查看原文
其他

བྱང་ཆུབ་འཛིན་གྲྭས་གེ་སར་འཁྲུངས་སྟོན་མཆོད་པ།


ཆོས་རྗེ་ཡིད་བཞིན་ནོར་བུས་མཛད་པའི་གེ་སར་སྐྱེས་བུ་མཆོག་གི་བསྟོད་པ། 

བྱང་ཆུབ་འཛིན་གྲྭས་གེ་སར་རྒྱལ་པོ་མཆོག་གི་འཁྲུངས་སྟོན་དུ་འབྲེལ་ཏེ་ཆེད་ཞུས་བྱས་པའི་དྲྭ་ལམ་སློབ་ཁྲིད་ཡེ་ཤེས་འཁོར་ལོ་ཐེངས་ཉེར་དགུ་དང་རེ་དགུ་དང་དོན་དགུ་པའི་གེ་སར་རིག་གནས་ཆེད་མཁས་པ་གསུམ་གྱི་གསུང་བཤད་བསྐྱར་སྤེལ། 






རི་བོའི་སྒྲུང་།   


ཚིག  བྱང་སྲས་བློ་བཟང་ཡེ་ཤེས། 

ལེན་མཁན། རིན་ཆེན་ལྷ་མོ།


ཞལ་ལྟ་བས་མི་ངོམས་ཡིད་འཕྲོག་མ། །

སྤྱན་བཟོ་བོའི་པུར་གྱིས་བྲིས་འདྲ་བའི། །

མ་རྗེ་བཙུན་ཚེ་འཛིན་དབྱིངས་ཀྱི་རྗེ། །

ཡིད་དད་པས་འབོད་ན་ད་ཚུར་བྱོན། །


ལུས་སྤྱི་གཙུག་པད་མ་ཡངས་པའི་ཁར། ། 

སྐུ་འཕོ་མེད་ཚེ་ཡི་དཔལ་སྩོལ་བའི། ། 

ཞབས་མི་ཤུགས་ཐིག་ལེའི་མཛེས་སྡུག་ཀྱང་། །

ལྷ་ཚངས་པའི་གཙུག་ན་མངོན་པར་མཐོ། ། 


ངག་མགྲིན་པ་གསར་བའི་དོ་ར་རུ། །

གསུང་མི་འགག་དབྱངས་ཀྱི་མཆོག་སྦྱིན་པའི། །

ཆོས་ཐེག་པའི་ཉིང་ཁུ་དྭངས་མའི་སྤྲིན། །

དམན་ང་ལ་བགོ་སྐལ་ཆད་མི་རུང་། །


སེམས་འགྱུར་མེད་དད་པའི་ཡིད་མཁའ་ན། །

ཐུགས་བྱིན་རླབས་ཉི་མའི་མདངས་གསལ་བའི།  །

ངའི་ལུས་ངག་ཡིད་ཀྱི་དཀྱིལ་འཁོར་ནི། །

ཁྱེད་སྐུ་གསུང་ཐུགས་སུ་འགྲུབ་པ་དགོས། །


ས་འདི་ནི་གནས་ཡུལ་མཁའ་འགྲོའི་ཞིང་། །

མ་སྒྲོལ་མས་བྱིན་གྱིས་བརླབས་པའི་ཡུལ། །

གནས་ཡིད་འོང་མ་ཧཱ་ནེའུ་རྒུ་སྟེ། །

ཆོས་སྡེ་བཞིའི་དབུ་འཕང་ལྷ་ལས་མཐོ། །


ས་གཞན་ཡུལ་ལོས་བདེ་ལོས་སྐྱིད་དེ། །

གནས་འདི་ཡི་བདེ་སྐྱིད་དེ་ལས་ལྷག །

རྗེ་འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱིས། །

ཡུལ་འདི་ལ་ཆོས་ཀྱི་སྣང་བ་རྒྱས། །


མ་སྒྲོལ་མའི་ཐུགས་རྗེ་མཁའ་ལ་མཆེད། །

དགུང་སྔོན་པོའི་རང་མདངས་ལྷག་ཏུ་གསལ། །

མཁའ་འདི་ལ་འགྱུར་བ་མ་ཡོད་ན། །

གནས་ནེའུ་རྒུར་འཕོ་འགྱུར་ག་ལ་ཡོད། །


རི་གཙང་བོའི་ལང་ཚོའི་འཕེལ་ཁ་ལ། །

མ་རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཞུགས། །

ས་ཆེན་པོ་འགྱུར་བ་མ་ཡོད་ན། །

གནས་ནེའུ་རྒུར་དར་རྒུད་ག་ལ་ཡོད། །


