查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 96-97

关注👉🏼⏯ 藏家韵味 2021-07-10



98༽རྒྱལ་སྲས་མུ་ཏིག་བཙན་པོར་ཞལ་ཆེམས་གསུངས་པའི་ལེའུ།



99མཁའ་འགྲོས་བརྡ་བསྟོད་མཛད་པའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༩༨། རྒྱལ་སྲས་མུ་ཏིག་བཙན་པོར་ཞལ་ཆེམས་གསུངས་པ།

དེ་ནས་རྒྱལ་སྲས་མུ་ཏིག་བཙན་པོ་ཡིས༔ སློབ་དཔོན་ཨུ་རྒྱན་སྲིན་ཡུལ་བཞུད་པའི་དུས༔ ནུབ་གཅིག་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར༔ གཅེས་པའི་ནོར་བུ་དར་གྱིས་རབ་ཕྱིས་ནས༔ དངུལ་གཞོང་ཆེན་པོ་གསེར་གྱིས་བཀང་བའི་སྟེང་༔ ནོར་བུ་བཞག་ནས་སློབ་དཔོན་ཕྱག་ཏུ་ཕུལ༔ ཆིབས་པ་མཚའ་ལུ་བྱ་གདོང་སྣ་དྲངས་པའི༔ རྟ་དྲུག་སེང་ལྡེང་སྒ་ལ་ཟ་འོག་སྟན༔ གསེར་སྲབ་གཡུ་མཐུར་གཏད་ནས་ཕྱག་ཏུ་ཕུལ༔ གསེར་ཕྱེ་ཁལ་གཅིག་གཡུ་སྙིང་བྲེ་གསུམ་དང་༔ ལྷ་སྲས་ཉིད་ཀྱི་མགུལ་གཡུ་ལྟག་ཚར་ཕུལ༔ རབ་ཏུ་གུས་པའི་ལྷ་ཕྱག་མང་བཙལ་ནས༔ རྗེ་མ་རིག་མུན་པ་སེལ་མཛད་པའི༔ ཡེ་ཤེས་སྣང་བའི་སྒྲོན་མ་ཅན༔ རྟོག་པའི་དྲ་བ་གཅོད་མཛད་པའི༔ ཤེས་རབ་ཆེན་པོའི་རལ་གྲི་ཅན༔ ཉོན་མོངས་དགྲ་རྣམས་འཇོམས་མཛད་པའི༔ ཡང་དག་ལྟ་བའི་དམག་ཚོགས་ཅན༔ འཁོར་བའི་ཆུ་བོ་སྒྲོལ་མཛད་པའི༔ ཐུགས་རྗེ་ཆེན་པོའི་གྲུ་གཟིངས་ཅན༔ དགེ་བའི་བར་ཆད་ཞི་མཛད་པའི༔ གསང་སྔགས་ཐབས་ཀྱི་ཁྱད་པར་ཅན༔ འགྲོ་བ་ཐམས་ཅད་སྐྱོབ་མཛད་པའི༔ བསྡུ་བ་རྣམ་བཞིའི་འཕྲིན་ལས་ཅན༔ ཇི་སྐད་གསུངས་པ་ཇི་བཞིན་འབྱུང་༔ མངོན་པར་ཤེས་པའི་ངེས་དོན་ཅན༔ གདམས་ངག་གང་དང་གང་ཞུས་ཀྱང་༔ དགྱེས་ཤིང་གནང་བའི་བཀའ་དྲིན་ཅན༔ རྒོལ་བ་ཐམས་ཅད་ཚར་གཅོད་པའི༔ ཤཱཀྱ་སེང་གེའི་ཆ་ལུགས་ཅན༔ བསྟན་པའི་གཙོ་དང་ཐ་མི་དད༔ འཇིག་རྟེན་གསུམ་ན་རྙེད་མི་སྲིད༔ ཁྱོད་ཀྱི་བཀའ་ལུང་མ་ལགས་པ༔ སུ་ལ་ཡང་ནི་མི་རེ་མི་ལྟོས་པས༔ བདག་ནི་མ་གུམ་བར་དུ་བཞུགས་པར་ཞུ༔ སྲིན་པོ་འདུལ་ལ་ཕྱི་བཤོལ་མི་སྤོབས་པས༔ ཅིས་ཀྱང་ལོ་གཅིག་བཞུགས་པར་ཞུ་ཕུལ་ཚེ༔ སློབ་དཔོན་ཞལ་ནས་བདག་ལ་འདི་སྐད་གསུངས༔ ལོ་གཅིག་བསྡད་ཀྱང་འབྲལ་བར་འོང་མི་ཕོད༔ བདག་ཉིད་མིག་གཉིས་མཆི་མས་འགགས་པ་དང་༔ ནང་གི་དབུགས་ནི་སྣ་རུས་ནང་དུ་འཐུམས༔ ཡུས་ཀྱིས་བརྣངས་ནས་གདུང་བའི་ཤུགས་ཀྱིས་བརྒྱལ༔ སློབ་དཔོན་བཞུད་ནས་སྐྱབས་དང་བྲལ་ལོ་སྙམ༔ རྒྱབ་ནས་དྲོ་བའི་སློག་པ་བཤུས་སོ་སྙམ༔ མདུན་ནས་བརྟེན་པའི་འཁར་བ་མེད་དོ་སྙམ༔ འོད་ཀྱིས་དྲོས་པའི་ཉི་ཟླ་ནུབ་པོ་སྙམ༔ ཚེ་འདིར་གཅེས་པའི་མིག་དང་བྲལ་ལོ་སྙམ༔ དེ་ནས་རང་སེམས་བག་ཙམ་ངལ་བསོས་ནས༔ བག་ཙམ་དབུགས་ཕྱུང་བག་ཙམ་བདེ་བ་རྙེད༔ དེ་ཡང་སློབ་དཔོན་བྱིན་བས་ཡིན་ནོ་སྙམ༔ དེ་ནས་སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ ལྷ་སྲས་བདག་ནི་ལུས་སྲོག་འདོར་བ་མིན༔ གཞན་དུ་སོང་ཡང་མྱུར་དུ་མཇལ་ལོ་གསུངས༔ སྐུ་དངོས་འདི་ལ་གདུང་བའི་འཕྲེང་སེམས་ཆོད༔ དུས་གཉན་བྱུང་རེས་དངོས་ཉམས་རྨི་ལམ་མཇལ༔ འདི་ནས་སྐྱེ་བ་བཅོ་བརྒྱད་ཁ་འཁོར་ཚེ༔ སྨོན་ལམ་དག་པས་ཅིས་ཀྱང་མཇལ་ལོ་གསུངས༔ གསེར་གཞོང་ནོར་བུ་དང་བཅས་ཚུར་གནང་ནས༔ བདག་ལ་གུས་པས་གསོལ་བ་ཐོབ་མཛོད་དང་༔ དུས་གསུམ་འབྲལ་མེད་བྱིན་གྱིས་བརླབ་བོ་གསུངས༔ ཡི་དམ་ཏིང་འཛིན་མ་གཡེལ་རྒྱུན་དུ་སྒོམས༔ གསང་སྔགས་བསྙེན་སྒྲུབ་ཚད་དུ་ཕྱིན་པར་སྐྱོལ༔ སྙིང་རྗེའི་གནས་ལ་བུ་ལྟར་བརྩེ་བས་སྐྱོངས༔ ཆོས་ཀྱི་ཕུ་ཐག་ཆོས་ཉིད་ཟད་སར་སྐྱོལ༔ རང་ལུས་ལང་ཚོ་ཡལ་བའི་དུས་སུ་ནི༔ གེ་སར་རྒྱལ་པོས་བབས་ལ་བཏང་བ་ཡི༔ ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་འདི༔ ཡར་ཀླུངས་ཁྲ་འབྲུག་གཏེར་དུ་སྦོས་ཤིག་གསུངས༔ རྒྱ་ནག་རྒྱལ་པོས་བབས་ལ་བྱུང་བ་ཡི༔ ཡིད་བཞིན་ནོར་བུ་ཡིད་ལ་བསམ་འཕེལ་འདི༔ བསམ་ཡས་དབུ་རྩེར་གཏེར་དུ་སྦོས་ཤིག་གསུངས༔ རྒྱ་གར་རྒྱལ་པོ་དབང་ཕྱུག་སྡེས་ཕུལ་བའི༔ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བ་འདི༔ ལྷ་སའི་ནང་དུ་གཏེར་དུ་སྦོས་མཛོད་དང་༔ བོད་སྤྱིའི་བསོད་ནམས་འདི་གསུམ་ལས་འབྱུང་ཞིང་༔ སྒོམ་གྲྭ་བཤད་གྲྭའི་བསྟན་པ་ཚུགས་སོ་གསུངས༔ ཕྱུག་པོ་རབས་ཆད་ཀ་ཅ་གཏེར་དུ་སྦས༔ དབུལ་པོ་འབུན་གཏེར་ནོར་གྱིས་ཁེངས་སོ་གསུངས༔ བདུན་ཅུ་རྩ་གྲངས་ལོ་ཡི་དུས་སུ་ནི༔ རྒྱལ་པོའི་སྐུ་ལ་རིམ་གྲོ་སྐྱེད་ཅིག་གསུངས༔ མཁའ་འགྲོ་ཆོས་སྐྱོང་འབྲལ་མེད་བསྟེན་མཛོད་ལ༔ ཚོགས་ཀྱི་འཁོར་ལོ་རྟག་ཏུ་སྐོར་ཅིག་གསུངས༔ སྤྱོད་པ་ཕྱི་ནང་གཉིས་སུ་རབ་ཕྱེ་ལ༔ ཚོགས་སུ་སྙོམས་ཆུང་རྣམས་དང་བསྟུན་ཅིག་གསུངས༔ དབེན་པར་སྣང་སྤྱོད་ཏིང་ངེ་འཛིན་དང་སྤེལ༔ རྩ་ཡི་རྒྱ་མདུད་ལས་ཀྱི་ཕྱག་རྒྱས་ཁྲོལ༔ ལུས་ཀྱི་བདེ་བ་སེམས་ལ་སྤོར་ཅིག་གསུངས༔ འདུ་འཛིའི་གནས་ལ་སུན་པའི་དུས་སུ་ནི༔ གཏད་མེད་ཆོས་དབྱིངས་ངང་ལ་ཞོག་ཅིག་གསུངས༔ འཁོར་ངན་བྱུར་གྱིས་ནོན་པའི་དུས་སུ་ནི༔ རྨི་ལམ་གནས་སྐབས་ཙམ་དུ་སོམས་ཤིག་གསུངས༔ ཏིང་འཛིན་ཉམས་མྱོང་འཕེལ་འགྲིབ་ཅི་བྱུང་ཡང་༔ ཐམས་ཅད་རོ་སྙོམས་ངང་དུ་ཆོད་ཅིག་གསུངས༔ བཟང་རྟོག་ངན་རྟོག་བཟང་ངན་ཅི་བྱུང་ཡང་༔ གང་སྣང་ཆོས་སྐུའི་ལམ་དུ་ཁྱེར་ཅིག་གསུངས༔ བསྟེན་མ་ཤེས་ན་ལྷ་ཡང་བདུད་དུ་འབབ༔ ཡུན་རིང་འགྲོགས་ན་སངས་རྒྱས་སྐྱོན་ཡང་རྙེད༔ ཕུ་བསམ་ལྷག་པའི་ཕོ་ཚོད་གཞན་ལ་མེད༔ རང་གིས་ཐག་ཆོད་གྲོས་མ་འདྲི་ཞིག་གསུངས༔ ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ལ༔ མདོ་རྒྱུད་མང་པོའི་མཁྱེན་རྒྱ་མི་འཚལ་གྱི༔ ཏིང་འཛིན་ཟབ་མོ་རྩེ་གཅིག་སྒོམས་མཛོད་ཅིག༔ སེམས་ཅན་ཕན་བྱེད་མ་གཏོགས་ཆོས་གཞན་མེད༔ ཕྱག་དཔེ་ཐམས་ཅད་གཏེར་ཏུ་སྦོས་ཤིག་གསུངས༔ དམ་ཚིག་མེད་པ་ངན་སོང་གསུམ་ལས་འཇིགས༔ དུག་ལྔ་རགས་ལ་སྔར་ཟོན་གྱིས་ཤིག་གསུངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་བཏབ་པས་ཞལ་ཆེམས་གསུངས་པའི་ལེའུ་སྟེ་གོ་བརྒྱད་པའོ༔ ༔

