查看原文
其他

ཁོ་མོོའི་བཞིན་གྱི་མདངས་ཉམས་ཤིང་མིག་ཆུ་འཐོར་བའི་ཉིན་དེར།

👉 爱情孤岛 2020-02-27

      

མིག་ཆུ་དང་། སྐྱོ་གདུང་། གཏམ་རྒྱུད།

རྩོམ་པ་པོ། ཐོག་ལྕེ།

     རྒྱུན་འགྲོས་ཀྱི་འཁོར་ལམ་དུ་རྟོག་པ་རང་ཡན་པ་ཞིག་གི་རྟ་ཁའི་སྲབ་སྐྱོགས་ལ་ཨུ་ཚུགས་སྲ་འཐས་ཀྱི་བཟོ་ཉམས་སྟོན་རྒྱུར་སྤྲོ་བའི་ང་ཉིད། སྔར་བཞིན་སྒོ་དང་དྲ་མིག་གཅིག་ལས་མེད་པའི་ཁང་མིག་ཆུང་ཆུང་ཞིག་གི་གྲུ་ཟུར་ནས། ཤོག་དཀར་གྱི་ངོས་ལ་ཕྱིར་ལྡོག་མེད་པར་བཞུར་བཞིན་པའི་ཡིག་ཕྲེང་རྦབ་དྲག་པ་ཞིག་གི་གཞུག་ལ་ཤ་ཁྱི་ཞིག་ལྟར་རྗེས་འདེད་བྱས་ཙང་། རྐྱེན་ཅི་ཞིག་འབྱུང་བའི་སྔ་ལྟས་བཞིན་གློ་རྡེག་ཏུ་ངའི་སེམས་པ་ལྷོང་ལྷོང་པོར་གྱུར་ནས་ཁ་མལ་ནས་སྡོད་མི་ཚུགས་ལ། ངལ་དུབ་དང་སུན་སྣང་གི་འཇབ་རྒོལ་གྱིས་ངའི་ཤུགས་ཀྱི་འཕང་ཚད་དམའ་བར་བྱས་མོད། རྒྱུན་ལྡན་གྱི་གྲོལ་མཚམས་སུ་མ་སླེབས་པར་བཙན་གྱིས་དཔའ་ཚུགས་པར་བྱས་ནའང་། རྒོད་དྲག་ཅིང་རྣོ་དབལ་ཚ་བའི་ངའི་ཚོར་ཤེས་ཆུ་མིག་བཞིན་བརྡོལ་ཡོང་ལ། རྦབ་ཆུ་བཞིན་བྱོ་ཡང་ཡོང་། སྒྱེའུ་ནང་དུ་སྙུང་བུ་བཅུག་པ་བཞིན་རྩེ་ནས་བུད་དེ་རྩ་བ་ཕྱིར་ཕྱུང་ཡོང་ཙང་། ལྡོག་མེད་ཀྱི་གཞུ་ལ་དྲངས་པའི་སྔོན་རྟགས་ཚད་བྱུང་གི་མདའ་མོ་དེར་ཅིས་ཀྱང་གཡོལ་དུ་མེད་ལ། མ་བཅོས་རང་ཆགས་སུ་གདའ་བའི་ཚུལ་ལུགས་ཇི་བཞིན་དེ་བསྒྱུར་མི་བཏུབ་པ་གདོད་མའི་གཤིས་སུ་གྲུབ་པ་རང་རེད། 