ཆོས་ལུང་རྟོགས་ནོར་བུའི་ཕྲེང་བ་ནི། །

གནས་ནེའུ་རྒུའི་བསོད་ནམས་དཔལ་དུ་ཆེ། །

མ་ཡུམ་གཅིག་སྒྲོལ་མའི་ཐུགས་རྗེ་ཡིས། །

ཡུལ་ནེའུ་རྒུའི་གཟི་བརྗིད་ཉམས་པ་མེད། ། 


ལྕགས་བྱི་ཟླ་༨ ཚེས ༢༩ ལ་བྲིས།




འདན་སྲས་མཆོད་གླུ།


ཚིག  བྱང་སྲས་བློ་བཟང་ཡེ་ཤེས། 

སྒྲུང་ངག  དམངས་ཁྲོད། 

སྒྲུང་བ། གསེར་རྟའི་གླུ་བ་པད་འཕྲིན།

༡ 

ཨ་ལ་འདན་སྲས་དགྱེས་པའི་གླུ། ། 

ཐ་ལ་སྙན་པའི་དབྱངས་ཀྱིས་འགུགས། ། 

གླུ་ནི་ཚངས་པའི་གླུ་རུ་འདྲེན། །

སྙན་པས་མི་ཚད་དོན་ཡང་ཟབ། །

དབུ་རྨོག་མཁའ་དང་མཉམ་པ་ཡི། །

ཉི་ཟླའི་གཟི་བརྗིད་ལས་ལྷག་པའི། །

རྫུ་འཕྲུལ་རྩལ་གྱི་རྫུ་བག་གིས། །

ད་ལྟ་ཕེབས་དགོས་སེང་ཆེན་རྗེ། ། 

འཇམ་དཔལ་དྲག་ཏུ་ཁྲོས་པའི་གར། །

འདན་སྲས་ཡིད་བཞིན་ནོར་བུ་མཆོག །

མཐུ་ཆེན་དཔའ་བོའི་སྐུར་བཞེངས་ཏེ། །

དམ་སྲིའི་སྙིང་ཁྲག་ཧུབ་ཀྱིས་བཞེས། །

གཡུ་བྱ་རླུང་གཤོག་ལྡེམ་པའི་བང་། །

བསྐལ་བའི་རླུང་གི་རྩལ་ཡ་སྟེ། །

རྨིག་བཞི་གློག་ལྟར་འཁྱུགས་པའི་འགྲོས། །

སྲིད་པའི་ཁམས་ཀུན་ཞབས་ཀྱིས་བརྫིས། །

ཉག་ཕྲན་མདའ་ཡི་མཐེབ་ཤུགས་ཀྱི། །

གྲགས་པ་དགུང་དུ་ཆེ་བའི་བློན། །

ཚ་ཞང་འདན་མ་བྱང་ཁྲ་ཡི། །

དགྱེས་ཞལ་དེ་རིང་འདི་ནས་སྟོན། །

ཡིད་འོང་མཛེས་སྡུག་ལང་ཚོ་ནི། །

ལྷ་མོ་ལས་ཀྱང་སྒེག་པ་སྟེ། ། 

ནེའུ་ཆུང་དབྱིངས་ཀྱི་ཌཱ་ཀི་ཉིད། །

གནས་འདིར་རྟག་ཏུ་བཞུགས་པ་ཡིན། །

རུ་དར་འཁྲིགས་པའི་རྔམ་ཟིལ་གྱིས། །

གནམ་ས་བར་སྣང་ཁེབས་པ་ཡི།  

གླིང་དཀར་དཔའ་ཐུལ་སྤྲུལ་བའི་དཔུང་། ། 

དྭངས་སྨན་མཁའ་འགྲོའི་ཚོགས་ཀྱང་བསུ། །


ས་འདིའི་ས་ངོ་ལོས་ཀྱང་ཤེས། །

རྗེ་བཙུན་སྒྲོལ་མས་བྱིན་བརླབས་པའི། །

གནས་ཆེན་གྲུ་ལ་སྤྱོད་པའི་པང་། །

སྐྱིད་པའི་མ་ཧཱ་ནེའུ་རྒུ་རེད། །


ཕྱི་ལྟར་ཨརྱ་ཏཱ་རེའི་གནས།  །

ནང་ནི་རྡོ་རྗེ་ཕག་མོ་ཉིད། །

གསང་བ་སེང་གདོང་ལྷ་མོ་རུ། །

པདྨའི་ལུང་གིས་བསྔགས་པ་འཐོར། །

༡༠

གནས་རིའི་ཁོ་ར་ཁོར་ཡུག་ཏུ། །

ཁྲ་མོ་གླིང་གི་རྗེས་ཤུལ་དང་། ། 

འཁྲུལ་མེད་སྐྱེས་བུའི་ཉམས་སྣང་ལ། ། 

ཞལ་གཟིགས་ལུང་བསྟན་རྒྱུན་ཆད་མེད། །

༡༡

སྤྱི་ལོ་གཅིག་དགུ་གོ་བརྒྱད་དེ། །

རབ་རྒྱན་ས་ཕོ་སྟག་གི་ལོར། །

