རྩེའི་བྲག་ལ་ཨ་ནུ་ཡོ་ག་སྦས༔ རྒྱང་པོ་ལུང་ལ་ཨུ་རྒྱན་རྣམ་ཐར་སྦས༔ ར་སོག་ཀླུ་གྲུར་ལུང་བསྟན་མང་དུ་སྦས༔ རྡོ་རྗེ་གངས་ཀྱི་དངུལ་ཕུག་གསང་གཏེར་སྦས༔ གྲོམ་པ་རྒྱང་དུ་ཕྱི་གཏེར་ནང་གཏེར་སྦས༔ ཟམ་བུ་ལུང་དུ་གསང་གཏེར་དགོངས་གཏེར་དང་༔ ཐུགས་གཏེར་གཏེར་ཀ་བརྒྱ་དང་རྩ་བརྒྱད་སྦས༔ འོ་ཡུག་གཡག་སྡེར་གཏེར་གྱི་ཡན་ལག་སྦས༔ སྤ་གྲོ་ཆུ་མོ་ཕུག་ཏུ་ཐུགས་གཏེར་སྦས༔ གཡུ་ཕུག་རྫ་ལྷུང་གཏེར་ཕྲན་རྫས་གཏེར་སྦས༔ ཡེར་བ་ཟླ་བ་ཕུག་ཏུ་ཟབ་གཏེར་སྦས༔ ཟང་ཡག་བྲག་ལ་ཐང་ཡིག་གསང་གཏེར་སྦས༔ གཞོ་སྟོད་ཏི་སྒྲོར་མཁའ་འགྲོའི་སྐོར་རྣམས་སྦས༔ སྟོད་ཀླུང་འཕར་བ་ཚང་དུ་ཕྱག་ཆེན་སྦས༔ ཤ་འུག་སྟག་སྒོར་མ་ནིང་གཏེར་བཅུ་སྦས༔ དོམ་ཚང་རོང་དུ་གཏེར་ཕྲན་འདྲེས་མ་སྦས༔ ལྷ་སར་གསང་གཏེར་གཏེར་ཕྲན་ཟུང་ཞིག་སྦས༔ མཆིམས་ཕུ་བློན་པོ་མགུལ་དུ་བཅུད་ལེན་སྦས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་དུ་གཏེར་སྦས་པའི་ལེའུ་སྟེ་གོ་གཅིག་པའོ༔ ༔











བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存