查看原文
其他

བོད་ལུགས་གསོ་རིག་གི་རོ་བཀྲ་སྟེ་ལུས་ཀྱི་ཆགས་ཚུལ་རིས་འགྲེལ་མ།

TB罗布林卡 2020-02-28

    

བོད་ལུགས་གསོ་རིག་གི་རོ་བཀྲའི་དཔེ་རིས་ཕྱོགས་བསྡུས་གནས་ཀུན་གསལ་བའི་མེ་ལོང་།༼ཁག་དང་པོ།༽
 བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས།


དང་པོ། བོད་ལུགས་གསོ་རིག་གི་རོ་བཀྲའི་ལོ་རྒྱུས་གནད་བསྡུས།       

     འཛམ་གླིང་གི་ཟླུམ་གཟུགས་གོ་ལའི་རྩེ་མོར་གནས་པའི་བོད་ཁ་བ་ཅན་གྱི་ལྗོངས་འདིར་འཛམ་གླིང་གི་སྔོན་ཐོན་ཡུལ་གྲུ་གཞན་དང་འདྲ་བར་རང་ངོས་ཀྱི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ཟམ་མི་ཆད་པར་གནང་སྟེ། རང་གི་ཡུལ་དུ་ཆོས་དང་རིག་གཞུང་སྣ་ཚོགས་སྔོན་མེད་ཀྱི་སྲོལ་གསར་དུ་གཏོད་པ་དང་། ཆབས་ཅིག་སྔོན་ཐོན་གྱི་མི་རིགས་གཞན་གྱི་རིག་གནས་ལའང་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་པ་མ་ཟད། ལྷག་པར་དུ་གཞན་རྗེས་སུ་འཛིན་པའི་རང་རེ་བོད་ཀྱི་གསོ་བ་རིག་པར་ཆེས་སྔ་བའི་རྒྱུན་རིང་གི་ལོ་རྒྱུས་ལྡན་པ་དང་།  དེར་ཆ་ཚང་བའི་རིག་གཞུང་གི་མ་ལག་ཡོད་ཅིང་། མཐོང་བརྒྱུད་ཕྱག་ལེན་གྱི་གདམས་པའང་མ་ཉམས་པར་གནས་ཡོད།         

     དེ་ལྟ་བུའི་རིག་གཞུང་དེའི་ནང་སྔོན་བྱོན་མཁས་དབང་དུ་མས་ཕྱི་རོལ་སྨན་རྫས་ཀྱི་རོ་ནུས་ཞུ་རྗེས་སོགས་དང་ནང་ནད་ཀྱི་མཚན་ཉིད་ལ་ལེགས་པར་དཔྱད་ནས་སྨན་རྫས་སྡེབ་སྦྱོར་བྱས་ཏེ་ནད་ཞི་བར་བྱེད་པ་དང་། ཡང་ན་ནད་རིགས་འགའ་ཞིག་ཕྱི་རོལ་ནད་ཐུར་དཔྱད་ལ་སོགས་པར་བརྟེན་ནས་ནད་རང་སར་ཞི་བར་བྱེད་པའམ་ཕྱིར་འབྱིན་པར་བྱེད་པ་བཅས་ཀྱི་ཐབས་དེ་དག་ལ་གཞིགས་ན། སྔ་རབས་བོད་སྨན་མཁས་པ་ཚོས་མིའི་ལུས་ཁམས་ཀྱི་ལྐོག་གྱུར་གྱི་གནད་གསང་རྣམས་མངོན་པར་མཁྱེན་ཏེ་གཤག་བཅད་ཕུག་པ་ལ་སོགས་པའི་དཔྱད་ཀྱི་ཕྱག་ལེན་སྣ་ཚོགས་མཛད་ཡོད།       

