པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་ཡིག106-107
1006༽འཁོར་བའི་ཉེས་དམིགས་སོགས་གསུངས་པའི་ལེའུ།
107༽བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
༡༠༦། འཁོར་བའི་ཉེས་དམིགས་སོགས་གསུངས་པ།
༡༠༧། བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པ།
དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྷ་ས་ར་མོ་ཆེ་དང་འཕྲུལ་སྣང་བྱོན༔ སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ལ༔ རྒྱལ་པོ་ཨད་མ་ཏོག་གིས་ཕུལ་བ་ཡི༔ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བ་ནི༔ ཁ་དོག་ལྕུང་ཀའི་སྒོ་ང་འདྲ་བ་ལ༔ བཟོ་གནས་སྲིན་བྱའི་མགོ་འམ་མཇིང་པ་འདྲ༔ ཆེ་ཆུང་ཚད་ནི་ལ་ཞིའི་ས་བོན་ཙམ༔ སྤྱན་རས་གཟིགས་ཀྱི་ཐུགས་ཀའི་རྟ་མགོ་ཡི༔ སྣ་བུག་གཡས་པའི་ནང་ནས་བཏོན་ནས་ནི༔ རྒྱལ་སྲས་ལྷ་རྗེར་ཕྱག་ཏུ་སྣོམས་ཤིག་གསུངས༔ དཀའ་བ་དང་དུ་བླངས་ན་དགོས་དགུ་འབྱུང་༔ མདོ་མེད་ཆལ་པ་བྱེད་ན་གླེན་པ་ཡིན༔ ཡིད་བཞིན་ནོར་བུ་གཏེར་དུ་སྦོས་ཤིག་གསུངས༔ དེ་ནས་རྒྱལ་སྲས་མུ་ཏིག་བཙན་པོ་ནི༔ རྗེ་འབངས་ཉི་ཤུ་རྩ་ལྔས་བསྐོར་བ་དང་༔ མཁན་པོ་ཤཱཀྱ་བསོད་ནམས་གཙོ་བྱས་པའི༔ བོད་ཀྱི་རབ་ཏུ་བྱུང་བ་ཐམས་ཅད་དང་༔ བཻ་རོ་ཙ་ན་སྐ་ཅོག་སྣ་དྲངས་པའི༔ བོད་ཀྱི་ལོ་ཙཱ་མཁས་པ་ཐམས་ཅད་དང་༔ མཐུ་མཁན་སངས་རྒྱས་ཡེ་ཤེས་སྣ་དྲངས་པའི༔ བོད་ཀྱི་སྔགས་ནག་མཐུ་མཁན་ཐམས་ཅད་དང་༔ སྔགས་པ་རྡོ་རྗེ་བདུད་འཇོམས་སྣ་དྲངས་པའི༔ བོད་ཀྱི་རྔ་བརྡུང་ཕྲེང་ཐོགས་ཐམས་ཅད་དང་༔ བླ་སྨན་ཉང་བཙན་ཤི་ལས་སྣ་དྲངས་པའི༔ བོད་ཀྱི་སྨན་དཔྱད་བྱེད་པ་ཐམས་ཅད་དང་བླ་མཁྱེན་ལྗང་སྟོན་ཁུ་ལུས་སྣ་དྲངས་པའི༔ བོད་ཀྱི་གབ་རྩེ་འདིངས་པ་ཐམས་ཅད་དང་༔ ཡོན་བདག་མཁར་ཆེན་རྒྱལ་གྱིས་སྣ་དྲངས་ནས༔ བོད་ཀྱི་ཕོ་སྐྱེས་ཡོན་བདག་ཐམས་ཅད་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྣ་དྲངས་པའི༔ བོད་ཀྱི་བུད་མེད་བུ་མོ་ཐམས་ཅད་ཀྱིས༔ དཔལ་མོ་དཔལ་ཐང་སྐྱེལ་ཐུང་ཞམ་རིང་བྱས༔ སྟོད་ཀྱི་མངའ་རིས་ཅོག་གེའི་ཡུལ་ཞེས་པ༔ བྲག་ནི་སྲིན་པོ་ཁྲོས་འདྲའི་ཡུལ་ཚུགས་བསྐྱལ༔ སློབ་དཔོན་ཐུགས་རྗེ་ཆེན་པོའི་སྒོམ་ལུང་དང་༔ མི་རེ་ལ་ནི་ཞལ་གདམས་ཆོས་རེ་གསུངས༔ དེ་ནས་བོད་ཁམས་ཡོངས་ལ་འདི་སྐད་གདམས༔ ད་ལྟ་བཞུགས་དང་མ་འོངས་འབྱོན་པ་ཡི༔ བོད་རྣམས་ཐུགས་ལ་འདི་ལྟར་བཞག་པར་ཞུ༔ ངག་འཁྱལ་ཀུ་རེའི་གསེབ་ནས་དོན་དམ་འོང་༔ གྱ་ཚོམས་ཚིག་གིས་སྙིང་ནའི་མེ་ལོང་བྱེད༔ སོར་གྱིས་སླེབ་པར་འདོམ་གྱིས་མི་འགྱངས་འགྲོ༔ ཚོད་ལ་གསེར་སྲབ་ཆུག་ཅིག་རྗེ་འབངས་རྣམས༔ བསྟན་པ་ཡོངས་ལ་གནོད་པའི་དཔེ་མ་འཛུགས༔ འཕྲལ་ཕུགས་གཉིས་ཀ་མེད་པའི་མགོ་མ་སྟོང་༔ སྲོལ་ངན་རྟེན་འབྲེལ་ལོག་པའི་བློ་མ་བསྲལ༔ བྱ་བ་བརྟགས་ནས་གྱིས་ཤིག་རྗེ་འབངས་རྣམས༔ རང་ལ་མི་ཕན་གཞན་གནོད་ཁ་མ་ཟེར༔ མིས་འཕྱ་རང་ཕུང་ཆང་ནག་གྲོས་མ་འདྲི༔ འགྱོད་པ་ཕྱི་ལ་མ་སྐྱེ་སྔོན་བསམ་ཐོང་༔ རང་གིས་རང་ཉིད་མ་བསླུ་རྗེ་འབངས་རྣམས༔ དཔལ་འབྱོར་ཡོད་དུས་ཚ་བྱུག་དྲིན་འོག་ཆུག༔ སུ་ལ་སུ་རེ་མི་ཤེས་སྙིང་མ་རིང་༔ སྔོན་ལས་ཚེ་འདིར་རྡོལ་ཀྱང་རང་མི་འགྱོད༔ དྭ་སྤྲུག་སུན་འབྱིན་མ་བྱེད་རྗེ་འབངས་རྣམས༔ མིའི་མཐའ་ཅི་འགྱུར་མི་ཤེས་ལས་ཀྱིས་བྱེད༔ རང་མ་ཕམ་ན་རྒྱལ་ཁ་གཞན་ལ་བྱིན༔ མི་དྲག་སྟོབས་ཆེ་ཁ་དྲག་ཁ་ཉེན་དགའ༔ མི་ལ་རྔན་ཅན་མ་བྱེད་རྗེ་འབངས་རྣམས༔ མི་ལ་གོ་མེད་མི་ཡོད་ནང་ན་བཀྲ༔ སུ་ལ་དབང་ཡོད་ཕྱག་ཚད་མིས་མི་འཇོག༔ བཟང་ལན་དཀའ་སྟེ་ངན་ལན་འཇལ་བ་སླ༔ སྡུག་པོ་རིན་གཞལ་མ་ཉོ་རྗེ་འབངས་རྣམས༔ ཕན་སྒོ་མ་བཏགས་མི་ལ་རེ་མ་ཆེ༔ མི་ལ་སྐྱིད་སྡུག་ཐམས་ཅད་རེ་མོས་ཡིན༔ རང་གིས་མ་བྱུང་སུ་ལ་རེ་ཡང་བརྡུགས༔ ལ་ཡོགས་རྣམ་སྨིན་སོམས་ཤིག་རྗེ་འབངས་རྣམས༔ སྤྱིར་ནི་སེམས་ཅན་ཡོངས་ལ་ཕན་བཏགས་ཤིང་༔ ཡང་སྒོས་བོད་ཁམས་ཡོངས་ལ་དྲིན་ཆེར་བྱས༔ དྲིན་ནི་མི་འདྲེན་ཁྱོད་རྣམས་ང་རང་ཤེས༔ ལྔ་བརྒྱ་དུས་ངན་ཤར་ཚེ་པད་འབྱུང་ངས༔ དུག་ལྔས་བསླུས་པ་འཁོར་བའི་སེམས་ཅན་ལ༔ མཐོངས་སྐར་ཉི་ཞུར་མུན་མགོ་རང་མཐོང་ཙམ༔ ཆོས་ཀྱི་གཏེར་ཀ་ས་སྟེང་ཁྱབ་པར་སྦས༔ ལས་ཅན་གཏེར་སྒོ་འབྱེད་པ་འགའ་ཡང་འབྱུང་༔ ང་ཡི་སྤྲུལ་པས་འགྲོ་བ་མ་ལུས་འདུལ༔ སེམས་ཅན་སྨིན་གྲོལ་བདེ་ལ་འགོད་པར་སྲིད༔ ཉམས་དམས་བསྟན་པ་འགྲིབ་ལ་ཉེ་བ་ན༔ དག་པས་ང་རང་དངོས་སུ་མཐོང་ཡང་སྲིད༔ དགོས་འདོད་རེ་བ་སྐོང་བའི་ནོར་བུ་འབྱུང་༔ རྗེ་འབངས་འཁོར་བཅས་འདི་ནས་ལོག་ཅིག་གསུངས༔ རྗེ་འབངས་ཡོན་མཆོད་ཐམས་ཅད་མ་དགའ་སྟེ༔ མི་རེའི་ཁོང་ནས་སྙིང་རེ་བཏོན་སྙམ་བྱེད༔ གདོང་པ་མཆི་མས་གང་བས་ལམ་མི་མཐོང་༔ ཀུན་གྲོས་མ་བྱས་བློ་མཐུན་བཤོལ་བཏབ་སྟེ༔ འཇིག་རྟེན་ཟས་ནོར་སློབ་དཔོན་དྲུང་དུ་སྤུངས༔ བསྐོར་བ་གྲངས་མེད་བསྐོར་ནས་མདུན་དུ་འོངས༔ ལག་མཐིལ་དཔྲལ་བ་རྡོལ་རྡོལ་ཕྱག་བཙལ་ནས༔ ཨུ་རྒྱན་ཆེན་པོའི་ཆིབས་སྣ་བརྟེན་ཏེ་གསོལ༔ ཀྱེ་མ་གུ་རུ་རིན་པོ་ཆེ༔ མུན་གླིང་བོད་ཀྱི་ཉི་གཅིག་པུ༔ འོད་གསལ་སྒྲོན་མ་གང་དུ་གཤེགས༔ དོན་ལ་གཤེགས་བཞུད་མི་མངའ་ཡང་༔ སྲིན་པོ་འདུལ་དུ་གཤེགས་ཙ་ན༔ བོད་ཁམས་ལྷ་མི་ཐམས་ཅད་ཀྱི༔ མི་རེའི་ཁོང་ནས་ཉི་རེ་ནུབ༔ བསེར་མས་གདུངས་ཚོ་སུ་ཡིས་བསྲོ༔ མི་རེའི་དཔྲལ་ནས་མིག་རེ་ཕྱུང་༔ ཅེ་རེ་ལོང་ཚོ་སུ་ཡིས་ཁྲིད༔ མི་རེའི་ཁོང་ནས་སྙིང་རེ་བཏོན༔ སྨྲ་ཤེས་རོ་ཚོ་སུ་ཡིས་བསྲེལ༔ འགྲོ་བའི་དོན་ལ་བོད་བྱོན་ནས༔ གཏན་དུ་མི་སྐྱོང་སྙིང་མི་དགའ༔ བོད་ཁམས་ལྷ་མི་ཐམས་ཅད་ཀྱི༔ བློ་སེམས་གུ་རུའི་ཕྱོགས་སུ་ཤོར༔ གོམ་པ་བགྲོད་ཀྱང་ཐོམ་ཐོམ་ལུས༔ ངན་སོང་གཡང་ལས་སུ་ཡིས་སྐྱོབ༔ རྗེས་འཇུག་ཐང་ལ་མ་བོར་མཛོད༔ རྗེ་ཉིད་སྲིན་ཡུལ་གཤེགས་ཙ་ན༔ རྒྱལ་པོའི་བླ་མཆོད་སུ་ཡིས་བྱེད༔ མཁས་བཙུན་འདུ་ས་གང་དུ་བགྱིད༔ སྒོམ་ཆེན་ཉམས་རྟོགས་སུ་ལ་འབུལ༔ སྒོམ་སྐྱོན་བར་ཆད་སུ་ཡིས་སེལ༔ སྣོད་ལྡན་གང་ཟག་སུ་ཡིས་འདྲེན༔ སངས་རྒྱས་བསྟན་པ་སུ་ཡིས་འཛིན༔ དད་ལྡན་འཚོགས་ས་གང་དུ་བགྱིད༔ འདི་ལྟར་ཇོ་མོ་བདུན་པོས་ཀྱང་༔ རང་སྐྱེས་ཕ་ཡུལ་སྤངས་སྤངས་ནས༔ ཡིད་རྟེན་བློ་གཏད་སུ་ལ་འཆའ༔ ཡ་གི་རྗེ་རྒྱལ་མན་ཆོད་ནས༔ མ་གི་སྤྲང་པོ་ཡན་ཆོད་དུ༔ བོད་ཁམས་ལྷ་མི་ཐམས་ཅད་ཀྱི༔ མོས་གུས་སེམས་རྟེན་སུ་ལ་འཆོལ༔ ཀྱི་ཧུད་གུ་རུ་རིན་པོ་ཆེ༔ ད་དུང་བོད་ཁམས་སྐྱོང་བར་ཞུ༔ སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ ཀྱཻ༔ རྒྱལ་པོས་དབུ་མཛད་ལྷ་མི་རྣམས༔ དར་ཅིག་ཨུ་རྒྱན་ངག་ལ་ཉོན༔ ལས་དང་སྨོན་ལམ་ཐུགས་རྗེའི་མཐུས༔ སངས་རྒྱས་སྐུ་གསུང་ཐུགས་བསྟན་པ༔ ད་ལྟ་བོད་ན་ཉི་འོད་གསལ༔ ཨུ་རྒྱན་བརྒྱུད་འཛིན་འགའ་ཡང་བཞུགས༔ ལྷ་མི་ཀུན་གྱིས་ཆོས་བཞིན་སྤྱོད༔ རྒྱལ་སྲིད་དམ་ཆོས་མངའ་ཐང་རྒྱས༔ ཆོས་བྱེད་རྣམས་ཀྱང་རང་ས་ཟིན༔ ལྷ་ས་བསམ་ཡས་ལ་སོགས་པའི༔ དད་འདུན་རྟེན་མཆོད་བོད་ན་བཟང་༔ ཨུ་རྒྱན་བཞུགས་དང་ཁྱད་པར་མེད༔ གདམས་པས་ས་འོག་ས་སྟེང་གང་༔ སྐུ་གསུང་ཐུགས་རྟེན་རང་བྱུང་ལྡན༔ ཇོ་མོ་རྣམས་ཀྱང་རང་དབང་ཐོབ༔ ད་ལྟ་སྨྲེ་སྔགས་འདོན་མི་འཚལ༔ ཁྱོད་རྣམས་ཟོ་མདོག་བདེ་དུས་འདིར༔ ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ༔ ལྔ་བརྒྱའི་དུས་སུ་སྨྲེ་སྔགས་འདོན༔ བོད་ཁམས་སྡུག་པའི་དུས་ཤིག་མཆི༔ དེ་ཡང་བོད་ཁམས་རང་བཞིན་ངན༔ ཆོས་བྱེད་ཀུན་སྨོད་སྡིག་བྱེད་བསྟོད༔ ལས་ངན་དེ་ཡི་འབྲས་སྨིན་ནས༔ བོད་ཁམས་བསོད་ནམས་མར་མར་འགྲིབ༔ ཨུ་རྒྱན་ངས་ཀྱང་སྐྱོབ་དཀའ་སྟེ༔ འོན་ཀྱང་གནས་སྐབས་བདེ་བ་ཀུན༔ ང་ཡི་སྤྲུལ་པས་འགྲུབ་པར་འགྱུར༔ མ་དག་སེམས་ཅན་གདུལ་དཀའ་བས༔ དངོས་ཀྱིས་བསྡད་ཀྱང་ཐུལ་མི་འགྱུར༔ འགྲོ་དོན་ཐེབས་གཅིག་བྱས་ཟིན་གསུངས༔ བཤོལ་མ་ཐེབས་པར་གུང་ཐང་ལ་ཀར་བྱོན༔ ལྷ་སྲས་རྗེ་འབངས་རྣམས་ཀྱིས་ཕྱི་ཕྱག་མཛད༔ གུང་ཐང་ལ་ཀར་ཞག་ས་མཛད་པའི་དུས༔ ནམ་མཁའ་སྤྲིན་དཀར་དམར་སེར་འཇའ་འོད་འཁྱིལ༔ སྤྲིན་གྱི་གསེབ་ནས་རྟ་རྒྱལ་བ་ལ་ཧ༔ ཅང་ཤེས་རྟ་སྔོན་རིན་ཅེན་སྒ་སྲབ་སྤྲས༔ རྣ་མཆོག་ཀྲོང་ངེ་ཨི་ཧའི་སྒྲ་ཆེན་སྒྲོག༔ སྔ་ཕྱི་ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་༔ རོལ་མོ་སྣ་ཚོགས་མཁའ་འགྲོའི་ཚོགས་ཀྱིས་བསུས༔ སློབ་དཔོན་རྗེ་འབངས་རྣམས་ལ་མགུར་འདི་གསུངས༔ ང་འགྲོ་མེ་ལོང་ཡེ་ཤེས་ཡུལ་དུ་འགྲོ༔ མེ་ལོང་ཡེ་ཤེས་ཡུལ་དུ་འགྲོ་ཙ་ན༔ ཞེ་སྡང་དགྲ་ལ་མི་ཁྲོ་འོད་གསལ་ཐང་༔ དབྱིངས་རིག་མ་བུ་འབྲལ་མེད་འགྲོགས་ནས་འགྲོ༔ ང་འགྲོ་མཉམ་ཉིད་ཡེ་ཤེས་ཡུལ་དུ་འགྲོ༔ མཉམ་ཉིད་ཡེ་ཤེས་ཡུལ་དུ་འགྲོ་ཙ་ན༔ འཁོར་འདས་གཉིས་སུ་མི་དབྱེ་ཆོས་དབྱིངས་ཐང་༔ ཡེ་གྲུབ་སངས་རྒྱས་ཁྱུ་དང་འགྲོགས་ནས་འགྲོ༔ ང་འགྲོ་སོར་རྟོག་ཡེ་ཤེས་ཡུལ་དུ་འགྲོ༔ སོར་རྟོག་ཡེ་ཤེས་ཡུལ་དུ་འགྲོ་ཙ་ན༔ འདོད་ཆགས་གཉེན་ལ་མི་ཆགས་བདེ་ཆེན་ཐང་༔ བྱར་མེད་ལྟ་བའི་གྲོགས་དང་འགྲོགས་ནས་འགྲོ༔ ང་འགྲོ་བྱ་གྲུབ་ཡེ་ཤེས་ཡུལ་དུ་འགྲོ༔ བྱ་གྲུབ་ཡེ་ཤེས་ཡུལ་དུ་འགྲོ་ཙ་ན༔ ཕྲག་དོག་གཡུལ་ལ་མ་ཆགས་འཕྲེང་བྲལ་ཐང་༔ སྣང་སྲིད་ཟད་སར་སྐྱེལ་དང་འགྲོགས་ནས་འགྲོ༔ ང་འགྲོ་ཆོས་དབྱིངས་ཡེ་ཤེས་ཡུལ་དུ་འགྲོ༔ ཆོས་དབྱིངས་ཡེ་ཤེས་ཡུལ་དུ་འགྲོ་ཙ་ན༔ གཏི་མུག་གཉིད་དུ་མི་ལོག་སྒོམ་མེད་ཐང་༔ འཇའ་འོད་ཟེར་གསུམ་གྲོགས་དང་འགྲོགས་ནས་འགྲོ༔ ང་འགྲོ་ལྟ་བའི་ལ་ལ་བུད་ནས་འགྲོ༔ ལྟ་བའི་ལ་ལ་བུད་ནས་འགྲོ་ཙ་ན༔ ཉིན་མཚན་སྒོམ་དུ་མེད་པར་ཡེངས་མེད་འགྲོ༔ ང་འགྲོ་སྒོམ་པའི་ལ་ལ་བུད་ནས་འགྲོ༔ སྒོམ་པའི་ལ་ལ་བུད་ནས་འགྲོ་ཙ་ན༔ སྒོམ་གེགས་བྱིང་རྒོད་གཉིས་ལས་གྲོལ་ནས་འགྲོ༔ ང་འགྲོ་སྤྱོད་པའི་ལ་ལ་བུད་ནས་འགྲོ༔ སྤྱོད་པའི་ལ་ལ་བུད་ནས་འགྲོ་ཙ་ན༔ ཤེས་བྱར་མ་རྨོངས་ཐམས་ཅད་མཁྱེན་ནས་འགྲོ༔ ང་འགྲོ་འབྲས་བུའི་ལ་ལ་བུད་ནས་འགྲོ༔ འབྲས་བུའི་ལ་ལ་བུད་ནས་འགྲོ་ཙ་ན༔ རྟོགས་པ་མངོན་གྱུར་སངས་རྒྱས་ཐོབ་ནས་འགྲོ༔ ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ༔ གདོང་དམར་སྲིན་པོ་འདུལ་དུ་འགྲོ་ཙ་ན༔ སེམས་ཅན་ཐམས་ཅད་བདེ་ལ་བཀོད་དུ་འགྲོ༔ ང་འགྲོ་ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ༔ ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ་ཙ་ན༔ སྲིན་པོ་ཐམས་ཅད་ཆོས་ལ་འཛུད་དུ་འགྲོ༔ རྗེ་འབངས་ཡུན་དུ་སྐུ་ཁམས་བདེ་བར་བཞུགས༔ ཐུགས་རྗེ་རྒྱུན་ཆད་མེད་དོ་གསོལ་བ་ཐོབ༔ ཅེས་གསུངས་ང་འགྲོ་གསུངས་ནས་སེང་ལྡེང་སྒའི༔ སྔ་རུའི་སྟེང་དུ་ཞབས་གཉིས་མཉམ་བཞེངས་ནས༔ འདོམ་གང་ཙམ་གྱི་ནམ་མཁར་འཕགས་ནས་བཞུགས༔ རྗེ་འབངས་ཡོངས་ནི་འབའ་དིར་ཆོང་བརྒྱངས་བཏོན༔ ཞལ་ནི་ཕྱིར་ལོག་གཟིགས་ནས་འདི་སྐད་གསུངས༔ ཉོན་དང་བོད་ཀྱི་རྗེ་འབངས་རྣམས༔ ཁ་ཡེངས་མིག་ཡེངས་བདལ་བ་ཆེ༔ སྡུག་བསྔལ་བྱུང་ཡང་ཆོས་མ་དྲན༔ དྲན་རྒྱུའི་བློ་སྣ་དེ་ཡིན་ཏེ༔ ཚེ་འདིའི་འདུན་མ་བཤོལ་ལ་ཐོང་༔ འཁོར་བ་སྤོང་ན་ང་ཕྱིར་ཤོག༔ སྐྱིད་པའི་འདུན་མ་དེ་ལས་མེད༔ བོད་ཀྱི་དད་པ་ཁེ་ཁོལ་ཅན༔ ཉིན་པར་འཇིག་རྟེན་བྱ་བས་གཡེངས༔ མཚན་མོ་གཏི་མུག་གཉིད་དུ་སོང་༔ བར་སྐབས་ལྟོ་གོས་གཡོག་གིས་བྲེལ༔ མ་ལྡང་མ་ཕྱིད་མི་ཚེ་ཟད༔ ང་དང་ལྟ་སྤྱོད་ཡེ་མ་མཐུན༔ བྱ་བ་ཐོངས་ན་ང་ཕྱིར་ཤོག༔ ཆོས་ཀྱི་བྱེད་ཐབས་དེ་ལས་མེད༔ བོད་ཀྱི་བརྩོན་འགྲུས་ཚེ་འདི་ཆེ༔ སང་བྱ་གནང་བྱར་མི་ཚེ་ཟད༔ ད་ལྟ་འཆི་ཡང་ཆོས་མ་དྲན༔ དགོས་ངོ་ཤེས་པ་དེ་ཡིན་ནོ༔ ཟས་ནོར་གསོག་འཇོག་བརྗེད་ནས་སོང་༔ བཞག་འགྲོར་གོ་ན་ང་ཕྱིར་ཤོག༔ སེར་སྣ་འགྲོལ་ཐབས་དེ་ལས་མེད༔ བོད་ཀྱི་བྱ་བློ་མི་བཟད་མང་༔ དགྲ་འདུལ་གཉེན་སྐྱོང་ཡུལ་སྒྲོག་བཅུག༔ མི་ཚེ་རྒས་ཀྱང་ཆོས་མ་དྲན༔ བསྟོངས་ངོ་ཤེས་པ་དེ་ཡིན་ཏེ༔ ངོ་ཚ་ཁེ་གྲགས་ལས་ལ་འབྱམས༔ ཕ་ཡུལ་སྤོང་ན་ང་ཕྱིར་ཤོག༔ ཆོས་ཀྱི་གེགས་སེལ་དེ་ལས་མེད༔ བོད་ཁམས་འདོད་པའི་དོང་རིང་ཚོ༔ མི་གཅིག་ཁ་གཅིག་མ་སོས་པས༔ གཅེས་དགུ་ཤི་རུང་ཆོས་མ་དྲན༔ འཁྱེར་རྒྱུའི་ནོམ་པ་དེ་ཡིན་ཏེ༔ དོན་མེད་ལས་ལ་སྡུག་བསྒུར་འཛུགས༔ སྐྱོ་བ་སྐྱེས་ན་ང་ཕྱིར་ཤོག༔ ཞེན་ཆགས་བསྐྱུང་ཐབས་དེ་ལས་མེད༔ སྣང་བ་ཡུལ་ཕྱིར་མ་འབྲངས་བར༔ རིག་པ་ཚད་ཕོབ་ང་ཕྱིར་ཤོག༔ བདེ་བ་ཆེན་པོའི་ཕོ་བྲང་དུ༔ པདྨ་འབྱུང་གནས་འགྲོ་བ་ལ༔ སྐྱེལ་ཐུང་མི་འཚལ་ལོག་ནས་བྱོན༔ འདུ་འབྲལ་མེད་དོ་ཐུགས་མ་ཆད༔ ང་དང་འཕྲད་ཀྱིས་ཕྱི་ལ་ལྟོས༔ མ་མཐོང་ཙ་ན་མཉམ་པར་ཞོག༔ ཡང་ལྟོས་ཡང་ལྟོས་མ་ཡེངས་ལྟོས༔ ཉིན་པར་བྱུང་རེས་ཐུགས་རྗེ་ཆེན་པོ་སྒོམས༔ མཚན་མོ་བྱུང་རེས་པདྨ་ང་ཉིད་སྒོམས༔ མི་ཆོས་བྱས་པས་ལྷ་ཆོས་མི་འབྱུང་བས༔ ཚེ་འདིའི་བྱ་བ་ཐོང་ཞིག་རྗེ་འབངས་རྣམས༔ ཞེས་གསུངས་རྟ་མཆོག་རིན་ཅེན་སྟེང་དུ་ཆིབས༔ དཔའ་བོ་སྡེ་བཞིས་ཆིབས་ཀྱི་སྣ་དྲངས་ནས༔ འཇའ་ཚོན་འོད་དུ་ཁྱིལ་ལེ་ནམ་མཁར་བཞུད༔ རྗེ་འབངས་ཉ་མོ་བྱེ་ཚན་བོར་བ་ལྟར༔ ལྟོགས་སྐོམ་མ་དྲན་གུང་ཐང་ལ་ཀར་ལུས༔ དེ་ནས་རྒྱལ་བློན་རྗེ་འབངས་འཁོར་བཅས་ཀྱིས༔ མང་ཡུལ་གྱི་གྲོང་རོང་ཐང་ཤོ་རྫིང་མཐར༔ ཉི་ཤུ་ལྔ་བར་མཉམ་པར་བཞག་ནས་སུ༔ ཉི་ཟེར་སློབ་དཔོན་བཞུད་པའི་ཕྱི་ལ་བལྟས༔ ཉི་ཟེར་གསེབ་ནས་ཕར་ལ་བྱ་རོག་ཙམ༔ ཕྲིག་ཕྲིག་འོད་དུ་ལམ་ལམ་བྱས་ནས་བཞུད༔ དེས་ན་ཕུག་རོན་ཙམ་དང་བྱེའུ་ཙམ༔ སྦྲང་བུ་ཙམ་དང་སྲོ་མ་ཙམ་སོང་ནས༔ དེ་ནས་བལྟས་ཀྱང་མིག་གིས་མ་མཐོང་སྟེ༔ མཉམ་པར་བཞག་ཅིང་བལྟས་ཀྱང་མ་མཐོང་བར༔ དགོངས་ཀ་མཉམ་གཞག་ཉི་མ་ཟེར་ཙམ་ན༔ རྒྱ་གར་ཕར་བརྒལ་ཨུ་རྒྱན་མ་སླེབས་པར༔ འཛམ་བུ་ཟ་རིའི་ཁར་གཤེགས་བཞུགས་པ་མཐོང་༔ དེ་ནས་ནང་པར་མཉམ་གཞག་བལྟས་པ་ཡིས༔ སིངྒ་ལ་གླིང་ལྕགས་ཀྱི་གྲོང་ཁྱེར་འགྲམ༔ ལྗོན་ཤིང་ཙམ་པ་ཀ་ཡི་བསིལ་གྲིབ་བཞུགས༔ ཅང་ཤེས་རྟ་མཆོག་གསེར་གྱི་བྱེ་མ་འགྲེ༔ སྨན་གྱི་རྒྱལ་པོ་སི་ཏ་ཟ་བ་མཐོང་༔ སློབ་དཔོན་དྲུང་ན་སྲིན་པོའི་བུ་མོ་ནི༔ རབ་མཛེས་གཞོན་ནུ་སྟོང་ཕྲག་གཅིག་འདུས་ནས༔ ཆོས་ཀྱི་འོད་ཟེར་ཕོག་ནས་མོས་པ་མཐོང་༔ སྲིན་པོ་སྲིན་མོ་ལྕགས་ཁང་སྒོ་མེད་དུ༔ སྲིན་པོའི་རྒྱལ་པོ་ཐོད་འཕྲེང་རྩལ་དུ་བཞུགས༔ སྲིན་པོ་ཐམས་ཅད་འདུད་ཅིང་གུས་པར་མཐོང་༔ དེ་ནས་རྒྱལ་བློན་རྗེ་འབངས་འཁོར་བཅས་ཀྱིས༔ ཕྱི་ལ་ཕྱག་འཚལ་རང་རང་ཁབ་ཏུ་ཆས༔ དཔལ་མོ་དཔལ་ཐང་ཚུགས་ལ་སླེབ་པའི་ཚེ༔ རྒྱལ་སྲས་མུ་ཏིག་བཙན་པོའི་ཞལ་ན་རེ༔ མཐོང་ཐོས་དྲན་རེག་དོན་ལྡན་པའི༔ གུ་རུ་ཨུ་རྒྱན་ཡུལ་དུ་བཞུད༔ བོད་ཡུལ་ལུང་པ་སྟོངས་པར་བཏང་༔ ཡབ་རྗེ་རྒྱལ་པོ་དགུང་དུ་གཤེགས༔ བདག་ནི་ལུས་སེམས་སྣང་བ་སྐྱོ༔ ཁྱེད་རྣམས་སྐྱོ་བ་མི་སྐྱེའམ༔ རང་རེ་རྗེ་འབངས་ཐམས་ཅད་ཀུན༔ ཤོང་གྱི་ཟམ་བུ་བསྐོར་དུ་འདོང་༔ རྒྱལ་པོས་དེ་སྐད་བཀའ་སྩལ་པས༔ བློན་པོའི་ཚོགས་ཀྱིས་ལན་གསོལ་བ༔ གསོན་དང་མངའ་བདག་ཆོས་ཀྱི་རྒྱལ༔ ཟམ་བུས་ཅི་བྱེད་ཁབ་ཏུ་གཤེགས༔ ཤུལ་ན་ཡོད་པའི་རྗེ་འབངས་རྣམས༔ མངའ་བདག་ཆར་འདོད་ཚད་པས་སྐོམ༔ གཙུག་ལག་ཆེན་པོར་མྱུར་བར་གཤེགས༔ ཞེས་ཞུས་རྗེ་འབངས་རང་ཡུལ་ལོག༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ༔ ༔
1006༽འཁོར་བའི་ཉེས་དམིགས་སོགས་གསུངས་པའི་ལེའུ།
107༽བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།
〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』
〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗
མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】
ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད། གང་ཞེ་ན། འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད། དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།
གསལ་བཤད།
སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ། ཡུལ་ལུང་གོམས་སྤྱོད་ངོ་སྤྲོད། ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར། ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།
འཕྲིན་སྟེགས་གཙོ་སྐྱོང་པས།
སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ། མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།
版权为原著所有,著有侵犯到您的权益,请您与我们联系,我们将立即删除
སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️
རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】
ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽
ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།
ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།
རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།
སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽
མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ།
རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།
སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།
བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽
དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽
བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』
དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག
མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།
འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