༩༩། མཁའ་འགྲོས་བརྡ་བསྟོད་མཛད་པ།


དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྷ་སྲས་དབུ་མཛད་རྗེ་འབངས་ཉི་ཤུ་གཅིག༔ ལོ་ཙཱ་དེ་བ་སམྦྷས་དབུ་མཛད་ནས༔ ལོ་ཙཱ་ཉི་ཤུ་རྩ་གཅིག་བཙུན་མོ་གསུམ༔ ཡོན་བདག་ཕོ་མོ་འབངས་འཁོར་ཐམས་ཅད་ལ༔ ཁྲ་འབྲུག་གཙུག་ལག་ཁང་གི་ཁྱམས་སྟོད་དུ༔ གསང་སྔགས་བཀའ་འདུས་དཀྱིལ་འཁོར་ཞལ་ཕྱེ་ནས༔ སྒྲུབ་པའི་དབང་ཟབ་ཉི་ཤུ་རྩ་གཅིག་མཛད༔ ནམ་ཕྱེད་སློབ་དཔོན་ལྷོ་ནུབ་མཁའ་ལ་གཟིགས༔ ལྕགས་ཀྱུའི་ཕྱག་རྒྱ་མཛད་ནས་ཛཿཧཱུྃ་གསུངས༔ དཀྱིལ་འཁོར་མདུན་དུ་འཇའ་སྣ་ཟུག་པ་ལ༔ ལྷ་ལྕམ་མནྡཱ་ར་བ་ཡིན་ཟེར་བའི༔ བུ་མོ་དཀར་མོ་རས་སྔོན་སྨད་གཡོགས་ཅན༔ ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་གྱོན༔ ལག་གཡོན་བནྡྷ་ལྕང་ལོ་འགྲོན་རྒྱན་ཅན༔ གཡས་ན་ལྕགས་ཕུར་མགོ་ལ་དར་སྣ་བཏགས༔ མི་ལྤགས་གཡང་གཞིས་སྟོད་གཡོགས་བྱས་པ་ཞིག༔ དཀྱིལ་འཁོར་སྐོར་བ་བྱེད་པ་ཀུན་གྱིས་མཐོང་༔ དཔལ་ཆེན་ལྷ་ཚོགས་རྣམས་ཀྱི་ཞལ་བསྟན་ནས༔ ཁུ་སྒྲ་ཀུ་ཅོ་ཏུག་ཆོམ་འུར་རྒྱངས་གང་༔ ལ་ལ་བརྒྱལ་ཞིང་ལ་ལ་མགོ་ལྤགས་འདུས༔ བྱིན་ཆེ་དབྱངས་སྙན་སློབ་དཔོན་འདི་སྐད་བསྟོད༔ ཧཱུྃ༔ གུ་རུའི་ཐུགས་རྗེས་འགྲོ་དོན་མཛད་ཙ་ན༔ འདབ་ལྡན་རིགས་ལྔ་དབུ་ལ་གསོལ་བ་ནི༔ སྐུ་ལྔའི་དབང་རྫོགས་ཡེ་ཤེས་ལྔ་ལྡན་བརྡ༔ དེ་ལ་དབུས་མཐིང་ཕྱོགས་ཚོན་བརྒྱན་པ་ནི༔ འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པའི་བརྡ༔ ཐོད་སྐམ་སུམ་བརྩེགས་ཐེག་པ་བརྩེགས་པ་ནི༔ ཆོས་ཀུན་མ་འདྲེས་ཕྱི་ནང་སྟོན་པའི་བརྡ༔ དེ་ལ་རིན་ཅེན་དྲ་བས་བརྒྱན་པ་ནི༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པའི་བརྡ༔ དེ་ལ་གསེར་གྱི་རྡོ་རྗེ་བཙུགས་པ་ནི༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས་པའི་བརྡ༔ དར་སྣ་ལྔ་ཡི་ཅོད་པན་འཕུར་བ་ནི༔ རིག་པའི་གནས་ལྔས་འགྲོ་བ་འདུལ་བའི་བརྡ༔ གཡས་གཡོན་རྒོད་ཀྱི་ཐེའུ་ཆུང་སྤྲས་པ་ནི༔ ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བརྡ༔ རྩེ་དབུས་རྨ་བྱའི་མདོངས་མདངས་གསལ་བ་ནི༔ སྣང་སེམས་དབྱིངས་རིག་འོད་དུ་འཁྱིལ་བའི་བརྡ༔ རིན་ཅེན་གསེར་གྱི་ཉི་ཟླ་གསལ་བ་ནི༔ འགྲོ་བའི་མ་རིག་མུན་པ་སེལ་བའི་བརྡ༔ གཡི་དཀར་པགས་པས་ཁ་འགྲིལ་བྱས་པ་ནི༔ བསྟན་གཉིས་ཟུང་འཇུག་གཏེར་གྱིས་སྐྱོང་བའི་བརྡ༔ མཛེས་པའི་སྣ་ལེན་ཐུར་དུ་འཕྱང་བ་ནི༔ སྦྱོར་སྒྲོལ་ལྟ་བ་དབྱིངས་སུ་དག་པའི་བརྡ༔ རྗེ་ཉིད་སྐུ་ལུས་བཀོད་པ་བསྟན་པ་ནི༔ ཞལ་གྱི་དཀྱིལ་འཁོར་ཆོག་མི་ཤེས་པ་ནི༔ དེ་བཞིན་གཤེགས་པའི་སྐུ་དངོས་བསྟན་པའི་བརྡ༔ རྡོ་རྗེའི་སྐུ་ལུས་དྲང་པོར་བཞུགས་པ་ནི༔ ཏིང་འཛིན་རྩེ་གཅིག་གཡོ་བ་མེད་པའི་བརྡ༔ སྐུ་མདོག་དཀར་ལ་དམར་མདངས་ལྡན་པ་ནི༔ བདེ་བ་ཐམས་ཅད་སྐུ་ལ་རྫོགས་པའི་བརྡ༔ ཡེ་ཤེས་སྤྱན་གཉིས་ཐད་དཀར་གཟིགས་པ་ནི༔ ཆོས་དབྱིངས་འོད་གསལ་མཆོག་ཏུ་སྤོར་བའི་བརྡ༔ འཛུམ་པའི་མདངས་ལྡན་ཞལ་ཚེམས་མཛེས་པ་ནི༔ གསང་སྔགས་མཛད་པ་མཐའ་རུ་ཕྱིན་པའི་བརྡ༔ ཚངས་པའི་གསུང་གིས་ཆོས་སྒྲ་སྒྲོགས་པ་ནི༔ འགྲོ་དྲུག་སེམས་ཅན་བདེ་ལ་བཀོད་པའི་བརྡ༔ ཤངས་ནས་ཡེ་ཤེས་ང་ལྔ་རྒྱུ་བ་ནི༔ སྤྲོས་མེད་ལྟ་བ་ཡོངས་སུ་དག་པའི་བརྡ༔ སྙན་ཆ་གསེར་གྱི་དྲིལ་ཆུང་བརྒྱན་པ་ནི༔ སངས་རྒྱས་རྣམས་དང་གསུང་གླེང་མཛད་པའི་བརྡ༔ དབུ་སྐྲ་ཁམ་ནག་ལྕང་ལོ་འཁྱིལ་བ་ནི༔ མ་ལུས་དགོངས་པའི་དོན་རྣམས་འགྲུབ་པའི་བརྡ༔ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས་པ་ནི༔ ལམ་ལྔ་ས་བཅུ་སྐད་ཅིག་རྫོགས་པའི་བརྡ༔ ཕྱག་གཡོན་མཉམ་གཞག་བནྡྷ་འཛིན་པ་ནི༔ འདོད་ཡོན་ལྔ་ལ་ལོངས་སྤྱོད་རོལ་པའི་བརྡ༔ གཡས་པའི་ཕྱག་ན་རྡོ་རྗེ་བསྣམས་པ་ནི༔ བདེ་སྟོང་སྒོམ་ལ་རྒྱུན་ཆད་མེད་པའི་བརྡ༔ ཆུ་ཤིང་ནག་པོའི་ཕྱག་འཁར་བསྣམས་པ་ནི༔ ཆོས་རྣམས་ཐེག་པ་གཅིག་ཏུ་རྫོགས་པའི་བརྡ༔ དེ་ལ་ཆུ་སྲིན་རྒྱ་མདུད་བཅིངས་པ་ནི༔ བསྡུ་བ་རྣམ་བཞིས་བསྟན་པ་བསྲུང་བའི་བརྡ༔ དེ་ལ་རྡོ་རྗེ་རྩེ་ལྔ་བསྐྱོན་པ་ནི༔ སྐྱེ་བ་རྣམ་བཞི་སྦྱོར་བ་ལྔ་ལྡན་བརྡ༔ དེ་ལ་ཐོད་མཁར་དགུ་བརྩེགས་བསྐྱོན་པ་ནི༔ འཇིག་རྟེན་དུར་ཁྲོད་གླིང་དགུར་མཁྱེན་པའི་བརྡ༔ དར་སྣ་ལྔ་ཡིས་མགུལ་ཆིངས་བྱས་པ་ནི༔ སྟོང་གཟུགས་ཡེ་ཤེས་ལྔ་ལྡན་སྦྱོར་བའི་བརྡ༔ གསེར་དངུལ་ཟངས་ལྕགས་ཁྲོ་ཞལ་ལྡན་པ་ནི༔ གསང་སྔགས་སྒོ་མོ་བཞི་ནི་འབྱེད་པའི་བརྡ༔ དེ་ལ་ཁ་ཊྭཱཾ་རྩེ་གསུམ་སྐྱེས་པ་ནི༔ དུག་གསུམ་སྐུ་གསུང་ཐུགས་དང་སྦྱོར་བའི་བརྡ༔ རྭ་ལ་ལྕགས་ལུང་དགུ་ཡིས་བརྒྱན་པ་ནི༔ ཐེག་པའི་འཇུག་སྒོ་མ་ནོར་སྟོན་པའི་བརྡ༔ རྩེ་ལ་ལྕགས་ལུང་བརྒྱད་ཀྱིས་བརྒྱན་པ་ནི༔ རྣམ་ཤེས་ཚོགས་བརྒྱད་སྦྱོར་མཚམས་དག་པའི་བརྡ༔ ཟ་འོག་བེར་བརྩེགས་སྐུ་ལ་གསོལ་བ་ནི༔ སྣང་སྲིད་འཇའ་འོད་ཟེར་གསུམ་འཕྲོ་བའི་བརྡ༔ དམར་སེར་མཐིང་ནག་བེར་ཕྱམ་སྤྲུགས་པ་ནི༔ སྣ་ཚོགས་ཆོས་སྐུ་རང་ལ་ཤར་བའི་བརྡ༔ རྒྱ་མཚོར་པད་སྡོང་རྩེ་ལ་བཞུགས་པ་ནི༔ འཁོར་བའི་སྐྱོན་གྱིས་མ་གོས་བསྟན་པའི་བརྡ༔ ཕྱོགས་བཞི་མཚམས་བརྒྱད་འཇའ་འོད་འཁྲིགས་པ་ནི༔ ཕུང་པོ་ལྷག་མེད་ཡེ་སངས་རྒྱས་པའི་བརྡ༔ འཁོར་དུ་བཀའ་བརྒྱུད་བླ་མས་བསྐོར་བ་ནི༔ སྐལ་ལྡན་བུ་ལ་བྱིན་བས་འབེབས་པའི་བརྡ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡ་བསྟོད་མཛད་པའི་ལེའུ་སྟེ་གོ་དགུ་པའོ༔ ༔









བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存