查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 92-93

关注👉🏼⏯ 藏家韵味 2021-07-10



92༽ས་རྟགས་གཏེར་གྱི་འབྱུང་དུས་བསྟན་པའི་ལེའུ།



93གཏེར་འཕྲད་རྣམས་ལ་ཞལ་གདམས་སྙིང་གཏམ་བཞག་པའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༩༢། ས་རྟགས་གཏེར་གྱི་འབྱུང་དུས་བསྟན་པ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ༔ གཏེར་ཀ་འདི་རྣམས་འབྱིན་དུས་ནམ་ཞིག་ཡིན༔ གཏེར་སྟོན་མཚན་ནི་ཇི་སྐད་འབྱུང་ཞེས་ཞུས༔ སློབ་དཔོན་ཆེན་པོ་པདྨས་བཀའ་སྩལ་པ༔ རྒྱལ་པོའི་གདུང་རབས་བརྒྱ་དང་བཅུ་ལྷག་ན༔ ལ་སྟོད་མཚོ་བར་གྱམ་ནག་ཅེས་བྱ་བར༔ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང་༔ གློ་བོ་དགེ་ཀར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བལ་བོད་མཚམས་ནགས་མེ་ཤོར་མི་མང་ཚིག༔ སྤུ་རྣ་རྫ་རིར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་རྒྱ་ལོ་ཙ་ཞེས་བྱ་བ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཁམས་ཀྱི་རྨེ་འདོར་བྱ་ཁྱི་ལྷ་ཁང་འཁྲུག༔ ཀློང་ཐང་སྒྲོལ་མར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སྣ་ནམ་པ་ཞེས་བྱ་བ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ལ་སྟོད་གཅུང་པ་དྲེལ་ཆེན་ཆུ་ལྟར་འཁྲུག༔ གཡུ་ཕུ་རྫ་ལྷུང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མང་ཡུལ་ནམ་མཁའ་ཁྲག་མདོག་སྔོ་དམར་འགྲོ༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབ༔ བྱམས་པ་སྤྲིན་དུ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་་བསྟན་ནས་བྱུང་༔ གཏེར་སྟོན་སཱུཪྻ་སིངྷ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཤོད་གསུམ་ས་ལ་རོ་འདྲེན་འཇག་སྐྱ་འཕྱོ༔ མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེ༔ བྱང་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཡུ་རུ་སྟོན་ཤཱཀ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྤ་གྲོ་གནམ་ཐང་དཀར་པོ་སོག་དམག་འཇོམས༔ ལས་སུ་དམེ་འཁྲུག་བྱེད་ཅིང་ལྕགས་ཆ་གྱོན༔ བུམ་ཐང་རྩི་ལུང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་བོན་པོ་དྲག་རྩལ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ གཙང་གི་ཉང་སྟོད་ཉ་རི་འུག་པ་ལུང་༔ བསྟན་པ་གཉིས་འཁྲུག་ཆོས་ཀྱི་ངད་པ་ཡལ༔ ཆོས་དང་གང་ཟག་ཡ་བྲལ་ཆོམ་པོས་འཁྱེར༔ སྙིང་དྲུང་ཤངས་བྲག་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སྙེ་མོ་ཞུ་ཡས་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཇིམ་གྱི་བྱ་ར་འདབས་འདྲ་དཀོན་མཆོག་མཚན༔ སྡེ་དགོན་ཟ་འོག་ཁ་ཆེ་འདྲ་བ་འབྱུང་༔ གཙང་གི་རི་བོ་ཆེར་སྦས་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་ནག་རྒྱལ་པོའི་རྒྱལ་ས་རྟ་རྫིས་འཕྲོག༔ བསྟན་པ་མཐའ་རྒྱས་མངའ་ཐང་ཇེ་ཆེར་འགྲོ༔ བལ་ཡུལ་ཨེ་ཡི་གཙུག་ལག་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཙུག་ལག་དཔལ་དགེ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ལ་སྟོད་བཙན་ཡུལ་མཚོན་ལ་སོ་ནམ་བྱེད༔ ཛམ་གླིང་རྒྱལ་པོའི་དཔོན་བརྒྱུད་འབངས་ཀྱིས་ནོན༔ ལྷོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སྐུ་ཚ་སྟོན་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བྱང་གི་ཕྱི་གོང་རུ་བ་འཚུབ་མས་འཁྱེར༔ བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེས༔ བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང་༔ གཙང་གི་རུ་མཚམས་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨ་ཡ་བོན་པོ་ལྷ་འབུམ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དབུས་གཙང་ཁམས་སུ་དུག་ལྔའི་ཆོས་ཤིག་འབྱུང་༔ ལྟ་ལོག་ཆོས་སྟོན་བསྟན་པ་ཐབས་ཀྱིས་བསྣུབས༔ ཞབས་ཏོག་ཡིན་ཟེར་བསྟན་ཞབས་ཐག་པ་འདོགས༔ མོན་ཁ་བུམ་ཐང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་ཏེར་བསྟན་ནས་བྱུང་༔ གཏེར་སྟོན་ཁྱུང་པོ་དཔལ་དགེ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་འཆའ༔ ལྷ་ས་དམར་པོ་རི་ལ་ལྷ་ཁང་འབྱུང་༔ ངང་ངུར་མཚོ་བསྐམས་ནེའུ་ཐང་བྱེ་མས་ནོན༔ དགེ་རྒྱས་ཧས་པོ་རིར་སྦས་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ གཏེར་སྟོན་ཤ་མི་རྡོར་རྒྱལ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་སྟོན༔ དམ་ཉམས་གང་དུ་མི་བྲིམ་ཐམས་ཅད་འདུས༔ ཉ་མའི་མགོ་བསྐོར་འབྲེལ་མེད་ཆོས་བཤད་བྱེད༔ བསྟན་པའི་རྐུན་པོ་གཏེར་ཆོས་དཀྲུག་ཅིང་སྤེལ༔ བཀའ་ལོག་མང་པོ་ར་ཁྱུ་ཙམ་པ་འབྱུང་༔ པད་འབྱུང་བདག་ཀྱང་ཡི་མུག་ག་ཆད་དེ༔ ཞ་ཡི་ལྷ་ཁང་བི་མའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ལྡང་མ་ལྷུན་རྒྱལ་བི་མའི་སྤྲུལ་པ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཏའི་ཏུས་བརྩིགས་པའི་རྩིག་པ་སྡུག་པ་འོང་༔ ཇིང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲ་པ་མངོན་ཤེས་བྱ་བ་འབྱུང་༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲ་མདའ་འདི་ལ་གཙུག་ལག་ཁང་ཞིག་བྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཨུ་རྒྱན་ང་ཉིད་གཉལ་སྨད་ལྷ་རྗེར་སྦྲུལ༔ དྭགས་སྒོམ་སྙིང་པོའི་དོན་བསྒོམ་ཁྱུ་ཅིག་བྱུང་༔ མཆིམས་ཕུ་ཁོ་མཐིང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ར་ཤག་གཏེར་སྟོན་མདོས་ལ་མཁས་པ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཡུལ་ཆེ་ས་ཡངས་འཁྲུག་པའི་བསྐལ་པ་འབྱུང་༔ སྔགས་པ་མཐུ་བསྒྲུབ་སྐྱེ་བོས་ཟློག་པ་སློབ༔ མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལ༔ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིད༔ སྲིན་མོ་སྦར་རྗེས་ཁོ་མཐིང་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྤུ་རངས་རྒྱལ་པོས་དབུས་ལ་གསེར་འདོད་འབྱུང་༔ སྡེ་བ་གྱེས་ཤིང་གནས་གཞིར་ཐོབ་ཤ་བྱེད༔ གྲོམ་པ་རྒྱང་ལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་གར་མ་ཕྱིན་ཀུན་ཀྱང་ལོ་ཙཱ་ཞེས༔ བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱེར༔ ཧོར་དང་ཡོན་མཆོད་ཁྲིམས་གསར་སྦྲེལ་བ་འོང་༔ ནང་གནག་ཕྱི་དཀར་དུང་དཀར་སྙེ་མ་བཞིན༔ བོད་ཀྱི་བསོད་ནམས་མར་མར་བྲི་བའི་དུས༔ པདྨ་ཤེལ་ཕུག་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང་༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོད༔ སེམས་ཅན་ས་འོག་ནོན་པའི་དུས་ཙམ་ན༔ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བྱ་རོག་རྫོང་དུ་དམག་གིས་ཁྲིམས་རྔ་བརྡུང་༔ སྙིང་མེད་པོ་རྣམས་གསེར་ཕྱེ་ཆུ་ལ་འཕོད༔ ཟང་ཡག་བྲག་ལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གུ་རུ་ཇོ་ཚེ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་ལྡུད༔ གཞོ་ཀླུང་ནང་དུ་མེ་ཡི་འཇིགས་པ་འབྱུང་༔ དཔལ་མོ་དཔལ་ཐང་མཚོན་གྱི་ཆར་པ་འབེབས༔ གངས་བར་ཕུག་མོར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་པདྨའི་དབང་ཕྱུག་ཅེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སིལ་མ་ལ་ཀར་འཇག་མའི་མི་ཆུང་སྐྱེ༔ སྨོན་ལ་ལ་ཀར་ཤེལ་གྱི་ཕ་བོང་རྡོལ༔ གཡའ་མ་སྤ་གོང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དོ་བན་རྒྱ་མཚོ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱལ་པོའི་མངའ་ཚུད་བོད་ཀྱི་མི་རྣམས་ཀུན༔ རང་གི་ལྟོ་གོས་བསྲན་ནས་ས་ཧོར་གསོ༔ གནས་བརྟན་དམག་དཔོན་ཧོར་ལས་བྱེད་པ་འབྱུང་༔ རྡོ་བོད་མཚམས་སུ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་རག་ཤི་སྟོན་པའི་མིང་ཅན་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ཡི་ཡ་སོ་ཇིང་གིར་མ་སོ་བཅད༔ བྲོས་འཐོར་མང་ཞིང་ཡུལ་སྟོངས་རྒུད་པ་འབྱུང་༔ ལྷོ་མོན་ཕྱོགས་སུ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཇ་རོང་ཨེ་ཡི་སྨན་པ་ཉི་འོད་གསལ༔ ད་ལྟ་ཤི་ཡང་སྲོག་འཐུད་ཤེས་པ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོ༔ མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར༔ ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུང་༔ སྡེ་འཁྲུག་ནང་དམེ་རྒྱབ་བརྟེན་དུག་ལ་རེ༔ དབུ་ཚལ་གསེར་ཁང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སངས་རྒྱས་བཀའ་ལ་འདྲ་ཆོས་འདྲ་མིན་བྱེད༔ རྫོགས་ཆེན་རྡེའུ་ཟེར་བའི་ལོག་ཆོས་དང་༔ རི་བོང་འཛིན་ཞེས་བསེ་སྦྱོར་སྨན་ལོག་འབྱུང་༔ བོད་རྩིས་དྲུག་ཅུ་སྐོར་ཟེར་གསལ་སྒྲོན་ཞེས༔ རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང་༔ གཏེར་མ་ཡིན་ཟེར་བཅའ་གཞི་མ་ཚང་བར༔ གཏེར་མར་གྲགས་པའི་བསླུ་ཆོས་མང་ཞིག་འབྱུང་༔ འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ༔ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེ༔ ར་རོག་ཕད་རོག་ཁྱད་པར་མེད་ཅེས་ཟེར༔ རླུང་ལ་བསིལ་སྦྱར་ཡས་གདོན་ཡིན་ནོ་ཟེར༔ མཚང་མེད་པོ་རྣམས་ནད་པའི་སྔས་སྲུང་བྱེད༔ མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ༔ རྨོངས་ཁྱུ་ཁ་འགྲིལ་མཁས་པ་བསྐྱར་ལ་འདོན༔ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲུབ་ཐོབ་མཁར་ནག་ཅེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས༔ དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དར༔ ནད་དུ་མི་འོང་བྱ་བ་གཅིག་ཀྱང་མེད༔ ཆོས་སྤྱིའི་བྱིན་བས་སུམ་ཆ་ཡལ་ནས་འགྲོ༔ འུ་ཤང་རྡོ་ལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ལྷ་བཙུན་སྔོན་མོ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོང་༔ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང་༔ བསོད་ནམས་ཟད་པས་དབུས་སུ་མི་གད་རྡིབ༔ དྭགས་པོ་ལྡང་ལྷ་བྲག་གི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ མངའ་བདག་སྲས་མོ་རིན་ཅེན་ཚུལ་རྡོར་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆི༔ རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས༔ མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དབུས་པའི་འདུན་མ་གཅིག་དྲིལ་ས་ཧོར་སྐྲག༔ སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང་༔ འབྲིན་ཐང་ཀོ་རོ་བྲག་གི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་རིན་ཅེན་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་༔ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཨུ་རྒྱན་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མཐའ་དམག་དབུས་རྡིབ་འབྲི་དང་ཕག་པ་འཐབ༔ དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་བར་འགྲོ༔ སྟག་ཚང་ཟབ་ལུང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ཧོར་དུར་ས་དབུས་རྫོང་ཀུན་ལ་འདེབས༔ མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེང་༔ བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མཛའ་བོ་ནང་འཇུག་ཚེར་མས་མཐའ་མི་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང་༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའིརྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཕགས་པ་ལྷའི་བུ་རབ་རྩལ་ལུང་བསྟན་མདོར༔ དེ་དག་སེམས་ཅན་དོན་ཡང་རྟག་ཏུ་བྱེད༔ ཕྱིར་མི་ལྡོག་སྟེ་འགྲོ་བ་ཐལ་སྦྱར་འདུད༔ ཁ་རག་ལ་ཀར་སོ་པ་རེ་མོས་བྱེད༔ མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཀ་འདི༔ མི་བཞན་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུརྒྱན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཉང་སྨད་ཉི་མ་མདོ་རུ་རྫོང་ཅིག་འབྱུང་༔ དམག་དཔོན་བརྒྱ་དང་བཅུ་དྲུག་ཕྱ་ལུང་འཚོག༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འབྱུང་༔ སྟག་ཐབ་ནང་དུ་གཙང་པ་སུམ་གཉིས་འཆི༔ རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའིརྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྟོད་ཁུ་ཡུལ་དུ་ཕག་ཚང་ཁྱུ་ཅིག་འབྱུང་༔ ས་བཙན་རི་འགོས་རེ་ལ་རྫོང་ཆུང་རེ༔ ལ་རྩུབ་འཕྲང་རྩུབ་བསྙགས་མེད་ཁྱུ་ཡིས་འཚོ༔ ཀོང་པོ་བུ་ཆུར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ གཙང་གི་དགྱེར་ཕུ་དོ་ཡ་གཉིས་སུ་འཐབ༔ རུ་ལག་ཚུད་ཕུར་ཕག་པའི་ཁྱུ་ཅིག་འབྱུང་༔ ཀོང་པོ་འཕྱིང་ཡུལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་རིན་ཅེན་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འགོས་ཀྱི་ཕག་རིར་གནས་གཞི་རྫོང་ལ་འགེབས༔ ལ་སྟོད་སྟག་གྲུར་དུག་གི་ཚོང་དུས་འོང་༔ མེ་འབར་མཚོ་ལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའིརྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་གར་གྷ་ལ་རུ་དང་བི་ན་ས༔ པཎྜི་ཏ་ནི་གཉིས་གསུམ་བོད་དུ་འབྱུང་༔ ལྷ་སའི་ཇོ་ཤཱཀ་འདི་ལ་མཆོད་པར་བྱེད༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་བརྒྱད༔ གངས་དང་སེང་གེ་ལས་ཀྱིས་འབྲེལ་པ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ དཔྱལ་གྱི་བྲག་ལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སླེ་མ་མཚན་གྱི་རི་ལ་བྲོས་པོས་ཡིབ༔ གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང་༔ ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྟར་སྒོའི་ཐང་ལ་དབུས་པའི་ཚོགས་འདུ་བྱེད༔ ཧས་པོ་རི་རྒྱུད་མེ་ཡར་རྫོང་ཞེས་འབྱུང་༔ ཁ་རག་ཕུག་ཏུ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨུ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང་༔ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྐབས་སུ་སྐབས་སུ་མཐོངས་སྐར་ཉི་ཞུར་བཞིན༔ སྔོན་གྱི་འཕྲིན་ལས་སད་པས་དམ་ཆོས་སྟོན༔ མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང་༔ རེས་འགའ་གཏེར་ཆེན་རེས་འགའ་གཏེར་ཆུང་འབྱིན༔ རེས་འགའ་གཏེར་སྨྱོན་རེས་འགའ་གསང་གཏེར་འབྱིན༔ རེས་འགའ་ཐུགས་གཏེར་རེས་འགའ་གཏེར་ཕྲན་འབྱིན༔ རེས་འགའ་མི་འབྱིན་གཏེར་རྙིང་བསྟན་པ་སྐྱོང་༔ ཞེས་གསུངས་ཛམ་གླིང་རྒྱལ་པོ་དགྱེས་པར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ས་རྟགས་གཏེར་གྱི་འབྱུང་དུས་བསྟན་པའི་ལེའུ་སྟེ་གོ་གཉིས་པའོ༔ ༔



༩༣། གཏེར་འཕྲད་རྣམས་ལ་ཞལ་གདམས་སྙིང་གཏམ་བཞག་པ།


དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ གཏེར་དང་འཕྲད་པའི་སྐལ་ལྡན་ལས་ཅན་ལ༔ ཤ་ཚ་སྙིང་གཏམ་ཞལ་ཆེམས་ཞིབ་གསུངས་པ༔ ལས་འཕྲོས་ང་ཡི་གཏེར་དང་འཕྲད་པའི་ཚེ༔ ལྷ་འདྲེ་མི་གསུམ་འཇམ་རྩུབ་གཉིས་སུ་འོང་༔ རྒྱ་བོད་ལྷ་འདྲེ་མ་རུངས་ཐམས་ཅད་ཚོགས༔ ལེགས་པ་ལྟར་བྱས་ཉེས་པ་སྣ་ཚོགས་གཏོང་༔ མི་མཐུན་པ་ཡི་རྟེན་འབྲེལ་མང་འཛོམས་པས༔ རིག་པར་བཅག་ཆུག་ཁ་སྡོམས་ཆང་མ་འཐུངས༔ བདག་གིས་བདག་ཉིད་འཁོར་བར་མ་བསྐྱུར་བར༔ བརྩེ་བརྩེ་དུང་དུང་ཆོས་བཤོལ་སྒྲུབ་གཅོག་པའི༔ ཉེ་དུ་འབྲེལ་བ་ཐམས་ཅད་འགལ་རྐྱེན་ཡིན༔ ཕ་ཡུལ་མ་བསྡད་གར་སོང་ཆ་མེད་སོང་༔ འགལ་རྐྱེན་མེད་པའི་གནས་སུ་སྒྲུབ་པ་གྱིས༔ འགལ་རྐྱེན་ཀུན་དང་འབྲེལ་པ་བཙན་ཐབས་ཆོད༔ རང་གིས་རང་ཕུང་མ་འཇུག་སྙིང་གཏམ་ཡིན༔ བདེ་ཞིང་སྐྱིད་པ་མི་འདོད་གཅིག་ཀྱང་མེད༔ རང་ཉིད་དམར་འགྱུར་རྔན་ཅན་ནང་ནས་འོང་༔ མི་འོང་གཞན་དོན་བོར་ལ་རང་དོན་ཚོལ༔ བློ་སྣ་ནང་བསྟུངས་ལྟ་བའི་ཤོང་ཡངས་བསྐྱེད༔ སྣ་ཚོགས་འཆར་བའི་སེམས་ཉིད་ཚད་ལ་ཕོབ༔ རི་རབ་ལྟ་བུར་བློ་བརྟན་བསྒོམ་པར་གྱིས༔ བརྟན་པ་ཐོབ་ཅིང་འོད་གསལ་གཡོ་འགུལ་མེད༔ སུ་འགྲོགས་ཡོན་ཏན་མི་འབྱུང་གཅིག་པུར་སྡོད༔ ཡུན་རིང་འགྲོ་དོན་དངོས་གྲུབ་ངང་གིས་འབྱུང་༔ ལྟོ་གོས་གཡོག་བྱེད་ཕོངས་པ་ཞེར་མ་བཞག༔ ཀྱི་ན་སྲོག་འཚོ་ལྷགས་སྐྱོབ་ཙམ་ལ་བརྟེན༔ ནོར་གཏེར་ཐོན་ནས་ཆོས་གཏེར་སྐལ་བ་མེད༔ ཆོས་གཏེར་ཐོན་ནས་ནོར་གཏེར་སྐལ་བ་མེད༔ རྟོག་གཉིས་དུས་གཅིག་སྐྱེ་བ་མི་སྲིད་མོད༔ གཏེར་ནས་ཁྱི་རོ་མིན་པ་གང་ཡང་འབྱུང་༔ མི་ཚེ་རིང་ན་གང་འོང་ཆ་མི་ཆོད༔ གོ་ཆ་ཆེར་བགོས་ཤེས་པ་ཞིབ་ཏུ་གྱིས༔ མི་སླུ་ངེས་པ་པད་འབྱུང་བཀའ་ཡིན་གྱི༔ བདག་ཅག་བུད་མེད་མ་འཐུལ་ནོར་མ་བསྲེ༔ མི་ཡི་མཛངས་སྣོན་མ་བྱེད་མགོ་མ་སྟོང་༔ ཆོས་ཚུགས་མ་ཞིག་བྱེད་པ་སྙིང་གཏམ་ཡིན༔ མི་ཞེས་རི་མགོ་གང་མཐོའི་ཉི་མ་ཡིན༔ བློ་གཏད་ཁེལ་བ་སུ་ལའང་མེད་པས་ན༔ གཏེར་འཚོ་མ་ཤེས་འཕྲལ་རྐྱེན་ངན་དགུ་འོང་༔ མི་སེམས་འདྲེ་བས་སྤྱང་སྟེ་ཚོར་བ་རགས༔ གྱོང་ཞིག་ཡོད་ན་ཐོ་ཕྱིར་བསྟེན་དོགས་མེད༔ སངས་རྒྱས་བཀའ་ཡིས་བསླུ་བ་ཅང་སྲིད་དམ༔ དྲོད་རྟགས་མ་ཐོན་བར་དུ་སྒྲུབ་ལ་འབུངས༔ ཆོས་ཟབ་ཙ་ན་ནག་པོའི་བདུད་ཟབ་པས༔ རང་གིས་ཉམས་སུ་མ་བླངས་ཆོས་མ་བསྟན༔ ངོམ་པ་སྔས་ན་གཞན་གྱིས་ཕྲག་དོག་འོང་༔ སུ་ངོ་ཆེ་ཡང་མི་སྟོན་སྙིང་གཏམ་ཡིན༔ བསྒྲུབ་པའི་དུས་སུ་ལོ་གསུམ་མ་འབུངས་པར༔ གཏེར་ཆོས་ཐོན་ནས་གཅལ་དུ་བཀྲམ་པ་ན༔ སློབ་མ་མགོ་ལོག་མངན་བགྲང་སྐུར་འདེབས་འོང་༔ མི་ཟེར་བྲོད་ཁར་མ་ཉན་བློ་མ་བསྟུན༔ རང་མནོ་བཞིན་དུ་གཞན་མི་མནོ་བ་ཡིན༔ བཟོ་མ་ཚར་ལ་ཆག་ཚད་གཏན་ལ་ཕོབ༔ རྐྱེན་ཐེག་འདུན་མ་གཟབས་པ་སྙིང་གཏམ་ཡིན༔ བར་གཅོད་ཡིན་ཟེར་སྐད་ལོག་འདོན་མི་འོང་༔ བྱར་ཡོད་དུས་སུ་འཕེན་པའི་སྟོབས་མ་བྱས༔ རློམ་པ་མཆོར་ཆེས་གཞན་གྱི་ཚུལ་ངན་འོང་༔ དམ་ཚིག་མ་བསྲུངས་དམ་ཉམས་བློ་སེམས་བསྲེས༔ བྱེད་བློ་བྱས་པས་བསྟན་བླ་རིན་མེད་འཚོང་༔ མེད་དང་མི་ཤེས་རྒྱུས་མེད་ཚིག་གསུམ་པོ༔ བསྐོར་ལྡབ་བྱས་ནས་སྨྲ་བ་སྙིང་གཏམ་ཡིན༔ ཀུ་སྒྲ་དི་རི་ཧབ་ཤ་བྱེད་པ་འོང་༔ བརྟན་པ་མ་ཐོབ་དཔའ་གདེང་མི་ལྡན་པར༔ མེད་ན་མེད་དེ་ཡོད་ན་ཡོད་ཚད་བསྟན༔ ཞིམ་པོ་མི་ལ་བྱིན་ན་སྐྱུག་ཏུ་འོང་༔ གདམས་ངག་ཟགས་སུ་མ་འཇུག་སྙིང་གཏམ་ཡིན༔ དད་པ་དུང་དུང་མི་སྐྱེ་ངན་སྨྲས་ལྡིར༔ གསོལ་བ་ལྷང་ལྷང་མི་འདེབས་ལྐོག་ཤུབ་འོང་༔ སུ་དང་ལྟ་སྤྱོད་མ་བསྟུན་སྙིང་གཏམ་ཡིན༔ དམ་ཚིག་ཐུབ་ན་སུ་མ་མགུ་ཡང་ཆོག༔ ཚུལ་འཆོས་ལོ་འདོད་བྱས་པས་སྣང་མི་འགྱུར༔ མོས་གུས་ཁ་ཙམ་ཚིག་ཙམ་མ་ཡིན་པས༔ ཨུ་རྒྱན་བདག་ལ་སྙིང་ནས་གསོལ་བ་འཐོབ༔ བར་གཅོད་བདུད་ནི་ཅིར་ཡང་བརྫུས་འོང་བས༔ མི་ངོ་མ་སྲུངས་བཤད་པའི་དམ་ཚིག་སྲུངས༔ གཏེར་སྟོན་ལྟ་བ་ཁ་ལ་མ་འབྱམས་གྱིས༔ ལྟ་སྤྱོད་རྩིང་ན་ཆོས་ལ་བར་ཆད་འོང་༔ སྔོན་ལ་རང་སྨིན་གོ་ཆ་རྩིས་སུ་ཆེ༔ བློ་གཏད་བླ་མ་ལ་བྱེད་བརྒྱུད་པ་འཛིན༔ ལོ་གསུམ་དུས་བོར་མཚམས་སྤྱོད་སྦྱིན་པར་བྱ༔ ཆོས་ནི་སྤེལ་མ་དྲགས་ལ་བསྡམས་མ་དྲགས༔ སེམས་ལ་པྲ་མོ་དབབ་པ་སྙིང་གཏམ་ཡིན༔ ཆོས་ལ་རང་གིས་ཉམས་ལེན་མ་བྱས་ན༔ གཞན་མ་ཡིད་མི་ཆེས་ཤིང་རྩིས་མི་འོང་༔ མི་ཚེ་ཉམས་ལེན་ཆོས་ལ་དྲིལ་ལ་ཞོག༔ གཏེར་ཆོས་འདི་ཉིད་ཤིན་ཏུ་གཉན་པས་ཏེ༔ དཔེར་ན་དུག་སྦྲུལ་མགོ་ཡི་ནོར་བུ་འདྲ༔ ཐབས་ལ་མཁས་ན་ནོར་བུ་ལོན་པས་འཚེངས༔ ཐབས་མ་མཁས་ན་དུག་གིས་འཆི་བར་བྱེད༔ དེ་བཞིན་ཡང་ན་འཚེངས་ལ་ཡང་ན་ཕུང་༔ ཕུང་འཚེངས་ནུས་པ་རིན་ཅེན་ས་ཡི་གཏེར༔ ཁ་འོག་ལུས་ཆུག་ལུས་པོ་དབེན་པར་འདུག༔ ལས་སུ་དཔེ་བྲིས་ནོར་དུ་སྣག་ཤོག་བསྟེན༔ སངས་རྒྱས་རང་རྙེད་དགོས་དགུ་མི་ཡིས་སྟེར༔ བཀུར་སྟི་རྗེས་བྱེད་འཚོ་བ་ལྷ་ཡིས་སྦྱོར༔ བསམ་པ་ཡིད་འགྲུབ་སངས་རྒྱས་བརྒྱུད་པ་ཟིན༔ དཀོན་ཅོག་དབུ་བསྟོད་བསྟན་པའི་རྐང་ཡང་ཚུགས༔ གདུལ་བྱ་ཆུད་མི་ཟ་ཞིང་གཏམ་རེ་སྙན༔ ཨུ་རྒྱན་སྙིང་གཏམ་ཤ་ཚ་མི་ཚུད་ཅིང་༔ ཚེ་འདིའི་དབང་གྱུར་ཁེ་གྲགས་ལོ་འདོད་སྒྲུབས༔ མི་ངོ་དཀར་ནག་བལྟ་ཞིང་ངོ་སྲུང་བྱེད༔ ཆོས་ཉམས་མི་ལེན་ནོར་དང་ཟས་ངོར་གཏོང་༔ ཁ་ཚོན་འདོན་ཅིང་ཚོང་དུས་བཙོང་ས་འགྲིམ༔ རྨོངས་པ་འདུ་ཞིང་མཁས་པའི་ཟེར་མི་ཐུབ༔ བསྟན་པའི་ཆོམ་པོ་གཞན་ན་མི་བདོག་སྟེ༔ དམ་ཉམས་བཀའ་ལོག་བྱ་བ་སུ་ལ་ཟེར༔ དམ་ཅན་རྒྱ་མཚོས་ཁྲེལ་བའི་ཞལ་གདམས་ཡིན༔ བསྟན་པའི་བླ་འཚོང་དཀོན་ཅོག་རྐང་འདྲེན་པོ༔ སྤྱི་བཙན་ངན་དཔེ་སྡིག་པའི་སློབ་དཔོན་པ༔ དམྱལ་བའི་གྲོས་མཁན་ངན་སོང་ལམ་རྒྱུས་མཁན༔ རང་དོན་རྒྱབ་བསྐྱུར་དལ་འབྱོར་ཆུད་གསོན་མཁན༔ རབ་ཏུ་འཚོ་མ་ཤེས་པས་ཕུང་བར་འགྱུར༔ དེ་བས་ང་ཡི་གཏེར་ཆོས་ཤིན་ཏུ་གཉན༔ དུག་གི་ལྟོ་ཡོད་རྨ་བྱ་ཙམ་ལས་མེད༔ ཚོད་ཡོད་ཆེ་ཆུང་ཅུང་ཟད་བྱར་མི་བཏུབ༔ མི་དགའ་མ་ཆེ་བྲེ་མོའི་གཏམ་མ་མང་༔ དམའ་ས་ཟུང་ལ་མི་ལ་འཇིགས་པར་གྱིས༔ གཏེར་བདག་ཨེ་འོང་གང་ཟག་ཁྱོད་ལ་རག༔ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ངས༔ སྙིང་གི་ཁུ་བ་བཀའ་རྒྱས་བཏབ་ནས་སྦས༔ དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལ༔ གསོལ་བ་ཐོབ་ཅིག་སྙིང་གཏམ་སྨྲས་པ་རྣམས༔ ང་ཡིས་བོད་ཁམས་གཏེར་གྱིས་བཀང་ནས་ཡོད༔ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོང་༔ ང་ནི་མི་སྡོད་སྲིན་པོའི་ཡུལ་དུ་འགྲོ༔ གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ༔ ང་ལ་འགྲོ་སྡོད་གཉིས་སུ་ག་ལ་ཡོད༔ ཨུ་རྒྱན་སྤྲུལ་པ་འབུམ་ཕྲག་འབུམ་ཀྱང་འབྱུང་༔ སྔར་ཡོད་ཕྱིས་མི་འོང་བའི་གུ་རུ་མིན༔ ང་འགྲོ་ལྷོ་ནུབ་སྲིན་པོ་འདུལ་དུ་འགྲོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གཏེར་དང་འཕྲད་པའི་གང་ཟག་རྣམས་ལ་ཞལ་གདམས་སྙིང་གཏམ་བཞག་པའི་ལེའུ་སྟེ་གོ་གསུམ་པའོ༔ ༔













བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存