༣ བརྩེ་དུང་ལ་གཅེས་སྤྲ་བྱེད་དགོས་ཀྱང་འཛིན་ཆགས་ནམ་ཡང་བྱེད་མི་འོས།
༣ བརྩེ་དུང་ལ་གཅེས་སྤྲ་བྱེད་དགོས་ཀྱང་འཛིན་ཆགས་ནམ་ཡང་བྱེད་མི་འོས།
མི་ལ་ལ་ཞིག་གིས་བརྩེ་དུང་ལ་བཅངས་པའི་ཞེན་འཛིན་ནི་འཇིགས་སུ་རུང་བ་ཞིག་རེད། ཐུན་གསུམ་རྨི་ལམ་གྱི་ཞིང་ནས་འདོད་པའི་བརྩེ་དུང་དང་ཉིན་མཚན་མེད་པར་དྲན་ལམ་དུ་གསལ་བའི་དགའ་རོགས་འཐོབ་ཆེད་ཤིན་ཏུ་སྡུག་བསྔལ་ཞིང་འཆི་བ་ལས་གསོན་པ་སྡུག་སྙམ་བྱེད།
འདིའི་རྒྱུ་མཚན་ཅི་ཞིག་ཡིན་ཞེ་ན། དེ་ནི་མི་རྟག་པ་མ་བསྒོམས་པའི་རྐྱེན་གྱིས་ཡིན་ནོ།
སྔོན་གྷ་ན་རི་པཱ་བྱ་བའི་རྒྱལ་པོ་ཞིག་ཡོད་ཅིང་ཁོ་དང་བཙུན་མོ་གཉིས་ཤིན་ཏུ་མཉེས་ཤིང་གཤེན། ལོ་མང་པོའི་རིང་དུ་བརྩེ་དུང་འོ་ཆུ་ལྟར་འདྲེས་ཤིང་སྐད་ཅིག་ཏུ་ཡང་འབྲལ་མི་ཕོད་པར་གྱུར་པ་རེད། ཉིན་ཞིག་རྒྱལ་པོའི་བམས་བློ་མཚར་པོ་ཞིག་སྐྱེས་ནས་བཙུན་མོའི་བརྩེ་དུང་ལ་བརྟག་པ་ཞིག་བྱེད་དགོས་སྙམ། དེ་ནས་རྒྱལ་པོས་བྲན་གཡོག་ཅིག་ལ་བཙུན་མོར་རྒྱལ་པོ་སྟག་གིས་ཟོས་སོ་ཞེས་རྫུན་བཤད་པར་བསྒོས་ནས་རང་ཉིད་ཕོ་བྲང་གི་ལྡུམ་རའི་ནང་དུ་ཡིབ་ཏེ་བཙུན་མོའི་རྣམ་འགྱུར་ལ་དཔྱད་། བཙུན་མོས་གཏམ་དེ་ཐོས་རྗེས་དོན་སྙིང་སྲེག་པ་ལྟར་བྱེད་ཅིང་སྐྱོ་སྡུག་ཆེན་པོས་མནར་དེ་མུར་བརྒྱལ་ཏེ་ཚེ་འཕོས།
རྒྱལ་པོས་གནས་ཚུལ་དེ་མཐོང་ནས་སྐྱོ་བ་ཆེན་པོས་གདུང་ཞིང་སྔར་བྱས་ལ་ཤིན་ཏུ་འགྱོད། དེ་ནས་བཙུན་མོའི་ཕུང་པོ་དུར་ཁྲོད་ཅིག་ཏུ་ཁུར་ནས་ཉིན་རྟག་པར་འགྲམ་ནས་སྲུང་ཞིང་གོམ་གཅིག་ཀྱང་མ་བྲལ། རྒྱལ་པོ་སྐྱོ་བ་ཆེན་པོས་ངུ་བཞིན་དུང་བ་ཟབ་མོས་བཙུན་མོའི་མིང་སྟེ་ཝ་པཱིང་གྷ་ན་ཞེས་བོས།
ཕུང་པོ་དལ་གྱིས་རུལ་མྱག་ཏུ་གྱུར་ནས་རུས་གོང་དུ་གྱུར་ཅིང་རུས་པ་ཡང་རིམ་གྱིས་ཐལ་བ་རུ་གྱུར་ཀྱང་རྟག་ཏུ་སྲུང་ཞིང་བསྡད། དེ་ལྟར་རྒྱལ་པོ་དེ་ཉིད་དུར་ཁྲོད་དེ་རུ་མི་ལོ་བརྒྱད་ཙམ་དུ་བསྡད།
ཕྱིས་སུ་དགེ་བའི་བཤེས་གཉེན་ཞིག་གིས་སྡུག་བསྔལ་ལས་སྒྲོལ་བར་དགོངས་ནས་རྫ་སྣོད་ཅིག་ཁྱེར་ནས་དུར་ཁྲོད་དེར་སོང་། རྒྱལ་པོ་དེའི་ཉེ་སར་ཐོན་སྐབས་བསམ་བཞིན་ལག་ནས་རྫ་སྣོད་བཏང་བས་ས་རུ་ལྷུང་ནས་ཕྱེ་མོར་གྱུར། དགེ་བའི་བཤེས་གཉེན་དེ་ཉིད་སྐྱོ་བ་ཆེན་པོས་གདུང་བའི་རྣམ་པར་བརྫུས་ནས་ངུ་བཞིན་ངའི་རྫ་སྣོད་ཅེས་བོས།