     དེ་ལྟར་ང་རང་རྒྱུན་ལྡན་གྱི་དུས་མཚམས་ལས་སྐར་མ་ཉི་ཤུ་ཙམ་སྔོན་ལ་བསྣུར་ནས། སེམས་འགྱུ་རྟོག་པ་རྒོད་པོའི་གཤོག་འོག་ལ་རླུང་ཞིག་ལྡང་ནས་ཚོར་བ་གྲིམ་ཞིང་འགག་པ་དེ་ཅུང་ལྷོད་པོར་ཨེ་ཆགས་ལ་རེ་བ་འཁྱུག་ཙམ་འཁོར་ཞོར། དེ་མུར་གཞུག་རྗེས་འདེད་པའི་ཤ་ཁྱིའི་ཚུལ་ལུགས་སྤངས་ཏེ། མིག་ཟུང་སྒེའུ་ཁུང་གི་ཕྱི་ན་རླུང་བུས་སྐྱོམ་བཞིན་པའི་ལྗང་མདོག་གི་སྡོང་བོ་དེའི་ཡལ་འདབ་དང་ཤག་སྒྲ་ལ་ཕྱོགས་པར་བྱས་ནས་དར་ཅིག་ལ་བསྡད། ཡིན་ནའང་ཚོར་ཤེས་ཀྱིས་བསྐྱེད་པའི་འཇིགས་དངངས་དང་སེམས་འཚུབ་ཀྱི་མེ་ལྕེ་ལས་སླ་བོར་གཞིལ་འགྲོ་བ་ཞིག་ག་ལ་ཡིན། དུས་དེར་ངས་ཚོད་ཚོད་མེད་པར་སྐད་འཕྲིན་གྱི་སྒོ་ལུང་ལ་ལག་པ་འདར་འདར་དུ་འཇུས་ནས་ཤེལ་ངོས་ལ་ཟིལ་བའི་བརླན་རྗེས་བཏོད་པར་བྱས་ལ། ནང་དུ་འཛུལ་ཕོད་ལ་མི་ཕོད་ཚུལ་གྱིས་སྒོ་ལུང་འཐེན་ནས་སྒོ་ཐེམ་བརྒལ་བའི་བྱ་རིམ་སྐྱོང་བར་ཞུགས། དུས་དེར། རིང་ནས་སྨོས་འདྲིས་ཆེ་བའི་གཞོན་ནུ་མ་གང་གིས་ང་ལ་འདྲ་པར་ཞིག་བསྐུར་ཡོད་པའི་རྣམ་པ་དེ་ཤར་བ་ལ། རང་གི་སྣང་ཚོད་དུ་དེ་མུར་དྲན་ཡོང་བ་ནི། ཁོ་མོས་མོ་རང་དྲན་པའི་གདུང་བ་སེལ་བྱེད་དང་བདག་ལ་བརྩེ་བའི་མངོན་རྟགས་སུ་སྔར་ལུགས་ལྟར་ཁོ་མོའི་འདྲ་པར་ཉམས་དགའ་བ་ཞིག་བསྐུར་ཡོད་པར་ཞེ་ཐག་གཙང་བཅད་ཀྱིས་ཁ་ཕྱེས་ཙ་ན། ངའི་རྣམ་ཤེས་ཡོངས་སུ་སྦྲིད་འཐིམས་བྱུང་བས་དར་ཅིག་ཧད་པར་གྱུར་ཏེ་ངག་ཀྱང་འཁྲོལ་དཀའ་བའི་གནས་སུ་བཅར་ལ། ལུས་སེམས་ཉམ་ང་བར་གྱུར་ནས་སྨྲེང་བའི་ཤུགས་སྒྲས་བ་སྤུ་གཟེང་བའི་རྣམ་པ་ཅི་ཡང་བསྒྱུར་ཡོང་། ཁོ་མོའི་མིག་དཀྱུས་འདབ་ཡངས་ལས་མངོན་པའི་བཀྲག་མདངས་ཉམས་ཤིང་། མིག་གོང་དུ་མཆི་མའི་རླབས་འགྲོས་གཅིག་འཇགས་གཅིག་ལངས་ལྟར་འཕྱུར་བ་ལས། སྔ་མའི་རླབས་ཀྱིས་ཕྱི་མ་དེད་ནས་མིག་ཆུའི་རྒྱུན་ཐག་རིམ་ཅར་དུ། མཁུར་ཚོས་སྒལ་གཞུང་བརྒྱུད་དེ་མ་མགལ་སྣེར་ཆུ་ཐིགས་ལྟར་འཛག་བཞིན་པའི་རྣམ་པ་འདི་མཐོང་ལམ་དུ་ཤར་བའི་མོད་ལ། སྐྱོ་གདུང་གི་དངན་པ་རིང་མོ་ཞིག་དགུ་ཚིགས་ཀྱི་མཐའ་ལ་དབང་མེད་དུ་འཐེན་དགོས་བྱུང་། དུས་དེེར་མུན་རུབ་ནས་མཚན་མོའི་དུས་ཚོད་དགུ་བར་སླེབས་འདུག ངས་ཁོ་མོའི་མིག་ཆུར་སྦས་དོན་གྱི་ཚུལ་དུ་མཆིས་པའི་སྐྱོ་ངལ་དེ་ལོས་རྟོགས། ཁོ་མོས་ངག་ནས་སྨྲ་བར་ཡང་འཛེམ་དོག་གིས་ཁེངས་ཚུལ་ལ། ངས་དེ་མུར་གབ་པ་མངོན་ཕྱུང་གི་ཚུལ་དུ་ཚིག་རིས་དམར་རྗེན་དུ་འདོན་པར་སྐྲག་སྟེ་རང་འཇགས་སུ་གནས་པར་ཚོད་བཟུང་ནས། ཁོ་མོ་ལ་ཞེ་ནས་འཁྲེང་ཞིང་ཡིད་སེམས་གསོ་བའི་མེ་ཏོག་གི་ཚོམ་བུ་ཅི་ནུས་ཀྱིས་གཏོར་ཐབས་ལ་བརྟུན་པ་བསྐྱེད་པ་ཡིན། གང་ལྟར། ངས་ཁོ་མོ་ལ་འདི་ལས་ལྷག་པའི་རོགས་རམ་བྱེད་ཐབས་ཤིག་མི་འདུག་གོ ། 

           ཞེས་ཕྱི་ལོ་2017/8/1དགོང་མོར།

ཐོག་ལྕེ། TogJe👈འབྲེལ་ལམ།
གནོན།
སེམས་བཟང་ཅན་ཚོས་<འོག་གི་མཐེ་མོ་👍>་འདི་གནོན་རོགས་ཞུ། 

 

    您可能也对以下帖子感兴趣

    文章有问题?点此查看未经处理的缓存