དུངས་སེམས་རླབས་ཀྱི་ཟེགས་མ། འཇུ་སྐལ་བཟང་གི་དུངས་བརྗོད་སྙན་ངག
དུངས་སེམས་རླབས་ཀྱི་ཟེགས་མ། འཇུ་སྐལ་བཟང་གི་དུངས་བརྗོད་སྙན་ངག
རྨེ་སྤྲུལ་གྱི་གཞས་ཆུང་རྒྱུ་མའི་གླིང་བུ་ལས།
དུང་སེམས་དར་གྱི་མདུད་པ།།
ཞེ་མཐུན་སོར་རྩེས་མ་བརྒྱུ།།
ལས་འཕྲོའི་མདུད་པ་ཐེབས་ན།།
འབྲལ་བའི་སྡུག་བསྔལ་ཆེ་འོང་།།
འཕྲད་པའི་སྙིང་གི་བདེ་བ།།
མཁའ་ལ་རྒྱུགས་པའི་སྐར་མདའ།།
འབྲལ་བའི་སེམས་ཀྱི་སྡུག་བསྔལ།།
ནམ་ཟླ་སྟོན་མཚན་རིང་མོ།།
དུང་སེམས་ཕབ་ཀྱིས་བསྙལ་བའི།།
འཛུམ་དཀར་རྒུན་ཆང་མངར་མོ།།
ཞིམ་ཡང་བཟི་ཁ་བཙན་པས།།
ཨ་ཇོས་ཆུན་ས་མ་རེད།།
ན་ཆུང་ཐུགས་ལ་མཛའ་བའི།།
རྗེས་ཆགས་སེམས་ཀྱི་མེ་ཏོག།
རྨི་ལམ་ནང་ནས་ལུས་སོང་།།
བུ་མོ་དགོངས་པ་མ་ཚོམས།།
མེ་ཏོག་འདབ་མ་རྒྱས་དུས།།
གསེར་སྦྲང་ལང་ཚོ་མ་སྨིན།།
གསེར་སྦྲང་ལང་ཚོ་སྨིན་དུས།།
མེ་ཏོག་ལྷ་ལ་ཕུལ་ཟིན།།
སྟོད་ཀྱི་ཤྭ་བ་ཕོ་ཆེན།།
སྨད་ཀྱི་ཡུ་མོ་སྨུག་ཆུང་།།
གཙང་པོ་གཅིག་ལ་འཐུང་ཡང་།།
ལྷན་འཛོམས་ལས་ཀྱིས་མ་བསྐོས།།
སེམས་པའི་དུང་ཤོག་ངོས་སུ།།
བརྩེ་བའི་ཡིག་ཆུང་བྲིས་ཡོད།།
ཇོ་ཇོ་རབ་ཏུ་བྱུང་ཉིན།།
ཡིག་འབྲུ་བསུབ་རྒྱུ་མ་བརྗེད།།
རྩོམ་ཡིག་གི་དག་ཆ་སོགས་ངེད་འཕྲིན་སྟེགས་དོ་དམ་པ་ལ་འགན་མེད་པས་རྩོམ་པ་པོ་རང་ཉིད་ཀྱིས་འགན་ཁུར་བྱེད་དགོས།
{ཐུབ་པའི་དབྱངས་ཚང་}ནི་ང་ཚོ་སྨྱུག་གཞོན་པ་དག་གིས་ཤེས་རབ་ཀྱི་གཤོག་སྒྲོ་གཡོ་ས་དང་སྙན་ངག་གི་གྲེ་འགྱུར་སྒྲོགས་སའི་ཁྱིམ་གཞིས་ཏེ་བོད་ཆེན་མོའི་ཕ་སྐད་མ་ཡིག་གི་གཞི་རྐང་སྐྱོང་སའི་གོ་ལ་ཧྲིལ་པོ་ཞིག་ཡིན།
ནང་དོན་ལེགས་པོ་འདུག་ན་འོག་གི་(关注)དང་(好看)ལ(广告)་ནོན་དང་ཁྱེད་ལ་མཁོ་ངེས་ཀྱི་ཤེས་བྱ་སྣ་ཚོགས་བལྟ་རྒྱུ་ཡོད།