རྒྱལ་པོས་མཐོང་རྗེས་བཟོད་དུ་མེད་པར་གྱུར་ནས་གནས་སྐབས་བཙུན་མོ་དྲན་པའི་གདུང་བ་དང་ངུ་འབོད་བྱེད་པ་སོགས་མཚམས་བཞག་སྟེ་ན་རེ། ཁྱོད་དངོས་གནས་བླུན་པོ་མཐར་ཐུག་པ་ཞིག་རེད། རྫ་སྣོད་ཆག་ཟིན་པས་གདུང་བས་ངུས་པས་ཅི་ཕན། རྫ་སྣོད་དེ་ནམ་ཡང་ཆག་མི་སྲིད་པ་ཞིག་མིན་པས་ཡང་བསྐྱར་གཞན་ཞིག་འཚོལ་ཆོག་ཅེས་སྨྲས།
དགེ་བའི་བཤེས་གཉེན་དེས་ལྡོག་སྟེ་ཁྱོད་ང་ལས་ཀྱང་བླུན་པ་ཞིག་རེད། ངའི་རྫ་སྣོད་ཆག་ཟིན་ཡང་མ་མཐའ་ཡང་ཐོ་རེ་ལོངས་པ་ཙམ་ཡོད། ཁྱོའི་བཙུན་མོ་ནི་ད་ལྟ་ཐལ་བ་སྤར་གང་ཙམ་ཡང་མེད་ཀྱང་ད་དུང་འདི་ན་གདུང་བ་མི་བཟད་པས་ངུ་བཞིན་འདུག་ཅེས་སྨྲ
རྒྱལ་པོ་རྨོངས་གཉིད་ལས་སད་པ་ལྟ་བུར་གྱུར་ཅིང་ཆོས་ཐམས་ཅད་མི་རྟག་པ་ལས་འདའ་མི་ནུས་པའི་གནས་ལུགས་རྟོགས་ནས་དགེ་བའི་བཤེས་གཉེན་དེ་ལ་དད་དེ་རྗེས་སུ་འཛིན་པར་གསོལ། དེ་ནས་དགེ་བའི་བཤེས་གཉེན་དེས་ཐབས་ཀྱིས་བཏུལ་ནས་མཐར་རྟོགས་པ་ཁྱད་དུ་འཕགས་པ་ལ་མངའ་དབང་འབྱོར་རོ།
ངས་རྟག་ཏུ་ཀུན་ལ་ཀུ་རེ་དང་བཅས་ཏེ་ཁྱོད་ཅག་གིས་གལ་སྲིད་རྗེས་སུ་གཉེན་འཐོར་བརྒྱབས་པ་དང་དགའ་རོགས་འཐོར་བའི་མི་མཐོང་སྐབས་རྫ་སྣོད་ཅིག་ཁྱེར་ནས་དེའི་མདུན་དུ་ཆོག་ལ། དེ་ནས་སྐྱོ་སྡུག་གིས་ངུ་བར་རྫུ་དགོས། འདི་ནི་མན་ངག་ཅིག་ཡིན་ཞིང་ནུས་པ་ཐོན་སྲིད་ན་ཡང་ཐང་ཞེས་སྨྲ་མྱོང་།
ད་སྐབས་སློབ་གསོ་དང་འཕྲིན་སྦྱོར་སོགས་ཀྱིས་བློ་སྣ་དྲངས་ནས་མི་ཧ་ཅང་མང་པོས་བརྩེ་དུང་ལ་ཞེན་ཆགས་ཆེན་པོ་བྱེད་ཅིང་དེའི་རྐྱེན་གྱིས་སྡུག་བསྔལ་མི་བཟད་པ་མྱོང་བ་དག་ཀྱང་བགྲང་གིས་མི་ལང་། དོན་དུ་ལག་སྲིད་ཁྱོད་ཀྱིས་ནང་ཆོས་ལས་གསུངས་པའི་གནས་ལུགས་ཁ་ཤས་ཏེ་ཆོས་ཐམས་ཅད་མི་རྟག་པ་ཡིན་པ་དང་རྐྱེན་དང་འཕྲད་ན་འདུས། རྐྱེད་དང་མ་འཕྲད་ན་འབྲལ་བའི་ཆོས་ཉིད་རྟོགས་ན་བརྩེ་དུང་ནི་ཅི་ཡང་མ་ཡིན་པ་ཤེས་ནུས་སོ།
མཁན་པོ་བསོད་དར་རྒྱས་ཀྱིས་གསུངས། བསྒྲུབས་ན་འགྲུབ་ཅེས་པའི་ལེའུ་གསུམ་པ་ལས།