查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་ཡིག104-105

关注👉🏼⏯ 藏家韵味 2021-07-10



1004༽སྲོག་བདག་གཟའ་ཀླུ་གསུམ་གྱི་མཚང་དྲིས་པའི་ལེའུ།



105མང་ཡུལ་གུང་ཐང་ལ་ཀར་སྔ་འགྲོས་བཏང་བའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༡༠༤། སྲོག་བདག་གཟའ་ཀླུ་གསུམ་གྱི་མཚང་དྲིས་པ།

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བསམ་འགྲུབ་ཤེལ་གྱི་བྲག་ཕུག་དགོངས་པར་བཞུགས༔ ཞག་གསུམ་སོང་བའི་ཕྱི་མའི་ནུབ་ཐོ་རངས༔ བསམ་ཡས་ལ་སོགས་བོད་ཀྱི་གཙུག་ལག་ཁང་༔ དཀོར་སྲུང་རྒྱལ་པོ་པེ་ཀར་ཞེས་ཀྱང་བྱ༔ དགེ་བསྙེན་ཆེན་པོ་རྒྱལ་པོ་ཤིང་བྱ་ཅན༔ བདུད་ཕོ་ཡབ་རྗེ་ནག་པོ་ཞེས་བྱ་བ༔ སེང་གེ་དཀར་མོ་ཞིག་ལ་ཞོན་ནས་སུ༔ གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ༔ གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་བརྒྱ༔ སླད་ཀྱི་རྗེས་མྱུལ་བནྡེ་ནག་པོ་བརྒྱ༔ སྔོན་གྱི་ཤུལ་སེལ་བུད་མེད་ནག་མོ་བརྒྱ༔ ཕྱི་ཡི་བློན་པོ་མོན་བུ་བྷཊ་བརྒྱ༔ ནང་གི་བློན་པོ་མོན་བུ་པུ་ཊ་བརྒྱ༔ སྐུ་ཡི་སྐྱོ་རོགས་འབག་སེང་གར་མཁན་བརྒྱ༔ སྤྲུལ་པ་ཡང་སྤྲུལ་སྤྲ་དང་སྤྲེའུ་བརྒྱ༔ སློབ་དཔོན་དྲུང་དུ་ཉམས་སད་བྱེད་དུ་བྱུང་༔ གནམ་རྡོ་ལུག་ཙམ་སྤྱི་བོའི་གཙུག་ཏུ་ཕབ༔ སློབ་དཔོན་བརྒྱལ་ཞིང་དལ་གྱིས་རྫས་རྣམས་དཀྲུགས༔ བརྒྱལ་སངས་ཙ་ན་ཏིང་ངེ་འཛིན་གྱིས་བཀུག༔ དགེ་བསྙེན་གཞོན་ནུ་མ་ཞིག་བཙངས་ཀྱིས་བྱུང་༔ ལག་ན་ཤེལ་ཕྲེང་ཐོགས་ནས་མདུན་ན་འདུག༔ སློབ་དཔོན་ཁྱོད་ནི་གནོད་སྦྱིན་རིགས་འདྲ་བ༔ དགེ་བསྙེན་ཚུལ་དུ་སྟོན་པ་སུ་ཡི་བུ༔ དགེ་བསྙེན་ན་རེ་ང་ནི་བདུད་ཀྱི་བུ༔ བདུད་ཀྱི་བུ་དང་དམ་ཚིག་བསྲེ་ནུས་སམ༔ སློབ་དཔོན་ཞལ་ནས་དམ་ཚིག་བསྲེ་ནུས་ན༔ ཁྱོད་ཀྱིས་སངས་རྒྱས་བསྟན་པ་བསྲུང་ནུས་སམ༔ པེ་ཀར་ན་རེ་མ་འོངས་བོད་ཁམས་ཀུན༔ ལྷ་ཁང་མཆོད་རྟེན་ང་ལ་གཏད་པ་ན༔ བསྟན་པ་བསྲུང་ནུས་མ་གཏད་གནོད་པ་བྱེད༔ ང་ནི་འཁུ་ཞིང་དམ་འདའ་ལྡོག་པར་འགྱུར༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་ལྷ་ཁང་མཆོད་རྟེན་བཞེངས་པ་རྣམས༔ སྐུ་གསུང་ཐུགས་རྟེན་པེ་ཀར་གཏོད་པར་བྱས༔ དགེ་བསྙེན་བསྟན་པ་བསྲུང་བར་ཁས་བླངས་སོ༔ སློབ་དཔོན་ངན་སྔགས་བརྒྱ་དང་རྩ་བརྒྱད་མཛད༔ ཁྱོད་ནི་དམ་ལས་འདའ་ན་ཇི་ལྟར་འོང་༔ འཁུ་དང་བཟློག་ན་ཇི་ལྟར་འོང་ཞེས་གསུངས༔ དགེ་བསྙེན་ཆེན་པོ་དེ་ཡི་ཞལ་ན་རེ༔ ང་འཁུ་བ་ལ་འཁུ་ལུགས་གསུམ་དུ་ཡོད༔ རྣལ་འབྱོར་པ་ཡི་ཆུང་མ་བུ་ཚར་འཁུ༔ ཞིང་ཁང་དུད་འགྲོ་ནོར་རྫས་ཀུན་ལ་འཁུ༔ ཉེ་འབྲེལ་འཁོར་གཡོག་ཡོན་བདག་རྣམས་ལ་འཁུ༔ རྣལ་འབྱོར་ཆུང་མ་བུ་ཚར་འཁུ་ཙ་ན༔ ཆུང་མ་སྨྱོ་དང་འབོག་དང་བརྒྱལ་དུ་འཇུག༔ དགྲ་དང་བྱི་བྱེད་ཕག་གཡོས་མང་དུ་འབྱུང་༔ དགྲ་བོར་སྤྲུལ་ཞིང་དགྲ་ཡུལ་འགྲོ་བ་དང་༔ རང་གི་དགྲ་དང་དགའ་འདུན་བྱས་ནས་འགྲུལ༔ ནང་མཚང་ཕྱིར་བླུག་གསང་གྲོས་གཞན་ལ་སྤེལ༔ སྙིང་གཏམ་དགྲར་འཆད་བར་གཅོད་གཡབ་གཡུགས་བྱེད༔ ལྷ་ཡིན་སྐད་ཟེར་འདྲེ་ཡིན་སྐད་ཟེར་འབབས༔ སྙིང་མི་དགའ་ཞིང་ངུ་སྙིང་འདོད་པ་དང་༔ བྲང་བརྡུང་འཐབ་དང་ལྕེབ་སྙིང་འདོད་པ་འབྱུང་༔ དེ་ནི་ཆུང་མ་དག་ལ་འཁུ་བའོ༔ བུ་ཚར་འཁུ་བ་བུ་ཚ་མི་སོས་ཤིང་༔ སོས་པ་སྨྱོ་དང་བརྒྱལ་དང་འབོག་པ་འབྱུང་༔ མགོ་ལོག་བྱེད་ཅིང་གཞན་དུ་འབྲོས་པ་དང་༔ བུ་ཚ་མང་པོ་འཆི་བ་བུ་ཚར་འཁུ༔ ཞིང་ཁང་ནོར་རྫས་རྣམས་ལ་འཁུ་བ་ནི༔ ཞིང་ལ་ལོ་མི་སྐྱེ་ཞིང་མི་ལ་འཆོར༔ དཔྱིད་ཀ་འབུ་འབྱུང་སྟོན་ཀ་སེར་བ་འབྱུང་༔ ཁང་པ་འཇིག་ཅིང་ཐོག་འཚེག་ཞིག་རལ་མང་༔ དུད་འགྲོར་རྐུན་མ་མང་ཞིང་གཅན་གཟན་འཁྱེར༔ རྨིག་ཟླུམ་ཁ་བྲག་དུས་གཅིག་འཆི་བར་བྱེད༔ ཟས་ནོར་བྱར་མི་བཏུབ་ན་ང་འཁུ་ཡིན༔ ཉེ་འབྲེལ་འཁོར་གཡོག་རྣམས་ལ་ང་འཁུ་ན༔ ཉེ་འབྲེལ་ནང་དུ་མི་འཆམ་ནང་ཞིག་འོང་༔ དྲག་དྲག་འཆི་ཞིང་ཞན་ཞན་ལུས་པར་བྱེད༔ ཡོན་བདག་ནང་འཁྲུག་འཁོར་གཡོག་སྙིང་རིང་བྱེད༔ དེས་ཉེས་དེས་ལན་མ་ལེགས་བཀྲ་མི་ཤིས༔ ངུ་འབོད་ཆོང་བརྒྱངས་དམག་འཁྲུག་གསོད་གཅོད་འོང་༔ ང་འདའ་བ་ལ་འདའ་ལུགས་གསུམ་དུ་ཡོད༔ ཡི་དམ་ལྷ་བསྒོམ་ཏིང་ངེ་འཛིན་པ་འདའ༔ བཟླས་བརྗོད་བསྙེན་པ་བྱེད་ཚེ་སྔགས་ལ་འདའ༔ བསྒྲུབ་གཞི་འཛབ་སྟེ་བརྟེན་པའི་རྫས་ལ་འདའ༔ བསྒོམ་པ་ཏིང་ངེ་འཛིན་ལ་འདའ་ཙ་ན༔ ཡི་དམ་བསྒོམ་སྙིང་མི་འདོད་སྒོམ་པ་འཆོར༔ སྒོམ་པའི་དུས་ན་རྣམ་རྟོག་ཕྲ་མོ་ལྡང་༔ བདག་བསྐྱེད་མདུན་བསྐྱེད་གཅིག་བསྒོམས་གཅིག་བརྗེད་འགྲོ༔ སྒོམ་སྒྲུབ་ནམ་བྱེད་དུས་སུ་བར་གཅོད་འོང་༔ ཅི་སྙད་ཅིར་བཏགས་འཇམ་རྩུབ་གཉིས་སུ་འོང་༔ བསྟན་བཅོས་ཚིགས་བཅད་རྩོམ་པ་ཡིད་ལ་བྱེད༔ འདུག་སར་སྡོད་པ་མི་ཚུགས་མྱུག་མྱུག་མང་༔ རང་འཁོན་ནང་འཐབ་སྙིང་རུལ་སྙིང་འཚངས་འོང་༔ སྙིང་ནི་མི་དགའ་སྟོངས་སྟོངས་ངུ་སྙིང་འདོད༔ གཡང་ས་རྦབ་སར་ཕྱིན་ནས་མཆོང་སྙིང་འདོད༔ སེམས་ནི་ཡེང་ཡེང་བུན་བུན་ཆོད་ཆོད་འབྱུང་༔ གདམས་པ་བློ་མི་ཁེལ་ཞིང་ཡིད་གཉིས་ཟ༔ ནང་རྟགས་བཟང་པོ་བྱུང་ན་དགའ་སེམས་བྱེད༔ ནང་རྟགས་ངན་པ་བྱུང་ན་སྙིང་མི་དགའ༔ ཉམ་ང་བག་ཚ་རེ་དོགས་དམ་ལས་འདས༔ བཟླས་བརྗོད་བསྙེན་པ་སྔགས་ལ་འདའ་ཙ་ན༔ སྔགས་ཟློས་དུས་སུ་སྔགས་ལ་ལྷག་ཆད་འོང་༔ ལྕེ་བསྒྱུར་མི་ཤེས་སྔགས་ཟློས་མི་ཤེས་ཤིང་༔ སྔགས་བཟླས་ཙ་ན་དམིགས་པ་བསྒོམ་མི་ཤེས༔ རྒྱལ་པོའི་ཆོ་འཕྲུལ་འཇིགས་སྐྲག་སྣ་ཚོགས་འབྱུང་༔ ཇི་ཙམ་སྔགས་བཟླས་དགྲ་ལ་མཐུ་མི་འོང་༔ རང་ལ་གློ་བུར་ནད་དང་འཚེ་བ་འོང་༔ ངག་ནུས་བྱིན་བས་ཉམས་པ་སྔགས་ལ་འདའ༔ སྒྲུབ་གཞི་བརྟེན་པའི་རྫས་ལ་འདའ་ཙ་ན༔ ཕྱི་རྟེན་ལ་འདའ་གཉེན་ཚན་མང་པོ་འཆི༔ ནང་རྟེན་ལ་འདའ་བུ་སྨད་ནང་འགྲམས་འབྱུང་༔ གསང་རྟེན་ལ་འདའ་མི་འདོད་སྣ་ཚོགས་འོང་༔ ང་ནི་འཇིག་རྟེན་ཡ་ཀས་སྐབས་སུ་སྤྲུལ༔ གང་ནས་འོང་དང་འདིར་ནས་འོངས་ནི་མེད༔ ང་བཟློག་པ་ལ་བཟློག་ལུགས་གསུམ་བྱས་འོང་༔ རང་གི་ལུས་སྲོག་བསོད་ནམས་ཁ་རྗེར་བཟློག༔ བུ་སྨད་མི་ནོར་ཟས་གསུམ་ཀུན་ལ་བཟློག༔ ཉེ་འབྲེལ་འཁོར་གཡོག་མཐུན་རྐྱེན་བསྒྲུབ་ལ་བཟློག༔ རང་གི་ལུས་སྲོག་ཁ་རྗེར་བཟློག་ཙ་ན༔ ལུས་ལ་ནད་མང་སེམས་ལ་སྡུག་བསྔལ་མང་༔ སྲོག་ལ་ཧུར་ཐུམས་འགག་གྲི་སྦོས་གྲིར་འཆི༔ དགྲ་ལ་ཕར་རྦད་རང་ལ་ཚུར་ལོག་འོང་༔ འཁོར་འཐོར་ཐག་ཐུག་མང་ཞིང་སོ་མི་གསོད༔ དགྲ་སྔོན་མ་སོད་ཕྱི་མ་ང་འཚུབ་ལྡང་༔ བྱད་འཇུག་རྦོད་གཏོང་བྱེད་སྙིང་མི་འདོད་ཅིང་༔ དམོད་བཅོལ་མི་བྱེད་ཟུག་འཕྲོ་བཅད་ནས་འཇོག༔ མི་ཁ་མང་པོ་ཟུག་ཟེར་རང་ལ་གླེང་༔ ཡུལ་མེད་དགྲར་ལྡང་སྙིང་དུ་རྒྱལ་འགོང་འཇུག༔ དམ་རྫས་འབོག་དང་སྒྲུབ་རྫས་གཅོག་སྙིང་འདོད༔ ལྟ་སྤྱོད་མི་མཐུན་གྲོགས་བསྲེལ་རང་ལ་ལྡོག༔ བུ་སྨད་མི་ནོར་ཀུན་ལ་བཟློག་ཙ་ན༔ སྔོན་ལ་ཆུང་མ་དེ་ནས་བུ་ཚ་འཆི༔ བཟའ་མི་ནང་འཐབ་ནུབ་འཐབ་འཁོན་པ་འོང་༔ དམ་ཉམས་དགྲ་ལ་རྟགས་འོང་སྐད་ཟེར་ནས༔ རང་གི་འཁོར་དུ་ཉེས་འགྱོད་མང་པོ་བྱུང་༔ བུ་སྨད་ལྕེབ་པར་མཁར་གཡང་མཐོན་པོར་འཆོར༔ རི་ཀ་མཐོན་པོར་ཕྱིན་ནས་ཁུས་འདེབས་ཤིང་༔ རང་ལ་ལྟས་ངན་སྣ་ཚོགས་འོང་བ་དང་༔ དགྲ་དར་གཉེན་རྒུད་འདྲེ་ཡིས་ལོག་མིན་སློབ༔ རྨི་ལམ་བཟང་བ་ལྟར་བསྟན་ཉེས་པ་འོང་༔ ནོར་ཕྱུགས་པེ་ཀར་ཆགས་ནས་ལན་མི་ལོན༔ ཅི་ཡོད་ནོར་རྫས་ཐམས་ཅད་མི་ལག་འགྲོ༔ རང་ལ་བེ་ཀར་སྙིང་དུ་ཞུགས་ནས་ཀྱང་༔ ལུས་ངག་ཡིད་གསུམ་འདྲེ་ཡི་སྤྱོད་པ་བྱེད༔ སྣོད་སྤྱད་ཐམས་ཅད་གཅོག་དང་རྡེབ་པ་འོང་༔ རང་དབང་མི་ཐོབ་ཁྱི་སྨྱོན་བཞིན་དུ་འཁྱམ༔ ཆང་འཐུངས་སེམས་ལ་ཅི་ཡོད་ཁ་རུ་འདོན༔ རེས་འགའ་ངུ་ཞིང་བྲང་བརྡུང་འོ་དོད་འབོད༔ ཉེ་འབྲེལ་འཁོར་གཡོག་ཀུན་ལ་བཟློག་ཙ་ན༔ རྒྱལ་པོ་པེ་ཀར་ཁྱི་བཞིན་ཕྱི་ལ་འབྲང་༔ མ་དང་སྲིང་མོ་ཞང་པོ་ཚ་བོའམ༔ རང་གི་བླ་མ་སློབ་དཔོན་འཁོར་ཕྱིར་འབྲང་༔ ཉེ་འབྲེལ་ཕུང་འཇུག་བུ་སྲིང་སྒབ་འདྲེ་བྱེད༔ དམར་མལ་སྟོན་ཅིང་ལྷ་འདྲེའི་ཚོགས་འདུ་འོང་༔ བུ་སྲིང་མོ་རྣམས་བདག་བྱེད་ཁྱོ་ཕོ་གསོད༔ བུ་ཚ་སྐྱེས་ཚད་འཆི་དང་རོ་སྣོད་འཆོས༔ བུ་སྲིང་ཡུག་ས་འབབ་དང་བྱུར་ཡུགས་འོང་༔ རང་གིས་ནད་པ་གསོའམ་སྲིའུ་གསོ༔ གང་དུ་བྱིན་ཕྱིན་ཕྱི་ལ་པེ་ཀར་འབྲང་༔ ས་གཞི་གཤག་ཅིང་རྒྱ་མཚོ་དཀྲུག་པར་བྱེད༔ བན་སྔགས་འདྲེ་ཅན་འགྲོ་བའི་དགེ་འདུན་འབྱུང་༔ སྒྲུབ་ཁང་འདྲེ་ཅན་སོང་ནས་བཀྲ་མི་ཤིས༔ ང་ནི་ལྷ་ཁང་མཆོད་རྟེན་གསུང་རབ་བདག༔ ན་ཆུང་ཀུན་གྱི་ལུས་ཕུང་སྡུད་ཅིང་སྤྱོད༔ ང་འཁུ་དུམ་བུར་ཤག་ལ་ནན་ཏན་བསྐྱེད༔ ང་འདའ་རཱཀྴའི་ཙིཏྟ་ཕྱུང་ཐབས་ཀྱིས༔ ང་བཟློག་རཱཀྴའི་ཙིཏྟ་གཏུབས་ཐབས་ཀྱིས༔ འཁུ་དང་འདའ་དང་བཟློག་པ་གང་བྱུང་ཡང་༔ སློབ་དཔོན་སྐྱེས་རབས་རྣམ་ཐར་ཞིབ་རྒྱས་པ༔ ཉིན་ནུབ་ཐུན་བཟུང་གསུང་མི་འཆད་དུ་སྒྲོགས༔ ཞེས་གསོལ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ དེ་ནས་བཅུན་པ་གནད་ལ་འབེབས་པ་དང་༔ ཨར་གཏད་ཤི་ས་བསྟན་དང་བསྲུང་བ་དང་༔ འཆིང་བ་བཀར་བ་མནན་གཟིར་མདོས་ལ་སོགས༔ ཕྱི་ནང་གསང་བ་ལ་སོགས་མང་དུ་མཛད༔ བསྟན་པའི་དགྲ་བོ་ཟས་སྐལ་ཞིང་དུ་དངོས༔ དེ་ནས་སློབ་དཔོན་བསམ་ཡས་བྱོན་པའི་ལམ༔ ལོ་ཧི་ཏའི་འགྲམ་དགོངས་པར་བཞུགས་པའི་དུས༔ དྲང་སྲོང་ཆེན་པོ་སྨུག་ནག་འོད་འཕྲོ་བ༔ སྔགས་པ་དར་བབ་ཅིག་གི་ཆ་ལུགས་བྱས༔ མོག་རོ་རྟ་ཞོན་སླར་བབས་ཁྲིད་ནས་བྱུང་༔ དེ་ཡི་ངད་ངས་སློབ་དཔོན་སྐུ་ལ་ཕོག༔ ཅུང་ཟད་གྲིབ་བྱུང་མེ་ལོང་ཧས་བཏབ་བཞིན༔ གྲིབ་བཙན་སྲིན་པོ་འདྲ་བ་སྔགས་པའི་ཆས༔ རྟ་ནི་མོག་རོ་ཁྲིད་ཁྱོད་སུ་ཡིན་གསུངས༔ ཞྭ་མོ་སྐྱ་ལྷེབ་ཕུད་ནས་འདི་སྐད་ཟེར༔ དྲག་ཅིང་ཁྲོ་གཏུམ་གཟུགས་ཅན་སྲོག་ལེན་པ༔ ཕ་ནི་སྲིན་པོ་མ་ནི་ཀླུ་མོ་ཡིན༔ སློབ་དཔོན་ཞལ་ནས་དྲང་སྲོང་འོད་འཕྲོ་ཁྱོད༔ ང་ཡི་དགེ་བསྙེན་བཀོལ་བདེ་ཡིན་འདུག་པ༔ མགོ་དགུ་ཡོད་པའི་རྒྱུ་མཚན་ཇི་ལྟར་ཡིན༔ སྤྱི་གཙུག་བྱ་རོག་མགོ་ཡོད་ཇི་ལྟར་ཡིན༔ རོ་སྟོད་མི་རུ་ཡོད་པ་ཇི་ལྟར་ཡིན༔ རོ་སྨད་སྦྲུལ་དུ་ཡོད་པ་ཇི་ལྟར་ཡིན༔ གཡས་པའི་རྭ་ཡི་འདའ་གཞུ་ཇི་ལྟར་ཡིན༔ གཡོན་པ་སྦྲུལ་ཞགས་ཐོགས་པ་ཇི་ལྟར་ཡིན༔ མགོ་ལུས་མེད་པར་མིག་ཡོད་ཇི་ལྟར་ཡིན༔ སྐུ་མདོག་དུད་ཁར་འོང་བ་ཇི་ལྟར་ཡིན༔ ཞལ་ནས་ཐོག་སེར་འོང་བ་ཇི་ལྟར་ཡིན༔ སྤྱིར་ན་གཟའ་ལ་ཕོ་མོ་དུ་ཡོད་པ༔ མ་ནིང་གཟའ་ཞེས་བྱ་བ་ཅི་ལ་ཟེར༔ དྲང་སྲོང་ཟེར་ནས་སེམས་ཅན་ལ་གནོད་ཅི༔ གཟའ་ལ་འབྱུང་བ་ལྔ་ཀ་ཚང་ལགས་སམ༔ ཞེས་གསུངས་སྨུག་ནག་འོད་ཟེར་འཕྲོ་ན་རེ༔ ང་ལ་མགོ་དགུ་ཡོད་པའི་རྒྱུ་མཚན་ནི༔ ཀིང་ཀང་ཆེན་པོ་བརྒྱད་ནི་དུས་གཅིག་རྒྱུ༔ སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་ཡིན་པའི་རྟགས༔ སྤྱི་གཙུག་བྱ་རོག་མགོ་ཡོད་རྒྱུ་མཚན་ནི༔ ང་ནི་འདོད་ཆགས་གྲང་བའི་ནད་དང་བསྡོངས༔ སྟེང་ལྷའི་འཇིག་རྟེན་ཀུན་ལ་དབང་སྒྱུར་རྟགས༔ རོ་སྟོད་མི་རུ་ཡོད་པའི་རྒྱུ་མཚན་ནི༔ ཡབ་ཀྱི་ཆ་འཛིན་ལྷ་མིན་དབང་བསྒྱུར་རྟགས༔ རོ་སྨད་སྦྲུལ་དུ་ཡོད་པའི་རྒྱུ་མཚན་ནི༔ ང་ནི་ཞེ་སྡང་ཚ་བའི་ནད་དང་བསྡོངས༔ ཡུམ་གྱི་ཆ་འཛིན་འོག་ཀླུར་དབང་བསྒྱུར་རྟགས༔ གཡས་ན་རྭ་ཡི་མདའ་གཞུ་བསྣམས་པ་ནི༔ ང་ནི་གཏི་མུག་འདུས་པའི་ནད་དང་བསྡོངས༔ ལྷ་དང་ལྷ་མིན་འཐབ་པའི་བར་བྱེད་རྟགས༔ གཡོན་ན་སྦྲུལ་གྱི་ཞགས་པ་བསྣམས་པ་ནི༔ ང་ཡི་ལུས་ལ་རེག་དུག་མཐོང་བའི་དུག༔ གང་མ་ཉན་པ་དུག་སྦྲུལ་འཆིང་བའི་རྟགས༔ མགོ་ལུས་མེད་པར་མིག་གིས་གང་བ་ནི༔ ཚེ་འདིར་ལེགས་པར་བྱས་དང་ཉེས་པར་བྱས༔ འཇིག་རྟེན་གསུམ་ལ་བྱ་ར་བྱེད་པའི་རྟགས༔ སྐུ་མདོག་དུད་ཁར་འོང་པའི་རྒྱུ་མཚན་ནི༔ དུག་ལྔ་ལུས་ལ་རང་བཞིན་རྒྱས་པ་དང་༔ ཉི་མའི་ཟེར་ཕོག་ཚད་པ་སངས་པའི་རྟགས༔ ཞལ་ནས་ཐོག་སེར་འོང་བའི་རྒྱུ་མཚན་ནི༔ ཚ་གྲང་མ་སྙོམས་བསྒུལ་བསྐྱོད་བྱས་པ་དང་༔ ཁས་བླངས་སངས་རྒྱས་བསྟན་པ་བསྲུང་བའི་རྟགས༔ ཕོ་གཟའ་མོ་གཟའ་དུ་ཡོད་ཅེས་པ་ནི༔ གདུག་ཅན་ཕོ་གཟའ་བརྒྱད་ཡོད་མོ་གཟའ་བཞི༔ བྱང་སེམས་ཕོ་གཟའ་གསུམ་དང་མོ་གཟའ་གསུམ༔ མ་ནིང་གཟའ་གཅིག་ངོ་མི་ཤེས་པ་ཡོད༔ དྲང་སྲོང་ཟེར་ནས་སེམས་ཅན་གནོད་པ་ནི༔ ང་ཡིས་གནོད་པ་བསྐྱལ་བ་ཅུང་ཟད་མེད༔ ལོ་གཅིག་ལན་གཉིས་ལྷ་དང་ལྷ་མིན་འཁྲུག༔ བཅོ་ལྔར་ལྟད་མོ་བལྟས་པས་ཟླ་འོད་འགྲིབ༔ ང་དང་རྒྱང་ཐག་རིང་ཞིང་མཐོ་དམན་ཆེ༔ སྐྱེན་པོས་མདའ་འཕངས་ལྟ་བུར་རྒྱུ་བ་ཡིན༔ སེམས་ཅན་ཀུན་ལ་ང་ཡི་དུག་ངས་ཕོག༔ གཟའ་ལ་འབྱུང་བ་ལྔ་ཀ་ཚང་ཡོད་དེ༔ ཡབ་ནི་སྲིན་པོ་ཞེ་སྡང་མེ་ཡི་དུག༔ ཡུམ་ནི་ཀླུ་མོ་འདོད་ཆགས་ཆུ་ཡི་དུག༔ སྲས་ནི་སྒྲ་གཅན་གཏི་མུག་ས་ཡི་དུག༔ འཁོར་ནི་བསྡོངས་ཟླ་ཕྲག་དོག་ང་གི་དུག༔ ཐམས་ཅད་ཡོ་ལོག་ང་རྒྱལ་ནམ་མཁའི་དུག༔ སེམས་ཅན་བསོད་ནམས་དམན་ལ་འཕོག་པ་ཡིན༔ ཁྱོད་ཀྱི་དུག་ཕོག་ཇི་ལྟར་འོང་ཞེས་གསུངས༔ དྲང་སྲོང་སྨུག་ནག་འོད་འཕྲོའི་ཞལ་ནས་ནི༔ དུག་ཕོག་མདོག་སེར་མེ་ལྕེ་རིས་སུ་ཡོད༔ ཁ་ལྐུགས་སྦུ་སྐྱུག་བྱོལ་སོང་སྐད་ཀྱང་འདོན༔ ཡན་ལག་མཉེན་དང་རེངས་དང་སྟོབས་ཆུང་ཡོང་༔ ངོ་སྦེད་གྲོད་པ་ཆེ་ཞིང་ལུས་བཅུད་ཤོར༔ འོན་ལྐུགས་ཐོལ་སྨྲ་དགོད་དང་མཆོང་པ་ཡོང་༔ གཞོགས་བཤལ་མིག་རྩ་གྲུང་དང་དབང་པོ་ཉམས༔ ཁ་མིག་ལག་པ་མི་ཟུག་བྱ་བྱེད་མང་༔ ཨིག་དང་གློ་འབྱུང་ཁ་མིག་ལྟག་པར་ཡོ༔ ཁ་ཁྲག་སྣ་ཁྲག་སྦྲིད་དང་ངུ་བ་འབྱུང་༔ ཞ་འཕྱེ་ལྕེ་བསྐམས་དྲི་མི་ཞིམ་པ་མནམ༔ ཁ་ནས་ཅལ་ཅོལ་གཏམ་ནི་ངེས་མེད་ཟེར༔ དེ་རྣམས་ང་ཡི་དུག་ཟེར་ཕོག་པའི་རྟགས༔ ངའི་དུག་ཕོག་ན་རྫས་སྔགས་ཏིང་ངེ་འཛིན༔ མདོས་དང་འཁོར་ལོས་དུག་ནི་དབྱུང་བར་བྱས༔ ང་ཞུད་འཁོར་དང་མི་གཙང་གྲིབ་ལ་གཟབ༔ རྫས་དང་སྨན་དང་འབྱུང་བ་ལྔ་ཡི་ཁྲུས༔ ཕས་ཀྱིས་རྦད་དང་སྒྲུབ་ལས་བྱེད་མི་འདོད༔ ངའི་དུག་ཕོག་ནས་བྱེར་ན་བཙོན་དུ་གཟུང་༔ ཚ་ཞིང་བསྲེག་པ་མེ་དུག་བཙོན་དུ་གཟུང་༔ ཡང་ཞིང་གཡོ་བ་ང་དུག་བཙོན་དུ་གཟུང་༔ གྲང་ཞིང་བསིལ་བ་ཆུ་དུག་བཙོན་དུ་གཟུང་༔ ལྕི་ཞིང་འཐིབས་པ་ས་དུག་བཙོན་དུ་གཟུང་༔ སློབ་དཔོན་རྣམ་ཐར་སྐྱེས་རབས་གསུང་དུ་སྒྲོགས༔ ཞེས་ཟེར་སློབ་དཔོན་རྡོ་རྗེ་མགོ་ཐོག་བཞག༔ ལྕེ་ལ་བདུད་རྩི་བཞག་ནས་དམ་ཚིག་བྱིན༔ ངན་སྔགས་མི་འདྲ་བརྒྱ་དང་རྩ་བརྒྱད་མཛད༔ ཤེས་ལ་མཚན་ཆེ་རྣོ་མྱུར་ཐོག་འདྲ་བ༔ སངས་རྒྱས་བསྟན་པ་སྲུང་བའི་གཉེར་ཆེན་གཏད༔ ཕན་ཐབས་བཅོས་ཐབས་རྫས་སྲུང་སྔགས་སྲུང་དང་༔ འབོད་རྦད་བསད་པ་ཕྱི་རབས་ཆ་རྐྱེན་སྦས༔ ཁྱབ་འཇུག་གཟའ་ཡིས་ཁས་བླངས་དམ་བཅས་སོ༔ དེ་ནས་འཛིན་ཤེས་གཏོང་མི་ཤེས་ཀྱི་ཀླུ༔ རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགས༔ གདོལ་པ་ནག་སོགས་སློབ་དཔོན་དྲུང་དུ་བྱུང་༔ སངས་རྒྱས་བསྟན་པ་འཇིག་པའི་དམ་ཉམས་ལ༔ ནད་དུ་མཛེ་ཕོལ་གཉན་ལྷོག་ཀླུ་ནད་གཏོང་༔ སློབ་དཔོན་དྲུང་དུ་ཁས་བླངས་དམ་བཅའ་མནོས༔ སློབ་དཔོན་གཏད་རིགས་མི་འདྲ་བརྒྱ་རྩ་མཛད༔ མཐུ་མཐའ་གཏད་ལ་ཐུབ་པའི་དུས་འབྱུང་སྦས༔ བོད་ཀྱི་ལྷ་འདྲེ་ཆེ་དགུ་ཐམས་ཅད་ཚོགས༔ མ་འོངས་སློབ་དཔོན་བརྒྱུད་འཛིན་ལ་གནོད་པའི༔ དམ་ཉམས་དགྲ་བོ་སྒྲོལ་བར་ཁས་བླངས་སོ༔ སློབ་དཔོན་དགྲ་མནན་མི་འདྲ་བརྒྱ་རྩ་མཛད༔ མཐུ་གཏད་བུ་ལོན་བཞིན་དུ་བསྙེག་དུས་འབྱུང་༔ བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམས༔ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན༔ དགྲ་མགོ་ཡན་པར་བཏང་ན་དམ་ཚིག་ཉམས༔ ལྷ་འདྲེ་མ་རུངས་ཡིད་ཀྱི་གཟུགས་ཅན་ལ༔ ཤ་ཡི་མི་ངན་མཐིལ་བརླག་གཏོང་བྱེད་ན༔ སངས་རྒྱས་བསྟན་པ་དཀར་འཇམ་རྒྱས་པར་འགྱུར༔ སྔགས་པ་མཐུ་མེད་གྲོང་སྟོང་ཁྱི་དང་འདྲ༔ སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབ༔ ལས་སུ་མཐུ་བསྒྲུབས་བྲན་དུ་ལྷ་འདྲེ་བཀོལ༔ ནོར་དུ་རྫས་བསོགས་མཚོན་དུ་ཀླུ་གཏད་རྒྱོབ༔ སྲིད་དུ་ལིངྒ་ཆོས་ལ་མནན་པ་གྱིས༔ ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན༔ གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོས༔ མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སྲོག་བདག་གཟའ་ཀླུ་གསུམ་གྱི་མཚང་དྲིས་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ༔ ༔


༡༠༥། མང་ཡུལ་གུང་ཐང་ལ་ཀར་སྔ་འགྲོས་བཏང་བ།


དེ་ནས་བསམ་ཡས་དབུ་རྩེ་ཆེན་མོར་བྱོན༔ སློབ་དཔོན་ཞལ་ནས་ལྷ་སྲས་བཙན་པོ་གསུངས༔ ཁོ་ཐག་མ་ཆོད་པད་འབྱུང་དྲུང་དུ་བཞུགས༔ ནན་ཏན་དྲི་བ་ད་ལྟའི་དུས་སུ་གྱིས༔ ནན་ཆགས་མཛད་ན་ཁོ་ཐག་ཆོད་དེ་མཆི༔ བློ་སྙིང་བྲང་གསུམ་པདྨ་ང་ལ་གཏོད༔ བསླུས་ན་པདྨ་ཞན་ནོ་རྗེ་འབངས་རྣམས༔ དྲང་པོར་སྨྲས་ན་ཡིད་མི་ཆེས་པ་སྐྱེ༔ ཚིག་གྲོན་བཅུག་ནས་ཆོས་མིན་ལས་མང་གསོག༔ བླ་མ་བསྟེན་ཡུན་བསྲིངས་ཤིག་རྗེ་འབངས་རྣམས༔ ན་སོ་གཞོན་དུས་དམ་ཆོས་རེམ་ལ་གྱིས༔ རྒས་ནས་བྱེད་འདོད་འབྱུང་བས་འཆུན་པར་དཀའ༔ ད་ལྟ་སྐད་ཅིག་ཡིན་ནོ་རྗེ་འབངས་རྣམས༔ རྟོག་པ་རགས་དུས་ནང་དུ་མཁན་པོ་ཚོལ༔ ཆེད་དུ་སྤང་བླང་མི་དགོས་རང་སར་ཞོག༔ ལྟ་བ་ཐག་ཆོད་དགོས་སོ་རྗེ་འབངས་རྣམས༔ ཉོན་མོངས་ཟད་ན་ཆོས་ལ་བྱ་རྒྱུ་མེད༔ སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ༔ འཁོར་བའི་སྡུག་བསྔལ་ཡང་ནས་ཡང་དུ་སོམས༔ ཆོས་ལ་ཕྱི་བཤོལ་མ་མཛད་རྗེ་འབངས་རྣམས༔ མོས་གུས་ཅན་གྱིས་རང་དོན་འགྲུབ་པ་ཡིན༔ གཞན་ལ་ཆོས་ཡུས་དྲིན་བཞག་བྱ་རུ་མེད༔ སྙིང་རུས་མ་ཆུང་སྒྲུབ་པ་རེམ་ལ་གྱིས༔ ཚེ་གང་དུས་བརྒྱའི་ཟ་མ་ལན་ཅིག་ཡིན༔ ལོ་རེ་བཞིན་དུ་དབང་བསྐུར་བྱིན་བས་ཞུས༔ ལོ་བརྒྱ་ལོན་ན་དབང་བརྒྱ་ཐོབ་པ་ཡིན༔ ཕྱི་མ་དུད་འགྲོར་སྐྱེས་ཀྱང་དབང་ཆེར་སྐྱེ༔ དྲི་གོས་མདུན་དུ་ཆོས་བཤད་ཅི་ལ་ཕན༔ བེམ་རིག་མ་བྲལ་ཆོས་ལ་ཉན་བཤད་གྱིས༔ མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱིས༔ རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམ༔ མཐོ་རིས་འདྲེན་ཏེ་དེ་ལ་དཀའ་ལས་ཡོད༔ གཟུགས་མེད་བག་ཆགས་ལུས་དེ་རྐྱེན་ཁར་ཡང་༔ གར་འཁྱོགས་མི་ཤེས་བྲང་འོག་བསམ་གཞིག་ཐོང་༔ སྒྲུབ་པ་ལོ་རུ་བསགས་ན་དངོས་གྲུབ་འབྱུང་༔ དམ་བཅའ་ཀྱིས་ལ་ཆོས་ཕྱོགས་འབད་པ་ཐོན༔ བོད་ཡུལ་ཕྱོགས་ཀྱི་ཉི་མ་ཟེར་ལ་ཁད༔ བརྡ་དེ་གོ་བར་གྱིས་ཤིག་རྗེ་འབངས་རྣམས༔ གདུང་སེམས་ཅན་ལ་པད་འབྱུང་འཕགས་པ་མེད༔ གསོལ་བ་འདེབས་ལ་པད་འབྱུང་སྒོ་ཉལ་ཡོད༔ ཚེ་ཟད་ནད་ལ་སྨན་པས་ཕན་པར་དཀའ༔ ཞག་ནི་གཅིག་སོང་གཉིས་སོང་མི་ཚེ་སོང་༔ ལོང་ཡོད་པོ་ཚོ་འཆི་ཀར་ཕྲས་ཕྲས་བྱེད༔ ཨ་རེ་འགྱོད་དེ་བག་ཙམ་འཕྱིས་པ་འདྲ༔ སྡིག་པའི་སུན་མ་སྔོན་ལ་སོང་ཉེན་ཡོད༔ ངུས་པས་མི་ཕན་སྙིང་ལ་རུས་པ་གྱིས༔ འཁོར་བའི་སྐྱོན་མཐོང་དམ་ཆོས་མི་བྱེད་པ༔ དོན་སྙིང་ནང་ཁྲོལ་རུལ་ལོརྗེ་འབངས་རྣམས༔ ལམ་འགྲུལ་ལུས་པ་ཟླ་བོ་བསྙེག་པ་བཞིན༔ པད་འབྱུང་འགྲོ་ས་ལྷོ་ནུབ་རྔ་ཡབ་གླིང་༔ གོས་ཟད་དུག་པོ་གསར་བར་མི་འགྲོ་བཞིན༔ པདྨ་འབྱུང་གནས་བཤོལ་ཀྱང་བཤོལ་མི་ཐེབས༔ འཆི་ཀའི་ནད་པ་སྣུམ་ཟད་མར་མེ་འདྲ༔ ཚེ་ཡི་འཕེལ་སྐྱེན་ཟད་པས་བསྡད་དབང་མེད༔ དོང་མོ་བསྐམས་པའི་ཡུར་བ་བཞིན་དུ་ནི༔ བོད་དུ་མི་སྡོད་པད་འབྱུང་སྲིན་ཡུལ་འགྲོ༔ ལྗོན་ཤིང་ཁ་ནས་བྱ་ཚོགས་འཕུར་བ་བཞིན༔ སྐད་ཅིག་མི་སྡོད་པད་འབྱུང་སྐྱེས་ཤིག་འདེགས༔ ཡོན་མཆོད་དགྱེས་སོ་ལྷ་སྲས་བཙན་པོ་གསུངས༔ དེ་ནས་རྒྱལ་སྲས་མུ་ཏིག་བཙན་པོ་ཡིས༔ སློབ་དཔོན་སྲིན་པོའི་ཡུལ་དུ་བཞུད་པ་ལ༔ གསེར་སོགས་ནོར་སྣ་མང་པོ་ཕུལ་བ་རྣམས༔ རྟ་ཁལ་དྲེའུ་ཁལ་མཛོ་ཁལ་མང་པོ་བཀལ༔ གྱད་ཀྱི་མི་བརྒྱ་རྟ་བརྒྱ་ཁྲལ་བཅུག་ནས༔ མང་ཡུལ་གུང་ཐང་ལ་ཀར་སྡོད་ཅིག་གསུངས༔ སྦྲ་དང་ཆ་ཐེར་ཕུབ་ལ་ཐབ་ཀ་ཚུགས༔ བཟའ་བཏུང་གཡོས་ལ་ཆེ་རུ་ཤོམས་ཤིག་གསུངས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ མང་ཡུལ་གུང་ཐང་ལ་ཀར་སྔ་འགྲོས་བཏང་བའི་ལེའུ་སྟེ་བརྒྱ་དང་ལྔ་པའོ༔ ༔










བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存