查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 96-97

关注👉🏼⏯ 藏家韵味 2021-07-10



96༽སངས་རྒྱས་བསྟན་པའི་འཕེལ་འགྲིབ་བསྟན་པའི་ལེའུ།



97ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༩༦། སངས་རྒྱས་བསྟན་པའི་འཕེལ་འགྲིབ་བསྟན་པའི་ལེའུ།


དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ བསྟན་པའི་འགྲིབ་ཚུལ་ཇི་ལྟར་འགྲིབ་ཅེས་ཞུས༔ སློབ་དཔོན་ཆེན་པོ་པདྨས་བཀའ་སྩལ་པ༔ བསྐལ་པ་རྫོགས་ལྡན་གཉིས་ལྡན་གསུམ་ལྡན་དང་༔ རྩོད་ལྡན་ཡན་ཆད་སངས་རྒྱས་རེ་རེ་བྱོན༔ ཐུབ་པའི་བསྟན་པ་ལྔ་སྟོང་ལྔ་བརྒྱ་གནས༔ སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བ་ཡིས༔ བུད་མེད་བསོད་ནམས་ཆུང་བས་ལྔ་བརྒྱ་ནུབ༔ ལྷག་མ་བསྐལ་པ་ལྔ་སྟོང་གནས་པ་ལ༔ ལོ་ནི་བརྒྱ་བརྒྱ་དག་ལ་ལན་རེ་བྲི༔ ཚེ་ལོ་བཅུ་པ་དག་ལ་མཐིལ་དུ་ཐུག༔ དང་པོ་ཚེ་ལོ་བརྒྱ་ནས་དགུ་བཅུའི་བར༔ ལོ་ནི་སྟོང་དུ་སྟོན་པའི་བསྟན་པ་གནས༔ དེ་ནས་བསྟན་པའི་གཟུགས་བརྙན་འབྱུང་བ་ནི༔ ཚེ་ལོ་བརྒྱད་ཅུ་པ་ལ་མདོ་སྡེ་འབྱུང་༔ བདུན་ཅུ་པ་ལ་འདུལ་བའི་སྡེ་སྣོད་འབྱུང་༔ དྲུག་ཅུ་པ་ལ་མངོན་པའི་སྡེ་སྣོད་འབྱུང་༔ སྣང་སྲིད་ལྷ་འདྲེ་འཁྲུགས་ནས་མི་རུང་ལྟས༔ བསྟན་པའི་སྟོད་སྟོངས་སྨད་སྟོངས་བར་སྟོངས་འབྱུང་༔ བསྐལ་པ་ཕྲན་བུ་འཚེ་བ་མང་དུ་འབྱུང་༔ ལྔ་བརྒྱ་ཕྲག་བདུན་རྗེས་ནས་ལོ་བདུན་ན༔ རྟགས་ཙམ་འཛིན་གྱི་བསྟན་པའི་མགོ་གཡོ་འཛུགས༔ ཕེ་གྲུམ་དར་ཞིང་རྨོངས་པའི་ཁྱུ་གླིང་འབྱུང་༔ ཆོས་ཀྱི་ཐེར་ལ་ཁ་འཛིན་བསྟན་གཉིས་འཁྲུག༔ ལྔ་བརྒྱ་ཕྲག་གསུམ་རྟགས་ཙམ་འཛིན་གྱི་དུས༔ ཚེ་ལོ་ལྔ་བཅུ་པ་ལ་བཀའ་འདུས་འབྱུང་༔ ལོ་ཡི་སྙིགས་མ་གཉིས་ནག་མེ་ཕོ་སྟག༔ ཟླ་བའི་སྙིགས་མ་བདུན་དམར་ས་མོ་ཡོས༔ ཞག་གི་སྙིགས་མ་དྲུག་དཀར་ལྕགས་ཕོ་འབྲུག༔ དུས་ཚོད་སྙིགས་མ་གསུམ་མཐོན་ལྕགས་ཕོ་ཁྱི༔ མི་ཡི་སྙིགས་མ་ལྔ་བཅུ་ཁ་རལ་མི༔ མཐའ་དབུས་འཁྲུག་ཅིང་མ་སྨད་ཡིད་མི་ཆེས༔ ལུགས་བླུགས་བྲིས་བྲིས་གླེགས་བམ་མཆོད་རྟེན་འཇིག༔ ཆར་ཆུ་མི་སྙོམས་འབྲས་བུ་དུས་མི་སྨིན༔ གསོ་རུ་མི་བཏུབ་ནད་ཡམས་མང་པོ་འོང་༔ མུ་གེ་རབས་ཆད་ཡུགས་ས་མང་དུ་འབྱུང་༔ གྲོས་ཅི་རང་གི་སྙིང་ལའང་ཡིད་མི་ཆེས༔ ཉེ་བ་འཐབ་ཅིང་སོ་ཁ་ཐེམ་པར་གཏོད༔ གདོན་དུ་ཕོ་གདོན་བདུད་དང་ཁྱབ་འཇུག་དར༔ འདྲེ་རུ་གསོན་འདྲེ་མོ་གདོན་ཤི་ཚད་གནོད༔ མི་དགེའི་ལས་ཀྱི་ལམ་རྣམས་འཕེལ་བ་འབྱུང་༔ སྤྱང་ཀི་རྒྱབ་སེར་དགེ་སློང་ཚུལ་འཆོས་རྣམས༔ བདུད་དབང་གྱུར་པས་ཆོས་གསུམབསྟེན་པ་འབྱུང་༔ དེ་ནས་བསྟན་པའི་གཟུགས་བརྙན་བརྗེས་པ་དང་༔ ཚེ་ལོ་བཞི་བཅུ་པ་ལ་དགྲའི་བསྐལ་པ༔ མི་རྣམས་གློ་བུར་ཡེ་འདྲོག་གླང་ཐབས་འཆི༔ གདོན་དུ་ས་བདག་ཀླུ་ནད་གཉན་ནད་འབྱུང་༔ བུད་མེད་མོ་ལུས་ཐོབ་ཚད་གསོན་འདྲེར་གདོན༔ ཐོག་དང་ས་གཡོས་དམག་དང་མུ་གེ་འབྱུང་༔ པད་འབྱུང་སྤྲུལ་པ་ཤར་གྱིཕྱོགས་ནས་འོང་༔ ཚེ་ལོ་སུམ་ཅུ་པ་ལ་མུ་གེ་འབྱུང་༔ མཉམ་ལས་ཚེ་སྟོད་བཟང་པོས་ངན་པ་བསྟོད༔ ནད་དུ་འདུ་བ་མཐའ་དག་འཁྲུག་པ་འབྱུང་༔ གདོན་དུ་ཀླུ་བདུད་དམ་སྲི་འབྱུང་པོ་དར༔ འདྲེ་རུ་བྱིས་པ་ཐམས་ཅད་ཐེའུ་རང་གནོད༔ ཁྲིམས་འཇིག་ཡུལ་འཆུགས་གནམ་ས་གོ་ལོག་འོང་༔ པད་འབྱུང་སྤྲུལ་པ་ལྷོ་ནུབ་མཚམས་ནས་འབྱུང་༔ ཉི་ཤུ་པ་ལ་ནད་ཀྱི་བསྐལ་པ་འབྱུང་༔ མི་དང་ལྷ་བྱེ་སྡེ་བར་བུད་མེད་འོང་༔ ལོ་གཅིག་བར་དུ་ཆར་པ་ཐུལ་ཙམ་མེད༔ སྐབས་སྐབས་མུ་གེ་ཟླ་བ་དགུ་དགུ་འབྱུང་༔ ནད་དུ་འཆི་ནད་རིམས་ལྷོག་གག་གཟེར་འབྱུང་༔ གདོན་དུ་དམ་ལོག་རྒྱུ་བ་རྣམ་བཞི་དར༔ ཉི་མ་གཟས་ཟིན་ལམ་མི་མཐོང་བ་འབྱུང་༔ འདྲེ་རུ་གནམ་ནད་སྨྱོ་འབོག་བརྒྱལ་ནད་གནོད༔ པད་འབྱུང་སྤྲུལ་པ་བྱང་གི་ཕྱོགས་ནས་འོང་༔ ཚེ་ལོ་བཅུ་པར་མཚོན་གྱི་བསྐལ་པ་འབྱུང་༔ སྙིགས་མའི་མཐར་ཐུག་བསྐལ་པ་ངན་པ་སྟེ༔ བུ་ཚས་ལོ་བཅུ་ལོན་པར་སྨོན་ལམ་འདེབས༔ བུ་མོ་བཙས་པ་ལོ་ལྔར་ཁྱིམ་ཐབ་གཏོད༔ ལུས་ཀྱི་ཚད་ནི་མཐོ་གང་ཆག་གང་པ༔ ཁ་ཟས་མཆོག་གྱུར་ཀོ་ཊ་དཔའ་བོ་ཟ༔ ར་ལུག་འབྲི་གནག་གཅིག་ཀྱང་མི་འབྱུང་སྟེ༔ གོས་ཀྱི་མཆོག་གྱུར་སྐྲ་ཡི་ལྭ་བ་གྱོན༔ རྒྱན་ཆའི་མཆོག་གྱུར་མཚོན་ཆ་དག་ལ་བྱེད༔ དེ་དུས་རོ་མཆོག་རྣམ་པ་ལྔ་ནུབ་འགྱུར༔ སྦྲང་མ་ཡོད་ཀྱང་སྦྲང་རྩི་མི་འབྱུང་ཞིང་༔ འོ་ཞོ་ཡོད་ཀྱང་དཀྲོགས་ན་མར་མི་འབྱུང་༔ ཡུངས་ཀར་ཏིལ་ཡོད་བཙིར་ཀྱང་སྣུམ་མི་འབྱུང་༔ བུར་ཤིང་ཀར་ཤིང་ཡོད་ཀྱང་བཅུད་མི་འབྱུང་༔ ལན་ཚྭ་གཏན་ནས་རང་བསྐམས་མེད་པར་འགྲོ༔ དེ་དུས་ངན་བྱེད་བསྟོད་ཅིང་བཟང་བྱེད་སྨད༔ ཕ་མ་དགེ་སློང་བྲམ་ཟེ་དག་ཏུ་ནི༔ མི་འཛིན་ཀུན་གྱིས་སྐུར་པ་འདེབས་ཤིང་སྨད༔ ཚེ་ལོ་བཅུ་པ་བྱེད་པའི་རྐྱེན་ངན་གསུམ༔ མཚོན་དང་ནད་དང་མུ་གེ་བྱེད་པ་ཡིན༔ དང་པོ་མི་རྣམས་གནོད་སེམས་སྐྱེས་པས་ཏེ༔ སེམས་ཅན་གཅིག་གིས་གཅིག་མཐོང་ཤས་ཆེར་གསོད༔ གསོད་སེམས་སྐྱེས་པས་རྔོན་པས་དགོན་མཐོང་བཞིན༔ རྡོ་དང་ཤིང་དང་བོང་བ་གང་དག་བླངས༔ མཚོན་རྣོར་གྱུར་ནས་གཅིག་གིས་གཅིག་གསོད་ཅིང་༔ གང་དག་ཤི་བ་ཐམས་ཅད་དམྱལ་བར་ལྟུང་༔ དེ་དུས་སེམས་ཅན་དམྱལ་བ་ཤིན་ཏུ་མང་༔ མཚོན་གྱི་བསྐལ་པས་མཐའ་རུ་སྟོངས་པར་བྱེད༔ བསྟན་པའི་དམ་ཆོས་ནུབ་པར་གྱུར་ནས་ནི༔ བོད་ཀྱི་བསྟན་པ་ལི་ཡི་ཡུལ་དུ་སྡུད༔ རྟགས་ཙམ་འཛིན་གྱིས་བསྟན་པ་ཉམས་པའི་དུས༔ ལི་ཡུལ་རྒྱལ་པོ་ཆོས་སྐྱོང་རྨེ་བ་ཅན༔ རྒྱལ་པོ་དེ་ཡི་བླ་མཆོད་ལྔ་བརྒྱ་པོ༔ དྲོ་དུས་ཆོས་ཀྱི་རྒོལ་རྩོད་ཐེ་ཚོམ་གཅོད༔ གཅིག་ལ་གཅིག་རྒོལ་བཟོད་པའི་གོ་ཆ་ཤོར༔ དུག་ལྔ་རགས་པས་ཞེ་སྡང་རྦ་ཀློང་འཁྲུགས༔ མཐོ་དམན་ཚིག་གིས་ཀུན་བསླངས་ཁ་ལག་ཤོར༔ ཀུན་གྱིས་སྐ་རགས་གསེབ་ནས་གྲི་གུ་བཏོན༔ གཅིག་ལ་གཅིག་ཐེབས་བླ་མཆོད་ལྔ་བརྒྱ་བོ༔ མཚོན་གྱིས་གྲི་རུ་ཁྲག་གིས་འདམ་དུ་ཚུད༔ རྒྱལ་པོ་མྱ་ངན་ཁང་པར་ཞུགས་པའི་དུས༔ ཕྱི་བློན་ནང་བློན་རིག་པ་ཅན་རྣམས་ཀྱིས༔ བ་དམར་གླང་དམར་ཀོ་བ་ལུས་ལ་གྱོན༔ གྲོད་པས་མགོ་གཏུམས་གསེག་ཤང་ལག་ན་ཐོགས༔ རྒྱལ་པོའི་སྤྱན་གྱིས་ནོན་པའི་ས་ལ་རྒྱུ༔ ནང་བློན་ཕྱག་ཚང་རྒྱལ་མོ་ལ་སོགས་ཀྱིས༔ རྗེ་གཅིག་བཞེངས་དང་བླ་མཆོད་ས་མ་སྟོངས༔ རི་བྲག་སྐྱིབས་སུལ་སྒོམ་ཆེན་ཐེམས་སྤངས་རྣམས༔ རི་ཁྲོད་དབེན་པ་བསྟེན་པའི་ས་སྡེ་ཡོད༔ དེ་ཉིད་རྒྱལ་པོས་གཟིགས་པས་མྱ་ངན་ཞི༔ བཙུན་པ་གླང་དམར་ཤཱཀྱའི་ཚུལ་འཆོས་རྣམས༔ རྒྱལ་པོས་གཟིགས་ཕྱིར་ཆས་གཉིས་བསྟེན་པ་འབྱུང་༔ ས་ཡི་བཅུད་ཤོར་བཙོད་དང་ཆུ་སྤུན་རུལ༔ གོས་མདོག་བསྒྱུར་བའི་ཚོས་ལ་ནུས་པ་མེད༔ སྐྲ་འབྲེག་མི་འདོད་རབ་བྱུང་མཁན་སློབ་སྟོངས༔ གླེགས་བམ་ཐམས་ཅད་ཡི་གེ་རང་བྱིར་འཕྲོ༔ སྔ་མ་བྱི་ནས་ཕྱི་མ་འབྲི་མི་བཏུབ༔ ཆོས་ཀྱི་ཉན་བཤད་ན་བུན་བཞིན་དུ་ཡལ༔ སྒོམ་དང་སྒྲུབ་པ་ནམ་ལངས་སྐར་མ་བཞིན༔ གཅིག་ཀྱང་མེད་ཅིང་མི་དགེ་བཅུ་ལ་སྤྱོད༔ གཉིས་པ་ནད་ཀྱི་བསྐལ་པ་འབྱུང་བ་ནི༔ མི་རྣམས་མི་དགེ་ལོག་པར་སྤྱད་པ་ཡིས༔ ལྷ་འདྲེ་འཁྲུགས་ནས་ནད་རིམས་དུ་མ་གཏོང་༔ བཅོས་ཐབས་མེད་པའི་ནད་ཀྱིས་མང་པོ་འཆི༔ སྔ་དྲོ་ཕྱིམ་རེད་རོ་ལ་གྲངས་མི་ལོང་༔ མ་ཤི་བ་རྣམས་མིག་དྲེད་མྱ་ངན་ཆུང་༔ གསུམ་པ་མུ་གེའི་བསྐལ་པ་འབྱུང་བ་ནི༔ སེར་སྣས་ཀུན་བསླངས་མི་དགེ་སྤྱད་པ་ཡིས༔ ལྷ་ཀླུ་འཁྲུགས་ནས་ཆར་ཆུ་དུས་མི་ཕེབས༔ ལོ་ནི་བཅོ་བརྒྱད་ཐན་པ་འབྱུང་བར་འགྱུར༔ འབུ་སྲིན་བཙའ་དང་སད་སེར་གྲ་སྐྱ་དང་༔ ལྗང་པ་ལེགས་རྣམས་སྙེ་ནག་དུད་སྐྱར་འགྲོ༔ དེ་དག་རྐྱེན་བྱས་མུ་གེ་རྣམ་གསུམ་འབྱུང་༔ གབ་རྩེ་བ་དང་རུས་གོང་དཀར་པོ་དང་༔ ཐུར་མས་ཚོལ་བ་ཞེས་བྱ་འབྱུང་བར་འགྱུར༔ དང་པོ་གབ་རྩེ་བ་ནི་འདི་ལྟ་སྟེ༔ འབྲས་སམ་ནས་སམ་སྲན་མ་ལ་སོགས་པ༔ འབྲུ་རྙེད་གྱུར་ན་ཟ་མ་ཏོག་ཏུ་བཅུག༔ ཉིན་མཚན་མེད་པར་དེ་ལ་མེལ་ཚེ་བྱེད༔ བཀྲེས་པས་ཉམས་སྟོབས་ཆུང་བས་ས་ལ་འགྱེལ༔ ལྡང་བར་མི་ནུས་གཞན་གྱིས་བསླང་ནུས་མེད༔ གང་ཞིག་དེ་ཉིད་དུ་ནི་འཆི་བ་ཡིན༔ གཉིས་པ་རུས་གོང་དཀར་པོ་བསྟན་པ་ནི༔ སྔོན་དུས་ཤི་བའི་རུས་པ་མང་པོ་བསྡུས༔ འདི་ནི་ཁ་ཟས་ཟོས་པའི་རུས་པ་ཡིན༔ ཆུ་མང་ནང་དུ་བསྐོལ་ནས་ཁུ་བ་འཐུང་༔ གསུམ་པ་ཐུར་མས་འཚོལ་བ་བསྟན་པ་ནི༔ བང་བར་འབྲུ་བླུགས་ཤུལ་གྱི་ལུས་པ་བྲུས༔ ཆུ་མང་ནང་དུ་གདུ་ནས་ཁུ་བ་འཐུང་༔ འབྲུ་ནི་ཐུར་མས་སུས་ལོན་ཟ་བར་བྱེད༔ ལྟོགས་དྲགས་བུ་ཚ་བསད་ནས་ཟ་བ་དང་༔ མི་བདག་ངན་པ་བརྐུས་ནས་ཟ་བྱེད་ཅིང་༔ ས་ཟ་རྡོ་ཟ་ཤིང་ཟ་སྔོ་སྡད་ཟ༔ དེ་ཡང་མཚོན་གྱིས་གསོད་པ་ལོ་བདུན་འབྱུང་༔ ནད་ཀྱིས་གསོད་པ་ཟླ་བདུན་ཞག་བདུན་འབྱུང་༔ མུ་གེས་གསོད་པ་ལོ་བདུན་ཟླ་བདུན་འབྱུང་༔ འགའ་ཞིག་ལུས་པ་རེ་རེ་ཆུ་གླིང་ངམ༔ རི་བོའི་ལྗོངས་སམ་ཤིང་གི་ཁོང་གསེང་ཞུགས༔ ཞག་བདུན་བར་དུ་ཆུ་ཡིས་འཚོ་ཞིང་འདུག༔ དེ་ནས་གྲོང་ཡུལ་ཀུན་ཏུ་ཕྱིར་ལོག་ནས༔ གཅིག་གིས་གཅིག་མཐོང་བརྩེ་སེམས་ཉེ་བར་ལྡན༔ མ་ཤི་གསོན་པ་མཐོང་ཟེར་ཡ་མཚན་བྱེད༔ རབ་ཏུ་དགའ་བས་ཁ་གཏུགས་སྐེ་ལ་འཁྱུད༔ དེ་ནས་རྒྱལ་བ་བྱམས་པའི་སྤྲུལ་པ་ནི༔ བོངས་ཚད་ཁྲུ་དོ་ཡོད་པ་ཞིག་བྱུང་ནས༔ དེ་ལ་ངོ་མཚར་སྐྱེས་ནས་གཏམ་དྲིས་པས༔ ངས་ནི་དགེ་བཅུ་བླངས་ཤིང་སྡིག་བཅུ་སྤངས༔ འདོད་ཆགས་སྦྲང་མ་ལྟ་བུར་ཆོག་ཤེས་མེད༔ ཞེ་སྡང་སེང་གེ་ལྟ་བུར་ལྡོག་རྒྱུ་མེད༔ གཏི་མུག་ཁྱི་སྣ་བཞིན་དུ་མྱུལ་མྱུལ་པོ༔ དེ་གསུམ་སྤངས་པས་བསྟན་པ་ཡར་ལ་འཕེལ༔ ཞེས་གསུངས་བློ་སེམས་དགེ་ལ་གཞོལ་བར་མཛད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སངས་རྒྱས་བསྟན་པའི་འཕེལ་འགྲིབ་བསྟན་པའི་ལེའུ་སྟེ་གོ་དྲུག་པའོ༔ ༔


