查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་ཡིག102-103

关注👉🏼⏯ 藏家韵味 2021-07-10



1002༽སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ།



103སྐལ་ལྡན་བུད་མེད་གསུམ་ལ་ཞལ་གདམས་གསུངས་པའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༡༠༢། སྐྱེ་བདུན་ཤའི་ཕན་ཡོན་བསྟན་པ།

དེ་ནས་ནང་པར་སྒྲུབ་པ་ཐོན་པའི་ཚེ༔ སློབ་དཔོན་ཞལ་ནས་ལྷ་སྲས་བཙན་པོ་ལགས༔ རྒྱལ་སྲས་ལྷ་རྗེ་སྔོན་དུ་ཁྲིད་ཤོག་གསུངས༔ སྲས་འདི་སྐྱེ་བ་ཡང་སྔ་ད་བར་དུ༔ བདག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་གསུངས༔ ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང་༔ ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་༔ བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པ༔ རྩིས་སྨན་ཀུན་གྱི་བདག་པོ་འདི་ཡིན་པས༔ ཡར་ཀླུངས་གཏེར་ཀ་འདི་ལ་གཏད་དོ་གསུངས༔ གསང་མཚན་སྔགས་པ་མཆོག་གྲུབ་རྒྱལ་པོར་གསོལ༔ བཟང་སེམས་ཆེ་ཞིང་ཀུན་ལ་བྱམས་པའི་བུ༔ དུག་ལྔ་མི་རགས་འཁོར་བར་མི་རྒྱུ་ཡང་༔ བསྟན་གཉིས་གུས་ཤིང་འགྲོ་ལ་བརྩེ་བའི་ཕྱིར༔ ང་དང་གདན་འཛོམ་ལུང་ནི་ཡང་ཡང་བསྟན༔ ཆོས་ལས་འདས་པ་ངེས་པའི་དོན་འདི་གསུངས༔ དེ་ནས་སངས་རྒྱས་མཛད་སྲོལ་མཁྱེན་པར་མཛོད༔ སྟོབས་མེད་མུན་པ་ནང་གི་མཛུབ་གཡུགས་བཞིན༔ ཕལ་པ་རྣམས་ཀྱང་འགྲོ་དོན་བྱ་བློ་རྩོམ༔ བསྟན་པ་བྱེར་ཟུག་སྐབས་སུ་ངའི་སྤྲུལ་པ༔ ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་རྗེས་བཟུང་༔ སེམས་ཅན་གང་གི་དོན་བྱེད་མ་འོངས་དུས༔ དེ་བ་ཨ་ཀར་ཙནྡྲ་རི་རྒྱལ་གླིང་༔ དེ་ནས་ཚེ་འཕོས་ཡིད་གཉིས་ཆ་མ་མཆིས༔ ཕྱི་རབས་འབྱུང་འགྱུར་སངས་རྒྱས་བླ་མ་སྟེ༔ དེ་ནས་ཚེ་འཕོས་རྒྱ་ཡི་ལོ་ཙཱ་ཞེས༔ དེ་ནས་ཉི་མ་སེང་གེ་སྟོད་གཏེར་དབང་༔ གཤེད་མ་བརྒྱ་ཡིས་མཐའ་བསྐོར་ཉམ་མི་ང་༔ གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱུང་༔ འཇམ་པའི་གོས་གྱོན་སྔོ་སྨིན་གསེབ་ཕྱིན་བཞིན༔ མ་རིག་འཁྲུལ་བའི་སེམས་ཅན་གདུལ་དཀའ་བའི༔ འགྲོ་བ་མང་པོ་སངས་རྒྱས་ཞིང་དུ་ཁྲིད༔ སྙན་པས་ས་སྟེང་ཐམས་ཅད་ཁྱབ་པར་འགྱུར༔ སྐྱེ་བ་གཅིག་ནི་བོད་ཡུལ་གྲ་ནུབ་མདའ༔ རྒྱལ་སྲས་ལུང་པ་འདི་ནས་ནུབ་ཏུ་སྐྱེ༔ སྔགས་པ་མཐུ་མཁན་སྔགས་རྩིས་སྨན་སྐྱོང་རིགས༔ ཆོས་དབྱིངས་མདངས་ཅན་ཡེ་ཤེས་ཁ་དོག་ཅན༔ ཡར་རྗེ་ཨུ་རྒྱན་གླིང་པ་ཞེས་བྱ་བ༔ མེ་ཁམས་ཆུ་མོ་ཕག་གམ་ཁྱི་ལོ་པ༔ སྤྲུལ་པའི་སྲས་འདི་འདམ་སྐྱེས་པདྨ་འདྲ༔ ཕ་ཤི་མས་བོར་དམྱལ་བའི་སེམས་ཅན་འདྲ༔ ལྟོ་གོས་མ་ཁྱོགས་ཡི་དྭགས་ལམ་ཟན་འདྲ༔ བཀོལ་སྤྱོད་མི་ཁེངས་བསམ་མེད་དུད་འགྲོ་འདྲ༔ གང་ཉེ་ངོ་ཚ་མཛེ་ཕོ་ཁྱུ་བུད་འདྲ༔ མི་ལ་བདག་མེད་རི་ཤོ་ང་ཁྱེར་འདྲ༔ མཉམ་པོས་ཁྱད་གསོད་ཁ་ཉེན་ལྷ་མིན་འདྲ༔ བསོད་ནམས་ཆུང་ཞིང་སྙིང་རུས་སྡུག་སྲན་ཅན༔ བརྩོན་འགྲུས་ཤེས་རབ་ཆེ་ཞིང་ཆགས་སེམས་ཆུང་༔ ང་ལ་མོས་ཤིང་འགྲོ་ལ་ཕན་སེམས་ཆེ༔ དད་པ་ཆེ་ཞིང་བློ་བརྟན་སྤོབས་པ་མཐོ༔ དུག་ལྔ་མི་རགས་སྒྲུབ་ལ་རབ་ཏུ་བརྩོན༔ བློ་གསལ་རྟོགས་པ་མཐོ་ཞིང་རྒྱུ་འབྲས་ཞིབ༔ ཞི་དུལ་ཆེ་ཞིང་མདོ་སྔགས་ཆོས་རྒྱུས་ཆེ༔ སྐྱོ་ཤས་ཆེ་ཞིང་སྤྱོད་ལམ་གཞན་མི་བསྲེ༔ བློ་སྣ་ཐུང་ཞིང་སེམས་དཔངས་རིག་པ་གཡེལ༔ མདོག་དཀར་དྲི་ཞིམ་བལྟ་སྡུག་ཁྲོ་བོའི་དབྱིབས༔ གཟུགས་མཛེས་བོངས་འཚམ་ལྕེ་རིང་གདོང་བར་ཚུགས༔ མང་ཚོགས་གསེབ་ཏུ་གཟི་མདངས་གཞན་ལས་ཆེ༔ སྐྱེ་མཆེད་དངས་ཤིང་ཆོས་ཕྱིར་དཀའ་སྤྱད་ནུས༔ སྤྲུལ་པའི་སྐུ་མཆོག་ཉ་རྒྱས་ཟླ་བ་འདྲ༔ གཏེར་ཀ་ཉེར་བརྒྱད་གཞན་ཡང་འབྱེད་པར་འགྱུར༔ དེ་དུས་བསྲུང་བའི་དམ་ཚིག་འདི་ཡང་གནད༔ ཕ་ཡུལ་མ་སྡོད་བུ་ལོན་སྐྱེད་མ་སྤེལ༔ དགོས་དུས་མི་བསྟོངས་གཉེན་ཚན་དགྲ་ཡིན་པས༔ ལོང་བའི་མིག་བཞིན་མི་མཐོང་ཡུལ་དུ་གྱིས༔ དགྲ་ཡ་མ་སྲོང་གཉེན་ལ་སྐྱོང་མ་བྱེད༔ རྨོ་རྐོ་མ་བྱེད་ཚོང་ཁེ་འཕྲོག་མ་བསྟེན༔ གྲོང་ཆོག་མ་བྱེད་སྔས་སྲུང་སྲི་མ་གསོ༔ ཆོས་ལུགས་མི་མཐུན་པ་དང་གྲོགས་མ་འགྲོགས༔ འགལ་རྐྱེན་བྱེད་པའི་བུད་མེད་རྩར་མ་བསྟེན༔ ཉིན་པར་མང་གསེབ་བག་མེད་ཆང་མ་འཐུངས༔ སྲོད་འགྲོས་ཐོ་རངས་མ་འགྲིམས་རྐང་མ་ཡང་༔ མངོན་མཚན་མ་ཆེ་གཏེར་འདྲ་སློབ་མ་སྟེན༔ ཆོས་ཀྱི་ཁ་འཛིན་མ་བྱེད་མཐུ་མ་ངོམ༔ སྤྱོད་ལམ་ཤུགས་འགོ་ཐ་མལ་གསེབ་མ་སྡོད༔ རི་དྭགས་བཞིན་དུ་རི་སུལ་བཙན་སར་སྡོད༔ མི་ཚེ་ཆོས་དྲིལ་ཚེ་འདིའི་འཁྲི་བ་ཆོད༔ སུ་ངོ་ཆེ་ཡང་མ་སྲུང་སྟབས་མ་བཏང་༔ ཏུག་ཏུག་མ་བྱེད་སྙུགས་བསྲིངས་ཆམ་མེར་ཞོག༔ རྒྱབ་རྟེན་སྲུང་མ་མཐུ་དང་ཆོས་ལ་གྱིས༔ ཚེས་བཅུ་བྱུང་རེས་ང་ཉིད་བོད་དུ་འོང་༔ རླུང་ཁྱེར་རྫས་བཞིན་ཅི་ཡོད་ཚོགས་སུ་བསྐོར༔ མི་རྗེས་མི་སློབ་ཆོས་བརྒྱུད་མི་འཛིན་པས༔ བུ་ཚ་ཡོད་ཀྱང་རང་ཕུང་མིས་འཕྱ་བས༔ ཞྭ་འཕྱེའི་མི་བཞིན་འགྲོ་འདུག་ཉུང་ངུ་གྱིས༔ མི་མཛའ་མཐོ་འགྲོགས་བར་ཆད་ལོགས་ན་མེད༔ ཕུང་འདྲེའི་ནང་དབྱེན་གར་ཡོད་ཆ་མེད་པས༔ ལྐུགས་པའི་ཁ་བཞིན་སྨྲ་བ་ཉུང་ངུ་གྱིས༔ བྱ་བྱེད་སྤྱོད་པ་འདུན་མ་མ་མཁས་ན༔ དགྲ་རུ་སུ་འོང་མི་ཤེས་སྲིད་དེ་འོང་༔ ཁ་ཉེན་མི་བཞིན་སྡོད་ལུགས་མཁས་སུ་གྱིས༔ མི་ཡི་བརྒྱུད་རིགས་མ་བརྟགས་བློ་མ་གཏོད༔ མ་བཅོལ་རྟོག་ཅན་མ་ཆེ་བཞག་སར་སྡོད༔ ཆེ་གཏོར་བྲོད་ཁར་མ་ཉན་སླུ་བ་འོང་༔ ཕ་བོང་བཞིན་དུ་སྒྱུར་ཁ་ལྗི་རུ་གྱིས༔ ཁྱོད་ཀྱི་གདུང་བརྒྱུད་བརྒྱ་དང་ཉེར་གཅིག་པར༔ ཆོས་མ་བྱས་ཀྱང་སངས་རྒྱས་ཚེ་ཚོམ་མེད༔ ཅེས་གསུངས་བཀའ་གཏད་གཟེངས་བསྟོད་ལུང་བསྟན་པས༔ རྒྱལ་སྲས་ལྷ་རྗེས་མང་དུ་བཤུམས་ཏེ་བརྒྱལ༔ ཡུན་ཅིག་དྲན་པ་རྙེད་ནས་ཕྱག་བཙལ་ཏེ༔ འཁོར་བའི་སྡུག་བསྔལ་དེ་ཙམ་དང་ལེན་པས༔ སྐྱེ་བ་འདི་ཡིས་ཆོད་པར་ཐུགས་རྗེས་ཟུངས༔ ཞེས་གསོལ་ཡབ་ཡུམ་སྲས་གསུམ་ཕྱག་བཙལ་བས༔ སློབ་དཔོན་པདྨའི་ཞལ་ནས་འདི་སྐད་གསུངས༔ ཁྱོད་ཀྱིས་ང་ལ་སེམས་བསྐྱེད་ཉམས་འཇུག་གམ༔ མི་དགའ་མི་དགོས་དམྱལ་བ་ངོ་མཚར་ཆེ༔ སངས་རྒྱས་ཀུན་གྱི་བླ་མ་དམྱལ་བ་ཡིན༔ བསྟན་པའི་བདག་པོ་ཤཱཀྱ་ཐུབ་པས་ཀྱང་༔ དག་པའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་༔ མ་དག་སྐྱེ་བ་ལྔ་བརྒྱ་བླངས་ཚུལ་བསྟན༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་ཀྱང་༔ འཁོར་བ་མ་སྟོངས་བར་དུ་སེམས་བསྐྱེད་ནས༔ སེམས་བསྐྱེད་ཉམས་པས་དབུ་ཚལ་སྟོང་དུ་གས༔ འོད་དཔག་མེད་པས་བཅུ་གཅིག་ཞལ་བྱིན་བརླབས༔ སངས་རྒྱས་བྱང་ཆུབ་སེམས་དཔའི་མཛད་པ་ནི༔ རང་གི་འདུག་སར་ཞི་བདེ་མི་སྒྲུབ་ཅིང་༔ འགྲོ་བ་མང་པོའི་དོན་དུ་དཀའ་བ་སྤྱད༔ ཐུབ་པའི་སྐྱེས་རབས་པད་འབྱུང་རྣམ་ཐར་ལྟོས༔ སེམས་ཅན་ཐུགས་རྗེས་མི་འཛིན་བློས་གཏོང་ངམ༔ དད་པ་ཚོལ་ཕྱིར་སྡུག་བསྔལ་བཟོད་པར་གྱིས༔ མི་མཇེད་འཇིག་རྟེན་བྱེ་བ་ཕྲག་ས་ཡའི༔ ཞིང་ཁམས་ཀུན་ཏུ་མཆོག་གྲུབ་དེ་བཞིན་ནོ༔ ལེགས་སོ་ལེགས་སོ་ཡེ་ཤེས་མཆོག་གྲུབ་རྒྱལ༔ ཀུན་དང་ཡིད་མཐུན་འགྲོ་ཀུན་བསམ་པ་འགྲུབ༔ སྐྱེ་བ་མི་བགྲང་མངོན་པར་རྫོགས་འཚང་རྒྱ༔ དེ་དུས་སེམས་ཅན་ལས་འཕྲོ་བཟང་པོ་རྣམས༔ སྲིད་པ་མི་ཡི་བུ་རུ་སྐྱེས་པ་ལ༔ ཨུ་རྒྱན་ངས་ཀྱང་ཕྱིར་མི་ལྡོག་ལུང་བསྟན༔ ཞིང་ཁམས་འདི་ཡི་སྐྱེས་རབས་མང་ན་ཡང་༔ བོད་དུ་འབྱུང་ཚུལ་ཟུར་ཙམ་བསྟན་པ་ཡིན༔ རྒྱལ་སྲས་ཕུང་པོ་འདི་ཡང་དོན་ཆེན་ཏེ༔ དབང་པོ་ལྔ་དང་ཟག་ཆུ་ཤ་ཁྲག་རུས༔ ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ དམངས་པོའི་ལྟོར་སོར་མི་ཡི་དངོས་གྲུབ་འབྱུང་༔ དབུལ་པོའི་ལྟོར་སོང་ཟས་ནོར་དངོས་གྲུབ་འབྱུང་༔ འཆི་འགྲོའི་ལྟོར་སོང་ཚེ་ཡི་དངོས་གྲུབ་འབྱུང་༔ དད་ཅན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་འབྱུང་༔ དེ་ལ་སོགས་པའི་ཡོན་ཏན་མང་ཡོད་ཀྱང་༔ ལོག་ལྟ་ཅན་གྱིས་ཡོན་ཏན་སྐྱོན་དུ་མཐོང་༔ དེ་ཡང་འབྲེལ་པ་སྣ་གཅིག་ཐོགས་པ་ཡིས༔ སྒྲིབ་པ་དག་སྟེ་ཆོས་ཀྱི་ལས་སད་འགྱུར༔ དེ་ཕྱིར་མཆོག་གྲུབ་སྐྱེ་བ་བཅུ་གསུམ་པར༔ མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེ༔ གྲིབ་མས་རེག་གམ་ཏིལ་འབྲུ་ཙམ་ཞིག་ཉེ༔ ངན་སོང་འགྲོ་ངེས་ཤེས་ཀྱང་མཐོ་རིས་སྐྱེ༔ དགེ་རྒྱུ་ཉུང་འབྲུ་ཙམ་ཞིག་ས་བོན་ཐེབས༔ དྲང་སྲོང་གཟའ་ནད་གདོན་བགེགས་འབྱུང་པོའི་ནད༔ འདྲེ་ཡི་གཙེར་བ་རྣམས་ཀྱང་སྒྲིབ་པར་འགྱུར༔ མཚམས་མེད་ལྔ་སྤྱད་ལྟོར་སོང་རིག་འཛིན་གྲལ༔ ལས་ཀྱིས་དུད་འགྲོའི་ལུས་སུ་སྐྱེས་གྱུར་ཀྱང་༔ ཡུལ་བདག་བྱམས་ཤིང་བརྡུང་བཙོག་མེད་པར་འགྱུར༔ དེ་སོགས་ཡོན་ཏན་མང་ཡོད་ཟུར་ཙམ་ཡིན༔ ད་ལྟའི་ཡེ་ཤེས་མཆོག་གྲུབ་རྒྱལ་པོ་ཁྱོད༔ བཅོ་ལྔའི་ལོ་ལ་ཚེ་དུས་བྱེད་པའི་ཚེ༔ ཕུང་པོ་འདི་ཉིད་གཏེར་དུ་སྦོས་ཤིག་གསུངས༔ འདི་ཉིད་ས་ཡི་སྟེང་དུ་ཐོན་པའི་ཚེ༔ བསོད་ནམས་ཆུང་བའི་དུད་འགྲོ་ཡིན་ཀྱང་རུང་༔ མི་ཚེ་སྡིག་བསྒྲིལ་བཤན་པ་ཡིན་ཀྱང་རུང་༔ སྐྱེ་བ་དམན་པའི་བུད་མེད་ཡིན་ཀྱང་རུང་༔ ལས་ཀྱི་འཕྲོ་མེད་མི་ལུས་ཙམ་ཡང་རུང་༔ ཆུ་ལ་གནས་པའི་སེམས་ཅན་ཡིན་ཀྱང་རུང་༔ མཁའ་ལ་གནས་པའི་འདབས་ཆགས་ཡིན་ཀྱང་རུང་༔ སྡིག་པ་དག་ཅིང་མི་ལུས་གཙང་མ་འཐོབ༔ དད་དང་ཤེས་རབ་བརྩོན་འགྲུས་སྤོབས་པ་འབྱུང་༔ སྐྱེ་བདུན་ཤ་ཡིས་འདུལ་བའི་དུས་ཚོད་ཀྱང་༔ སངས་རྒྱས་བསྟན་པ་ལྔ་བརྒྱ་ཕྲག་གསུམ་ནུབ༔ དུས་མ་འགྱུར་ཏེ་ས་སྟེང་མི་སྤྱོད་འགྱུར༔ རྒྱལ་ཁྲིམས་ཞིག་པས་བོད་ཁྲིམས་རྒྱ་ཆེ་ཆད༔ སི་ལུ་ནི་ལུར་སོང་ནས་འཁྲུག་འཐབ་བྱེད༔ ཁྱད་པར་ཉོན་མོངས་དུག་ལྔ་རང་དགར་སྤྱོད༔ ཐམས་ཅད་འཁྲུགས་ནས་མཚོན་གྱི་བསྐལ་པ་དར༔ རྟགས་ཙམ་འཛིན་གྱི་བསྟན་པའི་མགོར་ཉེ་སྟེ༔ བཙུན་པ་ཁྲིམས་མེད་སྡོམ་པ་རྒྱབ་ཏུ་བོར༔ བུ་སྤྲུག་མདུན་དུ་བླངས་ནས་སྔགས་པ་ཟེར༔ སྔགས་པས་མགོ་སྤུ་བྲེགས་ནས་བཙུན་ཆས་བྱེད༔ དགེ་བཤེས་ཧོར་ལས་གྲི་མདུང་དམག་དཔོན་བྱེད༔ གཏམ་དུ་དམག་ལབ་གོས་སུ་གོ་མཚོན་གྱོན༔ ལས་སུ་རྫོང་རྩིག་ནོར་དུ་སྡིག་པ་གསོག༔ ལྷ་ཆོས་མི་བྱེད་སྡིག་པ་མཆོར་དུ་བྱེད༔ དམག་དང་མུ་གེ་ནད་ཡམས་དུས་གཅིག་འབྱུང་༔ བཀའ་ཁྲིམས་ཞིག་པས་འདུན་མ་བུད་མེད་བཟང་༔ མཚོན་ཁ་ནང་བསྟན་སྤྱི་འདུན་ཆེན་མོ་ཞིག༔ ཤེས་པ་ཕྱིར་ལོག་གསལ་བས་གླིང་ལོག་འབྱུང་༔ གནག་པའི་ལས་དུབ་ལུས་སེམས་གཉིས་ཀ་བྲེལ༔ གནས་གཞི་ལྷ་ཁང་བཤུས་ནས་རྫོང་ལ་འགེབས༔ རིགས་མི་མཐུན་པ་ཀུན་དང་འགྲོགས་དགོས་འབྱུང་༔ སྐྱེ་འགྲོ་མི་བཟོད་ཟུག་རྔུ་སུས་མི་ཟློག༔ ལས་སུ་ཤེས་པའི་སེམས་ཅན་ཨ་རེ་སྡུག༔ གཏེར་ལ་མོས་ཤིང་འདྲི་བ་མང་དུ་འབྱུང་༔ དེ་དུས་སྐྱེ་བདུན་ཤ་འདི་ལྟོར་སོང་བས༔ དུག་གསུམ་ནད་ཞི་བདུད་རྩིའི་མཆོག་ཏུ་གསུངས༔ ལྷ་སྲས་ཡབ་ཡུམ་སྲས་གསུམ་དགྱེས་པར་གྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོ༔ ༔


༠༣། སྐལ་ལྡན་བུད་མེད་གསུམ་ལ་ཞལ་གདམས་གསུངས་པ།


དེ་ནས་ངང་བྱུང་དཔལ་གྱི་རྒྱལ་མོ་བཙུན༔ ཐུགས་དམ་བཞེངས་པ་གཡུ་ཡི་ལྷ་ཁང་དུ༔ སློབ་དཔོན་སངས་རྒྱས་གཉིས་པ་སྤྱན་དྲངས་ནས༔ རིན་ཅེན་ཁྲི་ལ་དར་ཟབ་གབ་རྩེ་བརྩེགས༔ དགྱེས་པའི་འདོད་ཡོན་མང་པོ་ཞལ་དུ་དྲངས༔ གུས་པའི་ཕྱག་བཙལ་བཙུན་མོས་ཞུས་པ་ནི༔ བདག་ལ་ཚིག་ཉུང་དོན་ཆེ་ཉམས་ལེན་བདེ༔ འཇིག་རྟེན་མ་སྤངས་ཕྱི་མ་འཚང་རྒྱ་བའི༔ ཆོས་ཤིག་ཐུགས་ལ་འདོགས་པ་ཞུ་ཞུས་པས༔ སློབ་དཔོན་ངང་བྱུང་རྒྱལ་མོ་ཉོན་ཅིག་གསུངས༔ དང་པོར་མི་རྟག་པ་ནི་ནན་ཆེར་སྒོམས༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་རེམ་དུ་གྱིས༔ དེ་ནས་བླ་མ་རྣམས་ལ་གསོལ་བ་ཐོབ༔ དེ་དག་སྔོན་འགྲོ་ཡིན་པས་མེད་ཐབས་མེད༔ དེ་ནས་ལུས་ཀྱིས་མཉམ་གཞག་ལྟ་སྟངས་ཀྱིས༔ ཡུན་ཐུང་གྲངས་མང་ཁང་སྟོང་ཐིགས་པ་བཞིན༔ ལུས་སེམས་མ་བསྒྲིམས་ལྷོད་དེ་ཤིག་གེ་ཤོག༔ མ་གཞི་སྟོང་པ་ཉིད་ཀྱི་ཞི་གནས་སུ༔ རྣམ་རྟོག་མཐར་འདེད་སྟོང་སྐོར་རེམ་ལ་གྱིས༔ ཉམས་ལ་འདི་འབྱུང་བྱ་བ་མེད་དེ་འབྱུང་༔ བསྒོམ་ལ་མ་ཞེན་ཡང་ནས་ཡང་དུ་ཤིག༔ བཟང་རྟོག་ངན་རྟོག་གང་ཤར་གཅེར་གཅེར་ལྟོས༔ བུ་ལམ་རིག་པ་མ་ཚུགས་སྣ་ཚོགས་པ༔ སྐྱོན་དུ་མི་བལྟ་ཐུག་ཕྲད་ལམ་དུ་ཁྱེར༔ མ་བུ་གཉིས་མེད་ལྷག་མཐོང་འཇམ་སྐོར་དུ༔ ཚོགས་དྲུག་སྐྱར་ཐོན་སྣང་སྟོང་གཉིས་མེད་བསྲེས༔ དེ་དག་དངོས་གཞི་ཡིན་པས་མེད་ཐབས་མེད༔ སྒོམ་ཚེ་ཅི་ཡང་མེད་དེ་སྟོང་པ་ཡིན༔ ཡེངས་ན་སྣང་ཕྱིར་ཞེན་པ་འབྲངས་པས་འཁྲུལ༔ བརྟགས་ཤིང་དཔྱད་ནས་བླང་དོར་མེད་པར་སྐྱོངས༔ གང་བྱུང་གང་བབས་བདེ་བ་ཁོང་དུ་འབར༔ བསྒོམ་དུ་མེད་དེ་རྩལ་སྦྱངས་བསྟན་དུ་ཡོད༔ དེ་ནི་བྱས་ཤིང་གྲུབ་པ་མི་གདའ་སྟེ༔ ཡེ་ནས་ཐོག་མར་རང་ལ་གནས་པར་གདའ༔ དེའི་ངང་ཅི་བྱེད་སེམས་ཅན་དོན་དུ་གྱིས༔ བྱ་ཅ་ཆོས་སྤྱོད་རྒྱུན་མི་འཆད་པར་བསྟེན༔ སྒྲིབ་པ་དག་ནས་རྟོགས་པ་ངང་གིས་འཆར༔ གཞན་དོན་བསྔོ་བ་སྨོན་ལམ་རྒྱས་གདབ་བྱ༔ རྗེས་ཀྱི་བྱ་བ་ཡིན་པས་མེད་ཐབས་མེད༔ བྱིང་རྒོད་སྐྱོན་དུ་མ་བཏང་བློ་གཏད་གྱིས༔ ཚིག་ཉུང་དོན་ཆེ་སྦྱོར་དངོས་རྗེས་གསུམ་ཚང་༔ འདི་ཕྱི་གཉིས་དོན་བསྟན་པའི་ཉིང་ཁུ་ཡིན༔ ཞེས་གསུངས་ངང་བྱུང་རྒྱལ་མོ་གྲོལ་བར་གྱུར༔ དེ་ནས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ཏུ༔ མོན་གྱི་བུ་མོ་བཀྲ་ཤིས་ཁྱེ་འདྲེན་དང་༔ བདེ་ཆེན་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱིས༔ སློབ་དཔོན་སྤྱན་དྲངས་ཚོགས་འཁོར་བརྒྱ་རྩ་བསྐོར༔ རྗེ་ཉིད་སྲིན་པོའི་ཡུལ་དུ་བཞུད་ཙ་ན༔ བདག་ཅག་གཉིས་ནི་ཇི་ལྟར་བྱེད་ན་ཞུས༔ སློབ་དཔོན་ཞལ་ནས་འདི་ལྟར་གྱིས་ཤིག་གསུངས༔ ལུས་ངག་ཡིད་གསུམ་ཞེན་པ་ནང་དུ་ལོག༔ མི་མི་མགུ་ལ་རང་་སྡུག་སློབ་དཔོན་བཏང་༔ ཉམས་སུ་མི་ལེན་ཡིག་རིས་དཔེ་ཆ་བཏང་༔ འགྲན་སེམས་ཟག་པ་གསོག་པའི་འཁོར་སློབ་བཏང་༔ སེམས་དཀྲུག་དགྲ་སེམས་འཛིན་པའི་བུད་མེད་བཏང་༔ འཕྲལ་ཕུགས་གཉིས་ཀ་མི་ལྟར་ཞེན་པ་ལོག༔ མི་ཡི་གྲལ་ནས་ཅི་བུད་ཅི་དོན་གྱིས༔ ཡོངས་སུ་འཛིན་པ་ཁབ་སྐུད་ཅིག་མི་བྱ༔ ཕྱི་རུ་མཆོག་གསུམ་རྩ་བ་གསུམ་ལ་ཕུལ༔ ནང་དུ་ཞིང་ས་དག་ལ་བརྒྱ་འབུལ་གྱིས༔ བར་དུ་ཚོགས་ཀྱི་འཁོར་ལོ་ཅི་མང་བསྐོར༔ མ་ནུས་མ་ལྕོགས་སྙིང་རྗེའི་ཡུལ་ལ་བྱིན༔ འཁོར་བའི་སྡུག་བསྔལ་ཁམ་པོ་ཆེ་ལ་སོམས༔ བདུད་དབང་མ་གཏོང་གཞན་བསྐུལ་རང་ལ་ཐོབ༔ ཡིད་ནི་ནང་གསོད་ཞེན་པ་ཕྱི་ནས་ལྡོག༔ མགོ་ཐོན་བྱ་རྒྱུ་དམ་པའི་ཆོས་ལ་མེད༔ སུས་ཀྱང་མི་བསྟོངས་གཅིག་པུར་འགྲོ་བ་སོམས༔ ཤོམ་ར་བློ་སྣ་མ་མང་རི་ལ་བརྟེན༔ མཛའ་བཤེས་ཉེ་དུ་བྱ་ལས་ལྟོ་གོས་རྣམས༔ ཕྱི་ནང་བར་གསུམ་ཞེན་པ་ལོག་བྱས་ནས༔ ལྷག་ནོར་མེད་ཅིང་རང་འཚོ་གྱི་ནར་བརྟེན༔ མཛེ་ཕོ་བཞིན་དུ་དམའ་ས་བཟུང་ལ་སྒོམས༔ ཆོས་རྣམས་ཀུན་ལ་བློ་གཏད་མི་ཐུབ་པས༔ མཛའ་བོ་གཡོ་སྒྱུ་ཅན་གྱིས་བསླུས་པ་འདྲ༔ མ་ཤིའི་བར་དུ་དགོས་པ་མིན་པ་མེད༔ མི་དགོས་པ་ནི་གཅིག་ཀྱང་མི་འོང་བས༔ སེམས་ནི་སྤོས་རྒྱའི་རི་མོ་མཐའ་ལ་བརྡུགས༔ འཕོངས་རུལ་གདན་རྡོལ་ཤི་ཡང་རྫོགས་ཆེན་སྒོམས༔ ང་དང་གཏན་དུ་མཇལ་གྱིས་ཡི་མ་མུག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སྐལ་ལྡན་བུད་མེད་གསུམ་ལ་ཞལ་གདམས་གསུངས་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོ༔ ༔










བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存