པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་ཡིག100-101
100༽སྐུ་ཚབ་ལ་གསོལ་བ་བཏབ་པའི་ཕན་ཡོན་བསྟན་པའི་ལེའུ།
101༽རྗེས་འཇུག་བདེ་སྟོང་ལ་སྤྱོད་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
༡༠༠། སྐུ་ཚབ་ལ་གསོལ་བ་བཏབ་པའི་ཕན་ཡོན་བསྟན་པ།
དེ་ནས་ལྷ་ལྕམ་མནྡཱར་བ་ཡིས༔ མཚན་བཟང་སུམ་ཅུ་རྩ་གཉིས་བསྟོད་པ་མཛད༔ ཨེ་མ་ཧོ༔ ལེགས་པའི་དཔེ་བྱད་མཚན་བཟང་སུམ་ཅུ་གཉིས༔ དུས་གསུམ་སངས་རྒྱས་པད་འབྱུང་སྐུ་ལ་རྫོགས༔ རི་རབ་ལྟ་བུར་སྐུ་ནི་ལྷུན་མདངས་མཐོ༔ རི་རྒྱལ་བུམ་པ་ལྟ་བུར་དབུ་ནི་ཟླུམ༔ བུང་པ་ཨུཏྤལ་ལྟ་བུར་དབུ་སྐྲ་མཛེས༔ ཟླ་བ་རྒྱས་པ་ལྟ་བུར་དཔྲལ་བའི་དབྱེས༔ སྐར་ཆེན་ཤར་འདྲ་སྤྱན་གཉིས་གནག་ལ་རིང་༔ འདི་ཡི་སྨིན་མ་ཁྱུང་ཆེན་ལྡིང་བ་འདྲ༔ ཁྲ་གཤོག་བརྒྱངས་པ་ལྟ་བུར་རྫི་མ་ལེགས༔ སྙན་ནི་གྲོ་ག་གཅུས་པ་ལྟ་བུ་འདྲ༔ ཤངས་ནི་ལེགས་ཤིང་བལྟ་ན་སྡུག་པའི་ཤངས༔ ཡ་མཆུ་མ་མཆུ་པདྨའི་ཟེ་བ་འདྲ༔ ལྗགས་རིང་སྲབ་མཉེན་པདྨའི་མདོག་ལྟར་དམར༔ དཀར་ཚེམས་ཐགས་བཟང་དུང་མདོག་གངས་རི་འདྲ༔ ཚེམས་ཕྲེང་ལྔ་བཅུ་རྩ་བརྒྱད་ཞལ་ལ་མཛེས༔ ཞི་བའི་ཞལ་མཐོང་ཨོས་ཀོ་ལྷམ་མེ་བ༔ ཀ་ལ་པིངྐ་ལྟ་བུར་ཚངས་པའི་དབྱངས༔ ཞལ་ཚོམས་དོམ་ནག་དཀྱུས་འདྲ་ལྟ་བུར་རིང་༔ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲ༔ མགུལ་ནི་བུམ་པའི་མགྲིན་པ་ལྟ་བུར་ལེགས༔ འདི་ཡི་སྐུ་སྟོད་སེང་གེ་འགྱིང་བ་འདྲ༔ དཔུང་པའི་མགོ་ཟླུམ་ཕྲག་པ་རབ་ཏུ་རྒྱས༔ ཕྱག་ཞབས་སོར་རིང་དྲ་བས་འབྲེལ་བ་དང་༔ སེན་མོའི་མདོག་ནི་ཟངས་དམར་ཤེལ་འོད་དཀར༔ པདྨའི་སྦུ་གུ་ལྟ་བུར་ལྟེ་བ་མཛེས༔ སྦ་བ་སྦུབས་སུ་རྟ་གླང་ལྟ་བུར་ནུབ༔ བྱིན་པ་ཨེ་ན་ཡ་འདྲ་ཞབས་ལོང་འབུར༔ མཁའ་ལ་འཇའ་འགྱུས་ལྟ་བུར་འཕུར་རྩལ་འགྲོས༔ གཞོན་ནུའི་རྩལ་ལྡན་སྐུ་ལུས་ཡན་ལག་རྒྱས༔ འཛུམ་ཞིང་ཤིན་ཏུ་མཛེས་པའི་དྲི་མེད་ཞལ༔ གཟུགས་བལྟས་མི་ངོམས་སྐྱེ་བོས་ལྟ་ན་སྡུག༔ འོད་ཟེར་དུ་མ་འབར་བས་འོད་ཁྱིམ་འདྲ༔ རོ་མཆོག་འཇམ་ཞིང་དམ་པ་མཆོག་རབ་འཕགས༔ མི་ཤིགས་རྡོ་རྗེ་ལྟ་བུར་ཟག་པ་མེད༔ འདྲ་བ་འདི་དག་པད་འབྱུང་མཚན་བཟང་པོ༔ སུམ་ཅུ་རྩ་གཉིས་རྒྱལ་སྲས་སྐུ་ལ་བསྟོད༔ མོས་པའི་མ་ཕྱིར་བུ་འབྲངས་ལྟ་བུ་ཡི༔ སུན་པ་མེད་པའི་ལྷ་ལྕམ་མནྡཱ་རས༔ སྐྱོ་ངལ་མེད་པར་སྤྲུལ་སྐུའི་ཡོན་ཏན་ཞུས༔ ཉིད་དང་མ་མཇལ་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མེ་གང་གིས་བྱེད༔ དེ་བཞིན་སྦྱིན་པའི་བསོད་ནམས་གང་ལ་གསོག༔ ལུས་ཕུང་བདེ་བའི་མེ་ཏོག་གང་ལ་འབུལ༔ འཇིག་རྟེན་དག་ན་བདེ་བ་སྦྱིན་པའི་མཆོག༔ འཁོར་བའི་སྡུག་བསྔལ་རྒྱ་མཚོ་གང་གིས་སྐེམས༔ བདེ་སྟོང་བླ་མེད་བརྒྱུད་པ་སུ་ཡིས་འཛིན༔ པད་སྡོང་ལས་འཁྲུངས་དཀར་ལ་དམར་མདངས་ཅན༔ བཟང་པོའི་མཚན་གྱིས་སྐུ་ལ་བརྒྱན་པས་གསུངས༔ ཞེས་ཞུས་དེ་ནས་ཨུ་རྒྱན་བཀའ་སྩལ་པ༔ ཉོན་ཅིག་ལྷ་མོའི་གཟུགས་ཅན་ཡིད་འོང་མ༔ ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མ་སྐུ་འདྲས་བྱེད༔ པད་འབྱུང་སྐུ་ཚབ་མཆོད་པའི་རྟེན་བཞེངས་པ༔ སྐུ་གསུམ་དོན་ལྡན་བསྟན་པའི་རྒྱལ་མཚན་འཛུགས༔ དེ་ལ་འདུན་ཅིང་མོས་གུས་སུས་བྱེད་པ༔ འདོད་པ་ཀུན་ཚོགས་རིན་ཅེན་ཕུང་པོ་འདྲ༔ འཕེལ་འགྲིབ་མེད་པར་འགྱུར་མེད་བདེ་བའི་ཞིང་༔ སྙིང་པོ་རྒྱུན་དུ་བཟླ་བར་གང་བྱེད་པ༔ མི་རྣམས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན༔ ལེགས་པ་ཀུན་འབྱུང་ཨེ་མ་ངོ་མཚར་ཆེ༔ འབྱུང་བའི་བཅུད་ལས་བསམ་འཕེལ་ནོར་འབྱུང་བཞིན༔ ཇི་ལྟར་ཚོགས་པར་བཤམས་པའི་འདོད་ཡོན་ལྔ༔ བྱི་དོར་ལྡན་པས་བཀྲ་ཤིས་འཕེལ་བར་འགྱུར༔ སྨོན་ལམ་དག་པས་སྨན་ཆབ་ལྔ་གསོལ་བ༔ ཐུན་མོང་འདུ་བ་རྣམ་བཞིའི་ནད་ལས་གྲོལ༔ ཁྱད་པར་ཉོན་མོངས་འཁོར་བའི་གཅོང་ནད་ཞི༔ སྐྱོན་གྱི་གོང་པོ་རིགས་དྲུག་སེམས་ཅན་ལ༔ དར་ཅིག་བདེ་བའི་སྐབས་མེད་མི་ཡི་ལུས༔ པད་འབྱུང་སྐུ་ཚབ་དཀོན་གཉེར་སུས་བྱེད་པ༔ ངན་སོང་གསུམ་ལས་གཏན་དུ་ཐར་བ་དང་༔ ཕུན་སུམ་ཚོགས་པའི་ཡོན་ཏན་ཐོབ་པར་འགྱུར༔ པད་འབྱུང་སྐུ་ཚབ་གཞལ་ཡས་ཁང་བཞེངས་པ༔ ལྷ་ཡི་ཕོ་བྲང་ནང་དུ་སྐྱེ་བར་འགྱུར༔ པད་འབྱུང་སྐུ་བཞེངས་ལས་དཔོན་སུས་བྱེད་པ༔ ཆོས་སྨྲའི་འཁོར་ལོས་སྒྱུར་མཆོག་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲའི་བཟོ་གནས་སུས་བྱས་པ༔ འདི་ཕྱིར་རིག་པའི་གནས་ལྔར་མཁས་པར་འགྱུར༔ པད་འབྱུང་སྐུ་བཞེངས་འདམ་རྫབ་སུས་སྦྱོར་བ༔ ས་ཡི་འབྲུ་བཞིན་བསོད་ནམས་འཕེལ་བར་འགྱུར༔ པད་འབྱུང་སྐུ་འདྲར་ན་བཟའ་གང་འབུལ་བ༔ ཡེ་ཤེས་རྒྱན་ལྡན་རང་བཅས་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་པད་གདན་སུས་ཕུལ་བ༔ རེག་འཇམ་མཛེས་པའི་གདན་དང་ལྡན་པར་འགྱུར༔ པད་འབྱུང་སྐུ་འདྲར་རྡུལ་ཕྱིས་སུས་བྱས་པ༔ གཟུགས་བཟང་ཆས་ལེགས་མདོག་སྡུག་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་ཁྲུས་ཆབ་སུས་གསོལ་བ༔ དྲི་མེད་ཡིད་འོང་མདོག་བཟང་ཐོབ་པར་འགྱུར༔ པད་འབྱུང་སྐུ་ཚབ་མཆོད་གཡོག་སུས་བྱས་པ༔ རྫུ་འཕྲུལ་རྐང་པའི་མྱུར་མགྱོགས་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་མར་མེ་སུས་ཕུལ་བ༔ མུན་པ་མེད་ཅིང་བློ་རིག་གསལ་བར་འགྱུར༔ པད་འབྱུང་སྐུ་འདྲར་རིན་ཅེན་སུས་ཕུལ་བ༔ དབུལ་ཕོངས་ཀུན་བྲལ་དཀོར་ནོར་ཚོགས་པར་འགྱུར༔ པད་འབྱུང་སྐུ་འདྲར་སྤོས་ལྔ་སུས་ཕུལ་བ༔ དྲི་ཞིམ་ངད་ལྡན་ཡིད་དུ་འོང་བར་འགྱུར༔ པད་འབྱུང་སྐུ་འདྲར་སྨན་ལྔ་སུས་ཕུལ་བ༔ གདུག་པའི་ནད་ཞི་བདུད་རྩི་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་སྙིང་པོ་ལྔ་ཕུལ་བ༔ སྡུག་བསྔལ་མེད་ཅིང་བདེ་བའི་མཆོག་ཐོབ་འགྱུར༔ པད་འབྱུང་སྐུ་འདྲར་དྲི་བཟང་སུས་ཕུལ་བ༔ གནས་གཙང་ཐོབ་ཅིང་དྲི་མ་མེད་པར་འགྱུར༔ པད་འབྱུང་སྐུ་འདྲར་ཚོགས་འཁོར་སུས་ཕུལ་བ༔ བཀྲེས་པ་མེད་ཅིང་བདེ་ལེགས་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་འབྲུ་བཅུད་སུས་ཕུལ་བ༔ བདུད་རྩིའི་རྒྱ་མཚོ་མཆོག་ལ་སྤྱོད་པར་འགྱུར༔ པད་འབྱུང་སྐུ་འདྲར་མེ་ཏོག་སུས་ཕུལ་བ༔ སྒྲིབ་པ་བྱང་ཞིང་ཉོན་མོངས་ལྔ་ཞི་འགྱུར༔ པད་འབྱུང་སྐུ་འདྲར་དཀར་གསུམ་སུས་ཕུལ་བ༔ འདོད་འཇོའི་བ་དང་རྐང་འགྲོས་སྤྱོད་པར་འགྱུར༔ པད་འབྱུང་སྐུ་འདྲར་མངར་གསུམ་སུས་ཕུལ་བ༔ ཞལ་ཟས་བདའ་དགུའི་ལོངས་སྤྱོད་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་སྤྱན་གཟིགས་སུས་ཕུལ་བ༔ བསོད་ནམས་ལོངས་སྤྱོད་ཡོ་བྱད་འཕེལ་བར་འགྱུར༔ པད་འབྱུང་སྐུ་འདྲར་འབྲུ་ལྔ་སུས་ཕུལ་བ༔ མ་རྨོས་བཏབ་མེད་ལོ་ཐོག་བཙའ་བར་འགྱུར༔ པད་འབྱུང་སྐུ་འདྲར་འཕན་གདུགས་སུས་ཕུལ་བ༔ ཆོས་བཤད་བླ་མེད་དོན་ཀུན་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་དར་དཔྱངས་སུས་ཕུལ་བ༔ ལྷ་ཡི་ན་བཟའ་རྒྱན་བཟང་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་སིལ་སྙན་སུས་ཕུལ་བ༔ དབྱངས་སྙན་ངག་བདེ་དབང་པོ་གསལ་བར་འགྱུར༔ པད་འབྱུང་སྐུ་འདྲར་རོལ་མོ་སུས་ཕུལ་བ༔ སྟོབས་ཆེ་གཟུགས་བཟང་ཡན་ལག་བདེ་བར་འགྱུར༔ པད་འབྱུང་སྐུ་འདྲར་བསྐོར་ཕྱག་སུས་བྱས་པ༔ འཁོར་བ་མེད་ཅིང་མྱ་ངན་འདས་པར་འགྱུར༔ སྐྱེས་བུ་བཟོ་ལ་རིག་པའི་རྩལ་རྫོགས་པས༔ པད་འབྱུང་སྐུ་ལ་གསེར་ཆབ་སུས་གསོལ་བ༔ རྒྱལ་པོ་རིན་ཅེན་ལྟ་བུ་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་གཡུ་ཆབ་སུས་གསོལ་བ༔ བཙུན་མོ་རིན་ཅེན་ལྟ་བུ་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་དངུལ་ཆབ་སུས་གསོལ་བ༔ བློན་པོ་རིན་ཅེན་ལྟ་བུ་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་ལྕགས་ཆབ་སུས་གསོལ་བ༔ དམག་དཔོན་རིན་ཅེན་ལྟ་བུ་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་དུང་ཆབ་སུས་གསོལ་བ༔ རྟ་མཆོག་རིན་ཅེན་ལྟ་བུ་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་ཟངས་ཆབ་སུས་གསོལ་བ༔ གླང་པོ་རིན་ཅེན་ལྟ་བུ་ཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་མཚལ་ཆབ་སུས་གསོལ་བ༔ ནོར་བུ་རིན་ཅེན་ལྟ་བུ་ཐོབ་པར་འགྱུར༔ སྐུ་འདྲར་ཤིང་ཕུད་སྣག་ཚ་སུས་གསོལ་བ༔ འཁོར་ལོ་རིན་ཅེན་ལྟ་བུ་ཐོབ་པར་འགྱུར༔ རིན་ཅེན་སྣ་བདུན་སྐུ་འདྲར་སུས་གསོལ་བ༔ ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཐོབ་པར་འགྱུར༔ པད་འབྱུང་རྣམ་ཐར་རི་མོར་སུས་བཀོད་པ༔ དབྱིངས་རིག་དོན་ལ་མ་ཡེངས་གནས་པར་འགྱུར༔ པད་འབྱུང་སྐུ་འདྲར་སྤྱན་འབྱེད་སུས་བྱས་པ༔ ཡེ་ཤེས་སྤྱན་གྱིས་སྣོད་བཅུད་གསལ་བར་འགྱུར༔ པད་འབྱུང་སྙན་ཤལ་དར་དཔྱངས་སུས་ཕུལ་བ༔ ལྷ་སྙན་དར་བུ་ཁས་ལ་གསང་བར་འགྱུར༔ པད་འབྱུང་ཤངས་ལ་དྲི་ཞིམ་རྒྱུན་མཆོད་པ༔ དྲི་ཞིམ་ངད་ལྡན་རྒྱུན་ལ་གནས་པར་འགྱུར༔ པད་འབྱུང་ཚེམས་ལ་དཀར་མདངས་སུས་བཏོན་པ༔ འཁོར་བ་དུག་གསུམ་རྩད་ནས་ཆོད་པར་འགྱུར༔ པད་འབྱུང་ལྗགས་ལ་རོ་མཆོག་སུས་ཕུལ་བ༔ ཐམས་ཅད་སྒྲོལ་བྱེད་ལྗགས་དང་ལྡན་པར་འགྱུར༔ པད་འབྱུང་སྐུ་ཚབ་རབ་གནས་སུས་སྦྱོར་བ༔ དམག་འཁྲུག་མུ་གེ་ནད་ཡམས་ཞི་བར་འགྱུར༔ པད་འབྱུང་སྐུ་ཚབ་རྟེན་བཤད་སུས་བྱས་པ༔ སེམས་བསྐྱེད་ཏིང་ངེ་འཛིན་ལ་གནས་པར་འགྱུར༔ དེ་ལྟར་གཞན་ལ་སྐུལ་བྱེད་སུས་འདེབས་པ༔ འགྲོ་བ་མང་པོའི་ལས་སྒྲིབ་དག་པར་འགྱུར༔ སྐྱེ་དགུའི་ཚེ་འཕེལ་པད་འབྱུང་སྐུ་འདྲ་འདི༔ ང་ཡི་ཐུགས་ལས་ཡེ་ཤེས་འོད་འཕྲོས་ནས༔ མ་འོངས་མོས་པའི་རྟེན་དུ་གཏད་པ་ཡིན༔ འདོད་དགུ་འབྱུང་བའི་ཡིད་བཞིན་ནོར་བུ་འདྲ༔ དམངས་པོ་བུ་མེད་ང་ལ་གསོལ་བ་ཐོབ༔ ལུས་སེམས་དཔང་ཚུགས་རྐང་པས་བསྐོར་བ་གྱིས༔ ལོག་འདྲེན་བར་གཅོད་དཔག་ཚད་རྒྱང་གྲགས་འབྲོས༔ ཡིད་འོང་ཉམས་དགའི་དངོས་པོ་པང་དུ་སྐྱེ༔ དབུལ་པོ་ནོར་མེད་ང་ལ་གསོལ་བ་ཐོབ༔ གསང་སྔགས་གསུང་རབ་པད་འབྱུང་བཀོད་པ་ལས༔ རོ་འབྱུང་བཅུད་བསྡུས་དོན་ལ་ཐིམ་པར་སྒོམས༔ འཇིག་རྟེན་ཟང་ཟིང་ནོར་གྱིས་ལག་མི་འབོར༔ དོན་དང་མི་ལྡན་ང་ལ་གསོལ་བ་ཐོབ༔ རིག་པའི་སེམས་ལ་འཁོར་བའི་སྐྱོན་མེད་དེ༔ ནོར་བུ་རིན་ཅེན་རང་ལ་ཡོད་མོད་ཀྱང་༔ བཀུར་སྟི་རིམ་གྲོ་མཆོད་པ་མ་བྱས་པས༔ འདོད་པའི་ཡོན་ཏན་གང་ཡང་འཕེལ་མ་གྱུར༔ སྨོན་ལམ་གང་བཏབ་དེ་ཡིས་དེ་ཐོབ་བྱེད༔ གསོལ་བཏབ་པད་འབྱུང་ང་ལས་དགོས་འདོད་འབྱུང་༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སྐུ་ཚབ་ལ་གསོལ་བ་བཏབ་པའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བརྒྱ་ཐམ་པའོ༔ ༔
༡༠༡། རྗེས་འཇུག་བདེ་སྟོང་ལ་སྤྱོད་པ།
ལུས་ཕུང་བདེ་བའི་མེ་ཏོག་གང་ཕུལ་བ༔ བདེ་སྟོང་གཉིས་མེད་བསྒོམ་པའི་པད་འབྱུང་སྐུ༔ གཡོ་འཁྲུག་མེད་པའི་བདེ་སྟེར་ལྷ་མོ་ཁྱོད༔ རང་བཞིན་མེད་པར་རང་ལུས་ཡབ་ཡུམ་གསལ༔ འཁོར་བ་མི་བདེའི་སྡུག་བསྔལ་བྱུང་ཚོར་ལ༔ སྡུག་བསྔལ་ཤེས་པས་བདེ་བ་བཙལ་དུ་ཡོད༔ ལམ་ལ་གསལ་ཡོད་འབྲས་བུ་བསྒྲུབ་ཏུ་ཡོད༔ གསང་སྔགས་ཡོན་ཏན་ཐམས་ཅད་དེ་ལས་འབྱུང་༔ བཟོད་པའི་བསྲན་ཅན་གཉེན་པོ་གང་བསྟེན་པ༔ དོན་གཉིས་མཐར་ཕྱིན་ཚོགས་གཉིས་རྫོགས་རེ་སྐན༔ འཁྲུལ་པའི་བློ་ཡིས་འཁོར་བའི་ས་བོན་འདེབས༔ ཕྱིན་ཅི་ལོག་སྤྱོད་ལས་སྤྱོད་ཀུན་སྤངས་ནས༔ དགའ་བའི་མདངས་ཕྱུང་སྙན་པའི་གསུང་བསྒྲགས་ཀུན༔ སྨིན་ཅིང་དྲོད་འབེབས་འཇུ་དང་བསྲེག་ཅིང་དཀྲུག༔ གསོ་བསྐྱེད་བརྟན་དང་མཐའ་ལ་སྟོབས་པར་བྱེད༔ ཡོན་ཏན་ཟག་མེད་སྟོང་པ་ཉིད་དུ་གསལ༔ བརྩོན་འགྲུས་གཡེལ་མེད་བཏང་སྙོམས་ལེ་ལོ་མེད༔ འདོད་ཆགས་ལས་ཀྱི་དུག་མཚོ་ཁོལ་མའི་ནང་༔ སྟོང་ཉིད་ཡེ་ཤེས་བདེ་བ་རྙེད་པར་འགྱུར༔ ཆགས་མེད་སྦྱིན་པ་ཡོངས་སུ་བཏང་དུ་ཡོད༔ འགྲོ་དོན་མ་འགགས་རྣམ་ཀུན་ལམ་བགྲོད་འགྲོ༔ ཐབས་ཆེན་སྟོབས་ཀྱིས་བླ་མེད་དོན་ཐོབ་ནས༔ དབྱིངས་ལ་རོལ་ཞིང་ཐབས་ཀྱིས་གང་འདུལ་བ༔ མཚན་མ་ཐམས་ཅད་ཤེས་རབ་ཉིད་ལ་གསལ༔ དེ་ཕྱིར་གསང་སྔགས་བླ་མེད་སྤྱོད་ལ་ཕུལ༔ གང་ལ་རང་བཞིན་མེད་པའི་དོན་ཤེས་ལ༔ ཉེས་སྤངས་ལས་སྤྱོད་འབྲས་བུ་དེ་ཉིད་དོ༔ སྤྱོད་ཡུལ་སྦྱོར་སྒྲོལ་མཚན་མེད་འཁོར་ལོས་སྒྱུར༔ བླ་མེད་རྫོགས་པའི་འབྲས་བུ་དེ་ལ་ཕུལ༔ སྤུངས་ཆུང་ཉོན་མོངས་ལྔ་ཡིས་དབང་བྱས་ལ༔ བདེ་སྟོང་ཐབས་ཀྱིས་ལོག་པ་ཟིལ་གྱིས་ནོན༔ དབང་རྒྱ་མ་ཆད་ལས་རྒྱ་སྦྱོར་སྒྲོལ་རིག༔ སྒྲོ་སྐུར་ཐམས་ཅད་ཡོན་ཏན་འབྱུང་ལ་ཕུལ༔ ཤེས་རབ་དད་སྟོབས་ལྡན་པའི་སྐྱེས་བུ་ལ༔ འདི་ལྟར་ཅི་ཡང་མེད་པར་གཏོང་ཤེས་ན༔ སྙིང་པོ་འོད་ཟེར་རང་ལ་ཤར་བ་བཞིན༔ རང་རིག་རྩལ་གྱི་བོགས་ཐོན་དེ་ལ་ཕུལ༔ བདེ་ཆེན་རྣམ་དག་འབྲས་བུའི་དྲོད་ཚད་རྙེད༔ དཀའ་བ་སྣ་ཚོགས་སྟོབས་ཀྱིས་དོན་ཆེད་དུ༔ གཉིས་མཐར་མ་ལྷུང་ཀློང་དུ་ཡེ་སངས་རྒྱས༔ ཤོང་ཡངས་དགོས་མེད་བརྡུལ་ཞུགས་ཅན་ལ་ཕུལ༔ པད་འབྱུང་བརྒྱུད་འཛིན་ཁྱད་པར་མི་ཡི་མཆོག༔ ཅི་མཛད་ཐབས་མཁས་འགྲོ་བ་འདྲེན་པའི་དཔལ༔ བཅིངས་དགྲོལ་སྦྱོར་བས་མཚན་མའི་དྲོད་ཚད་རྙེད༔ མྱ་ངན་འདས་པ་ཕྱིར་མི་ལྡོག་ལ་ཕུལ༔ དུག་ལྟའི་ནད་སེལ་སྐྱེས་བུ་སྨན་པའི་མཆོག༔ ཐིག་ལེ་བདེ་ཆེན་ཀློང་དུ་ཡེ་སངས་རྒྱས༔ མ་རིག་མུན་སེལ་སྣང་གསལ་སྒྲོན་མེའི་འོད༔ མཛེས་པའི་ཆ་ལུགས་བསྟན་གཉིས་མཐུན་ལ་ཕུལ༔ རྒོལ་བ་ཚར་གཅོད་སྨྲ་བའི་སེང་གེའི་སྒྲ༔ བྱེད་པའི་སྟོབས་ལྡན་ཁྱུ་མཆོག་རླབས་པོ་ཆེ༔ ཉི་ཟླའི་ཞལ་ནི་ཀུན་ལ་མཛེས་པར་སྟོན༔ བདེན་པའི་ཚིག་ནི་རང་བཞིན་མེད་པར་སྒྲོག༔ ཡེ་དག་ཐུགས་ཉིད་ཆུ་ཟླ་བཞིན་དུ་གསལ༔ དོགས་པའི་སྐྱོན་མེད་ཡོན་ཏན་རྫོགས་ལ་ཕུལ༔ མུན་པའི་གླིང་འཇོམས་སྒྲོན་མ་གསལ་བའི་འོད༔ ཏིང་འཛིན་བརྒྱ་བཅུ་བསམ་གཏན་བྱམས་སྙོམས་ལྡན༔ ནམ་མཁའི་ཀློང་བཞིན་ཁྱབ་གདལ་ཟག་མེད་ཐུགས༔ མཁྱེན་པའི་ཡེ་ཤེས་ཉི་ཟླ་གསལ་བའི་འོད༔ ཞིང་མཆོག་དེ་འདྲ་མི་གཟུགས་བྱོན་ལ་ཕུལ༔ བདེ་སྟོང་གསང་སྔགས་བརྒྱུད་པ་དེ་ཡིས་འཛིན༔ ནམ་མཁའི་དབྱིངས་དང་རྒྱ་མཚོའི་ཚུལ་བཞིན་དུ༔ གཏིང་དཔག་བརྟག་དཀའ་ཤིན་ཏུ་ཚོད་མི་ཟིན༔ སྐལ་ལྡན་སྣོད་བཟང་སྦྱངས་པའི་ལས་འཕྲོ་ཅན༔ འདི་ཐོས་འདི་ཡི་ཡོན་ཏན་ལ་སྤྱད་ནས༔ བྱི་དོར་དག་ཅིང་གཙང་མའི་དངོས་གྲུབ་གཏེར༔ ཆེ་བའི་ཡོན་ཏན་ཁྱད་པར་འཕགས་ལ་ཕུལ༔ ཨུརྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ རྗེས་འཇུག་བདེ་སྟོང་ལ་སྤྱོད་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོ༔ ༔
100༽སྐུ་ཚབ་ལ་གསོལ་བ་བཏབ་པའི་ཕན་ཡོན་བསྟན་པའི་ལེའུ།
101༽རྗེས་འཇུག་བདེ་སྟོང་ལ་སྤྱོད་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
༡༠༡། རྗེས་འཇུག་བདེ་སྟོང་ལ་སྤྱོད་པ།
བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།
〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』
〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗
མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】
ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད། གང་ཞེ་ན། འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད། དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།
གསལ་བཤད།
སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ། ཡུལ་ལུང་གོམས་སྤྱོད་ངོ་སྤྲོད། ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར། ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།
འཕྲིན་སྟེགས་གཙོ་སྐྱོང་པས།
སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ། མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།
版权为原著所有,著有侵犯到您的权益,请您与我们联系,我们将立即删除
སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️
རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】
ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽
ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།
ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།
རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།
སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽
མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ།
རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།
སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།
བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽
དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽
བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』
དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག
མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།
འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