༩༧། ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པ།


དེ་ནས་གླང་གི་ཟླ་བའི་ཚེས་གཅིག་ལ༔ བོད་ཀྱི་ལོ་གསར་བྱེད་པའི་ཆས་བསྡུས་ནས༔ བསམ་ཡས་ཕྱོགས་བཞིར་འབངས་ཀྱི་སྲང་ལམ་བཙུགས༔ ནུབ་མོ་འབངས་རྣམས་སྒྲོན་མེ་འདེགས་སུ་བཅུག༔ རྒྱལ་པོས་ཕྱོགས་བཞིར་རྟ་རྒྱུག་བྱེད་པ་ལ༔ སློབ་དཔོན་ད་ལན་ལོ་གསར་མ་བྱེད་གསུངས༔ རྒྱལ་པོས་བློན་པོ་ཀུན་དང་གྲོས་བྱས་པས༔ ལོ་གསར་གཅོག་པ་གར་འཐད་གཟབས་བྱེད་ཟེར༔ སློབ་དཔོན་རྒྱལ་པོར་རྟ་རྒྱུག་མ་བཏང་གསུངས༔ རྒྱལ་པོའི་དབང་ཕྱེད་བློན་པོའི་ལག་ཤོར་བས༔ རྒྱལ་པོས་རྒྱན་བཏགས་རྟ་ཞོན་རྟ་རྒྱུག་བཏང་༔ ནུབ་ཕྱོགས་སྲངས་སུ་དཔག་མདའ་འབྱུང་ནས་བསྙུང་༔ ལ་ལ་སྲས་ཀྱིས་བརྒྱབ་པ་ཡིན་ནམ་ཟེར༔ ལ་ལ་བོན་བློན་གཅིག་གིས་བརྒྱབ་བམ་ཟེར༔ ལ་ལ་སྣ་ནམ་ཞང་གིས་བརྒྱབ་བམ་ཟེར༔ ལ་ལ་རྟས་བསྐྱུར་ཤིང་རྩ་ཟུག་གམ་ཟེར༔ སུས་བརྒྱབ་རྩད་མེད་ཁུངས་མེད་ངོ་མ་ཤེས༔ ཞལ་མ་བསྲུངས་པས་ཚད་པའི་ནད་དང་བསྡོངས༔ ལྔ་བཅུ་རྩ་དགུ་འབྲུག་ལ་ཟུང་མཁར་གཤེགས༔ གསང་ནས་སློབ་དཔོན་རྒྱལ་སྲིད་བཅུ་བཞིར་བཟུང་༔ དྲུག་ཅུ་རྩ་དགུ་སྟག་ལ་གསང་བརྟོལ་ནས༔ མུ་ནེ་བཙན་པོ་རྒྱལ་སར་བཏོན་པ་ལ༔ ཚེ་སྤོང་བཟའ་ལ་བཀྱོན་ཕབ་དུག་གིས་བཀྲོངས༔ དེ་ནས་མུ་ཏིག་བཙན་པོ་རྒྱལ་སར་བཏོན༔ ངང་བྱུང་དཔལ་གྱི་རྒྱལ་མོ་བཙུན་ལ་སོགས༔ བཙུན་མོ་གསུམ་བཞེས་རྒྱལ་སྲིད་ཆོས་ཀྱིས་བསྐྱངས༔ ཡབ་མེས་ཀུན་གྱི་སྲོལ་ལུགས་མ་ནུབ་མཛད༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད༔ འཛམ་གླིང་སུམ་གཉིས་རྒྱལ་པོའི་མངའ་འོག་འདུས༔ བསོད་ནམས་ཡང་རབ་འགྱུར་ཏེ་སྐུ་ཚེ་ཐུང་༔ ཨུ་རྒྱན་པདྨ་བཞུད་པར་དགོངས་པ་ལ༔ རྒྱལ་སྲས་མུ་ཏིག་བཙན་པོའི་སྡུག་མ་སངས༔ མ་ལ་སྐྱེས་ནས་སློབ་དཔོན་སྤྱན་སྔར་བསྡད༔ འགྲོགས་ཡུན་རིང་བས་སྙིང་རྗེས་འབྲལ་མ་ཕོད༔ སྐབས་སུ་སྐབས་སུ་དབུགས་རིང་འདོན་ཅིང་བཤུམ༔ ཡབ་ཀྱི་ཕྱག་བཞེས་གཙུག་ལག་ཁང་གིས་བསྐུལ༔ མྱ་ངན་ཆེ་དྲགས་ཧས་པོ་རི་རྩེ་ལ༔ ལྷ་སྲས་སྐུ་བསངས་ཁྲིད་ནས་ཆོས་གསུངས་པ༔ སྐྱེས་ནས་མ་ཤི་ས་སྟེང་མི་མི་ཤོང་༔ སུ་ལ་མི་འོང་ཡབ་ལ་བྱུང་བ་མིན༔ ཐམས་ཅད་ལ་ལ་སྐྱེ་ཞིང་ལ་ལ་འཆི༔ ཉམ་ཆུང་གྱི་ནའི་དལ་འབྱོར་ལུས་འདི་ལ༔ འཇིག་པའི་རྐྱེན་མང་འཚོ་བའི་རྐྱེན་ནི་ཉུང་༔ ཚ་རེག་གྲང་རེག་སྐད་ཅིག་མི་བཟོད་ལ༔ ལང་ཚོ་དར་བ་ནད་ཀྱི་ཕོ་ཉས་འཛིན༔ བཀྲག་མདངས་ལྡན་པ་གློ་བུར་རྐྱེན་གྱིས་འཕྲོག༔ དཔེར་ན་རྩྭ་མཆོག་ཁ་ཡི་ཟིལ་པ་ནི༔ ཉི་མ་རབ་ཏུ་འབར་བ་ཤར་བ་ན༔ སྐད་ཅིག་ཡུད་ཙམ་ཞིག་གིས་མེད་པར་བྱེད༔ དལ་འབྱོར་མི་ཡི་སྲོག་ཀྱང་དེ་བཞིན་ནོ༔ ཞག་རེ་སོང་ཞིང་འཆི་ལ་ཕར་ཕར་ཉེ༔ གསོན་པར་འདོད་ཀྱང་རང་དབང་ཅུང་ཟད་མེད༔ ཚེ་འདི་ཤིན་ཏུ་རིང་ཡང་འཆི་ངེས་ཏེ༔ རྒྱལ་ཁམས་གཞན་དང་རང་གི་ཡུལ་རྣམས་སུ༔ ཉེ་རིང་དགྲ་གཉེན་ཤི་བའི་དཔེ་མཐོང་ན༔ བདག་ཉིད་འཆི་བར་མི་ཤེས་འགྲོ་བ་བླུན༔ བསགས་པའི་ནོར་བཞག་འབྲེལ་བའི་གཉེན་བོར་ནས༔ རང་ཉིད་གཅིག་པུར་ཕ་རོལ་འགྲོ་བའི་དུས༔ དུས་མིན་འཆི་བ་བཅོ་བརྒྱད་ང་ལས་མགྱོགས༔ གློ་བུར་བརྒྱུད་ཅུ་རྩ་གཅིག་མེ་བས་ཚ༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཆུ་བས་གྲང་༔ འགའ་ཞིག་མ་ཡི་མངལ་དུ་འཆི་བ་ཡོད༔ འགའ་ཞིག་ལང་ཚོ་རྒྱས་ནས་འཆི་བ་ཡོད༔ འགའ་ཞིག་གཞན་གྱིས་བསད་ནས་འཆི་བ་ཡོད༔ འགའ་ཞིག་རང་གིས་ལྕེབས་ནས་འཆི་བ་ཡོད༔ འགའ་ཞིག་སུབས་སམ་བརྣངས་ནས་འཆི་བ་ཡོད༔ ཐུགས་ཁྲལ་མ་མཛད་ལྷ་སྲས་བཙན་པོ་གསུངས༔ རྒྱལ་སྲས་མུ་ཏིག་བཙན་པོའི་ཐུགས་དགོངས་ལ༔ ཆོས་མིན་ཅིས་ཀྱང་དགོས་པ་མི་འདུག་བསམས༔ བསམ་ཡས་དབུ་རྩེའི་བར་ཁང་ཆེན་མོ་རུ༔ བཀའ་འདུས་སྙིང་ཐིག་ལོ་གསུམ་གསུང་བར་ཞུས༔ ཚེ་གཅིག་སངས་རྒྱས་ལྷག་མེད་གྲོལ་བའི་ཆོས༔ རྫོགས་ཆེན་པདྨ་སྙིང་ཐིག་འཕྲ་ཡིག་ཅན༔ དབང་པོའི་དངས་མ་ཁོང་གི་སྙིང་འདྲ་བ༔ ལུས་དང་མིག་ལ་བརྟེན་ནས་མངོན་སུམ་དུ༔ ཆོས་དབྱིངས་གཅེར་མཐོང་དབྱིངས་རིག་མ་བུ་ཐིམ༔ རྫོགས་ཆེན་སེམས་ཀློང་གང་དང་མི་འདྲ་བའི༔ མན་ངག་ངེས་པ་སྙིང་གི་ནོར་མཆོག་གནང་༔ འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི༔ སངས་རྒྱས་རྣམས་ཀྱིས་འདི་དོན་གསུངས་པ་མེད༔ གསུང་དང་གསུང་བར་འགྱུར་བ་གཏན་ནས་མེད༔ བདག་གིས་མན་ངག་ཀུན་ལ་ལོངས་སྤྱོད་ཀྱང་༔ འདི་འདྲ་སྟོན་པའི་མན་ངག་མིང་མ་ཐོས༔ སློབ་དཔོན་ཞལ་ནས་བདག་ལ་འདི་སྐད་གསུངས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སུམ་སྟོང་ལོན་ནས་བོད་ཡུལ་འོངས༔ ཐུབ་པ་མྱ་ངན་འདས་འོག་ཏུ༔ ལོ་ནི་བཞི་གཉིས་ལོན་པ་ན༔ རྡོ་རྗེ་གདན་གྱི་ནུབ་ཕྱོགས་ངོས༔ ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ དྲི་མེད་མདངས་ལྡན་པདྨའི་དབུས༔ རྫུས་སྐྱེས་འཇའ་འོད་ལས་འཁྲུངས་པ༔ ཡ་མཚན་མཆོག་གི་ཁྱེའུ་ཆུང་ཞིག༔ རྒྱལ་པོ་ཨིནྡྲ་བོ་དྷིས་རྙེད༔ སྲས་སུ་བཟུང་ནས་རྒྱལ་སྲིད་གཏད༔ སྲིད་སྤངས་སེམས་ཅན་བདེར་བཀོད་ཕྱིར༔ བརྟུལ་ཞུགས་སྤྱོད་པས་སུན་འབྱིན་བསྐྱངས༔ རྒྱལ་པོའི་ཁབ་ཏུ་ལོ་ལྔ་སྟེ༔ བསིལ་བའི་ཚལ་དུ་དེ་བཞིན་ནོ༔ ཆོས་ལ་སྦྱངས་པ་ལོ་བཅུ་སྟེ༔ རྒྱ་གར་ཡུལ་དང་རྒྱ་ནག་ཡུལ༔ ཨུ་རྒྱན་ཡུལ་དང་ཟ་ཧོར་ཡུལ༔ མ་ག་དྷ་དང་མུ་སྟེགས་ཡུལ༔ ཁ་ཆེའི་ཡུལ་དང་སིངྒ་ལ༔ ལི་ཡི་ཡུལ་དང་མ་རུ་ཙེར༔ སྤྲུལ་སྐུས་ཉིས་བརྒྱ་ཉིས་བརྒྱ་བཞུགས༔ འ་ཤའི་ཡུལ་དུ་འབྲུ་ཤའི་ཡུལ༔ ཤམྦྷ་ལ་དང་ཞང་ཞུང་ཡུལ༔ ཏ་ཟིག་ཡུལ་དང་གེ་སར་ཡུལ༔ ཐོ་གར་ཡུལ་དང་རུག་མ་ལ༔ སྲིན་པོའི་ཡུལ་དང་ཀླུ་ཡི་ཡུལ༔ སྤྲུལ་སྐུས་དགུ་བཅུ་བརྒྱད་བརྒྱད་བཞུགས༔ བལ་ཡུལ་བཞུགས་པ་བཞི་བཅུ་སྟེ༔ བརྒྱ་དང་བཅུ་གཅིག་བོད་ཡུལ་དབུས༔ ལྷ་འདྲེ་བཏུལ་ཞིང་བོད་ཁམས་བསྐྱངས༔ འཛམ་གླིང་རྒྱལ་པོའི་ཐུགས་དགོངས་བསྒྲུབས༔ བསམ་ཡས་དབུ་རྩེར་དྲུག་ཅུ་སྟེ༔ བསམ་ཡས་མཆིམས་ཕུར་ལོ་ལྔའོ༔ བསྒྲགས་ཀྱི་ཡང་རྫོང་ལོ་གསུམ་བཞུགས༔ གཡའ་མ་ལུང་དུ་ལོ་བཞི་བཞུགས༔ ཤེལ་གྱི་བྲག་ཕུག་ལོ་གསུམ་སྟེ༔ སྤ་མ་གོང་དུ་ལོ་གཉིས་བཞུགས༔ ཤམ་པོའི་གངས་སུ་ལོ་གསུམ་མོ༔ གཡུ་སྒང་བྲག་ལ་ཟླ་བ་གཉིས༔ ལྷོ་བྲག་མཁར་ཆུར་ལོ་བདུན་བཞུགས༔ གསལ་རྗེ་འབྲིན་ཐང་ཟླ་བ་བཅུ༔ ཟམ་བུ་ལུང་དུ་ལོ་གཉིས་ཏེ༔ ཟང་ཡག་བྲག་ཕུག་ཟླ་བ་གསུམ༔ གཞོ་སྟོད་ཏེ་སྒྲོར་ལོ་བདུན་བཞུགས༔ འཕར་བ་ཚོང་དུ་ལོ་གཅིག་སྟེ༔ འོལ་ཀ་མགར་ཕུག་ཟླ་བ་གཅིག༔ ཡེར་བའི་བྲག་ལ་ལོ་གཅིག་བཞུགས༔ ཁ་རག་ཆུ་བོ་རིར་ལོ་གཅིག༔ ཨོ་དཀར་བྲག་ཕུག་ཟླ་བ་གཉིས༔ ཙ་རིའི་གནས་སུ་ཟླ་བ་དྲུག༔ ཁྱུང་ཚང་བྲག་ལ་ཟླ་བ་དྲུག༔ སྙེ་མོ་སྙིང་དྲུང་ཟླ་བ་དྲུག༔ བློན་པོ་མགུལ་དུ་ཟླ་བ་དྲུག༔ སྙིང་པོའི་རྫ་ལ་ཟླ་བ་གཉིས༔ མོན་ཁ་སྣ་རིང་ཟླ་བ་གསུམ༔ སྤ་གྲོ་སྟག་ཚང་ཟླ་བ་བཞི༔ ཆུ་མོ་ཕག་ཏུ་ཟླ་བ་གཉིས༔ ཁྲ་མོ་ལྡང་ལྷར་ཟླ་བ་གཉིས༔ ཤ་འུག་སྟག་སྒོར་ལོ་གཅིག་བཞུགས༔ མཁར་ཆེན་བྲག་ལ་ལོ་གཅིག་སྟེ༔ དཔྱལ་གྱི་བྲག་ལ་ལོ་གཅིག་བཞུགས༔ ལྷ་རིའི་གངས་ལ་ལོ་གཅིག་བཞུགས༔ གཡུ་ཕུ་རྫ་ལྷུང་ཟླ་བ་གསུམ༔ མོན་སྒོམ་བྲག་ཕུག་ཟླ་བ་གསུམ༔ འོན་ཕུ་སྟག་ཚང་ཟླ་བ་གསུམ༔ གཟར་མོ་རི་ལ་ཟླ་བ་གཉིས༔ དྭགས་རྫོང་ཕུག་པར་ལོ་གཅིག་བཞུགས༔ བྱར་གྱི་སྟག་ཚང་ཞག་གསུམ་སྟེ༔ དོམ་ཚང་རོང་དུ་ཞག་ལྔ་བཞུགས༔ སྟག་ཚང་རོང་དུ་ཞག་བདུན་ནོ༔ གཟིག་ཚང་རོང་དུ་ཞག་དགུ་བཞུགས༔ སྤྱང་ཚང་རོང་དུ་ཞག་དྲུག་བཞུགས༔ མཁའ་འགྲོ་ཕུག་པར་ཟླ་བ་བཞི༔ ལྷ་རྩེའི་བྲག་ལ་ཟླ་བ་བཞི༔ རོང་པའི་རྫ་ལ་ཟླ་བ་གཅིག༔ མཆིམས་ཀྱི་རྔོག་ལུང་ཟླ་བ་གཅིག༔ གོག་ཆུང་ལུང་དུ་ཟླ་བ་ཕྱེད༔ མགྲིན་བཟང་ཟླ་བ་ཕྱེད་དང་གཉིས༔ ལྷ་ས་ཁྲ་འབྲུག་ཟླ་བ་གསུམ༔ བོད་ཀྱི་གདུལ་བྱ་རྫོགས་པར་བྱས་ཟིན་ཏོ༔ སྔར་འདས་སངས་རྒྱས་བསྟན་པའི་སོ་ནམ་བྱས༔ ད་ལྟ་མདོ་སྔགས་བོད་དུ་དར་བར་མཛད༔ མ་འོངས་གཏེར་སྦས་བསྟན་པ་ལུང་དུ་བསྟན༔ བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་འདྲེན༔ འཛམ་བུའི་གླིང་ཉེ་སོག་ཀའི་ཡུ་བ་ལ༔ སྲིན་པོའི་ཡུལ་གླིང་ཆེན་པོ་ལྔ་ཡོད་དེ༔ དེ་ཉིད་ཨུ་རྒྱན་ཡུལ་དང་ཐག་ཉེ་ལ༔ དབུས་ན་ཟངས་མདོག་དཔལ་རི་ཞེས་བྱ་བ༔ སྲིན་པོའི་གྲོང་ཁྱེར་ལྔ་བརྒྱས་བསྐོར་བ་ཡི༔ ཤར་ན་ལངྐ་པཱུ་རི་བྱ་བ་ཡོད༔ ལྷོ་ན་སྲིན་པོའི་གྲོང་ཁྱེར་དགའ་བ་ཅན༔ ནུབ་ན་ཀོ་ཀ་ཐང་དམར་གླིང་ཞེས་དང་༔ བྱང་གི་ཕྱོགས་ན་སྲིན་ཡུལ་བྱན་ལག་ལྗོངས༔ ཤར་ལྷོ་མཚམས་ན་ཟོ་མ་པཱུ་རིའི་མཚོ༔ ལྷོ་ནུབ་མཚམས་ན་བམ་རི་ཐོད་པ་མཁར༔ ནུབ་བྱང་མཚམས་ན་མ་ལ་གནམ་ལྕགས་རྩེ༔ བྱང་ཤར་མཚམས་ན་ནལ་བྱིའི་དུར་ཁྲོད་རྣམས༔ སྲིན་པོའི་གྲོང་ཁྱེར་ལྔ་བརྒྱ་ལྔ་བརྒྱས་བསྐོར༔ དེ་མ་བཏུལ་ན་འཛམ་གླིང་སྲིན་པོས་འཁྱེར༔ སྲིན་པོས་མི་ཟ་མི་ཡུལ་སྟོངས་པར་འགྱུར༔ པད་འབྱུང་མིན་པ་སུས་ཀྱང་མི་ཐུལ་ཏེ༔ སྲིན་པོ་འདུལ་ཞིང་སོ་ཀ་བསྲུང་དུ་འགྲོ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ་སྟེ་གོ་བདུན་པའོ༔ ༔












བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存