ཆོ་འཕྲུལ་ཟླ་བའི་ཚེས་བཟང་ལ། །

ཆོས་རྗེ་ཡིད་བཞིན་ནོར་བུ་ཡིས། །

༡༢

འབུམ་ཤོང་ཀུན་དགའ་ར་བའི་སྟེང་། །

མཁའ་འགྲོའི་ཚོགས་ཁང་ཆེན་མོ་རུ། །

དགྱེས་པ་ཆེན་པོས་གཟེངས་བསྟོད་བཅས། །

རྡོ་རྗེ་ལྗགས་ཀྱིས་དབུགས་དབྱུང་ཐོབ། །

༡༣

ཁྲི་ཕྲག་གྲངས་ལས་བརྒལ་བ་ཡི། །

དགེ་འདུན་འདུ་བ་རྒྱ་མཚོའི་དབུས། །

གསུང་གསང་མཐོན་པོས་ནེའུ་རྒུ་ནི། །

འདན་སྲས་བཀའ་བབ་གྲས་སུ་བགྲངས། །

༡༤

མཁའ་ཡི་མེ་ཏོག་ཆར་བ་ནི། །

རིགས་ལྔའི་ཕྱག་མཚན་གར་དུ་སྣང་།  །

ལྟད་མོ་མིག་ལ་ཆེ་བ་དང་། ། 

གྲགས་པ་ཡིད་ཀྱི་དཔལ་དུ་ཐོབ། ། 

༡༥

གེ་སར་སྐྱེས་བུ་མྱུར་ཏུ་དགོངས། ། 

མཐུ་རྩལ་ཆེན་པོས་མགོན་སྐྱབས་གྱིས། །

བསྟན་འགྲོའི་རྒུད་པ་རྨང་ནས་ཆོམས། །

དར་བ་གོང་ནས་གོང་དུ་སྤོར། །

༡༦

འདན་སྲས་གཡུ་འོད་འབུམ་མེ་ནི། །

ཞི་རྒྱས་དབང་དང་དྲག་པོའི་སྐུའི། །

སྲིད་པའི་ཁམས་ན་རྟག་ཏུ་བཞུགས།  

སྡོངས་གྲོགས་བཅོལ་ན་གློག་ལས་སྐྱེན། །

༡༧

རང་གི་ཡིད་ཆེས་མ་ཞན་ན། །

གེ་སར་མཁྱེན་པས་ནམ་ཡང་གཟིགས། །

འདན་སྲས་འཕྲིན་ལས་ཉི་མའི་འོད། །

སྐྱེ་རྒུའི་སྙིང་ན་དྲོད་དུ་སྨིན། །

༡༨

ལྷ་ལ་འབོད་ན་བུ་ལ་དགོངས། །

དཔའ་ཐུལ་སྤྲུལ་བའི་དཔུང་ཚོགས་དང་། ། 

མི་མིན་རིག་འཛིན་མཁའ་འགྲོའི་སྡེ། །

དེ་རིང་ཀུན་གྱིས་མཇལ་སར་ཕེབས། །

༡༩

དྲི་ཞིམ་བསང་གི་དུད་པ་སྔོ། །

རྔ་དུང་རོལ་མོའི་སྒྲ་དབྱངས་སྙན། །

ཀི་བསྭོའི་སྒྲ་ཡི་འབོད་པ་མཐོ། ། 

ད་ལྟ་མི་ཕེབས་ནམ་ཞིག་ཕེབས། །

༢༠

ནམ་མཁའི་ཁམས་ན་འཇའ་སྤྲིན་འཁྲིགས། །

ལྷ་ཞལ་སྤྲིན་གྱི་གསེབ་ནས་མཇལ། །

ཕྱི་ནས་མིན་ཡང་ནང་ནས་རྙེད། །

སེམས་ཀྱི་རང་གཤིས་ལྷ་རུ་གོ  །

༢༡

ཁ་བའི་རླུང་རྟ་ཡར་ལ་སྤོར། །

ཚེ་བསོད་སྙན་གྲགས་མཐའ་རུ་རྒྱས། །

རྒྱལ་བསྟན་ཉི་མའི་སྣང་བ་གསལ། །

ཡུལ་འདིར་རྟག་ཏུ་དགེ་གྱུར་ཅིག །


ཅེས་པ་ཟག་མེད་ཆོས་སྡེ་ཉེར་གཅིག་གི་གྲངས་ལྡན་འདི་ནི། བོད་ཆུ་སྟག་ལོའི་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་འབྲི་མགོ་བཟུང་ནས་མཇུག་གྲུབ་པར་བྱེད་པ་པོ་ནི་བྱང་སྲས་སོ། ། ༢༠༢༢    ༥    ༢༥



-མེ་ངར།-





您可能也对以下帖子感兴趣

文章有问题?点此查看未经处理的缓存