      དེ་ཡང་དངོས་སུ་བོད་ཀྱི་སྨན་དཔྱད་གཞུང་དོན་དང་འབྲེལ་བའི་དཔེ་རིས་ཤོག་བཀྲའམ་རོ་བཀྲའི་དཔེ་རིས་ཀྱི་འབྲི་སྲོལ་དང་པོ་ནི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ་ཞེ་གཅིག་ཐོག་༧༤༩་ལོར་ཕེབས་སྐབས་རྩ་རྒྱུད་ཀྱི་སྡོང་འགྲེམས་དང་བཤད་རྒྱུད་སྡོང་འགྲེམས་ཀྱི་དཔེ་རིས་མཐིང་ཤོག་ངོས་སུ་གསེར་ཞུན་མས་ཤོག་བཀྲར་བཀོད་པ་དེ་ཡིན་པར་གྲགས། དེ་ནས་རིམ་བཞིན་བྱང་ཁོག་ཡུལ་ཐིག་སོགས་འཁོད་པའི་རོ་བཀྲའི་དཔེ་རིས་ཤོག་བཀྲ་དང་། སྨན་གྱི་དཔེ་རིས་ཤོག་བཀྲ་བཅས་འགོད་གནང་མཛད་པའི་ལོ་རྒྱུས་མཆིས་སོ།།


གཉིས་པ། བོད་ཀྱི་གསོ་རིག་ལས་རུས་པའི་གནས་ལུགས་གསལ་བའི་དཔེ་རིས། 

རུས་པའི་གནས་ལུགས་གསལ་བའི་ཞལ་ཐང་རྙིང་མ།༼མདུན།༽

རུས་པའི་གནས་ལུགས་གསལ་བའི་ཞལ་ཐང་རྙིང་མ།༼རྒྱབ།༽

       མི་རྣམས་ཀྱི་ལུས་ཁམས་སུ་གྲུབ་ཅིང་གནས་པའི་རུས་པ་ནི་འབྱུང་བ་ས་ཡི་ཁམས་དང་ཕའི་ཁུ་བ་ཤས་ཆེ་བ་ལས་འབྱུང་བ་ཞིག་ཡིན། དེས་ལུས་ཟུངས་གཞན་རྣམས་བརྟེན་པའམ་གནས་པར་བྱེད་པའི་གཞི་རྟེན་བྱེད་པ་ཡིན་ཏེ། རྒྱུད་ལས། ཚིལ་གྱིས་སྣུམ་དང་རུས་པས་བརྟེན་པ་དང་།། ཞེས་གསུངས་པ་དང་གཞན་ཡང་རུས་པས་ནང་དོན་སྣོད་དང་ཀླད་པ་སོགས་ལུས་ཀྱི་ཆ་ཤས་གཞན་རྣམས་ལ་སྲུང་སྐྱོབ་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད། དེ་ཡང་བོད་ཀྱི་གསོ་བ་རིག་པས་རུས་པའི་གནས་དང་རུས་པའི་རིགས། རུས་པའི་བྱེད་ལས། རུས་པའི་དབྱིབས་ལ་སོགས་རུས་པའི་རྣམ་གྲངས་ཧ་ཅང་རྒྱས་པར་བསྟན་ཡོད་དེ། དཔེར་ན། རྒྱུད་ལས། དཔྱི་རུས་གཉིས་ནི་རྩིག་པའི་འགྲམ་གཞི་འདྲ། ཞེས་དང་། སྒལ་ཚིགས་གསེར་གྱི་དོང་རྩེ་བརྩེགས་པ་འདྲ། ཞེས་དང་། བྲང་རུས་གྲུ་བཞི་གདུང་མ་བཀལ་བ་འདྲ། ཞེས་གསུངས་པ་ལྟ་བས་མཚོན་ཐུབ།།      

      རུས་པའི་རྒྱུ་ནི། དཔལ་ལྡན་རྒྱུད་བཞི་ལས། ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད།།ཅེས་དང་། ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད།། ཅེས་གསུངས་པས་མི་ཡི་ལུས་འདི་ཉིད་ཐོག་མར་ཆགས་པར་བྱེད་པའི་རྒྱུ་ས་བོན་གྱི་དབང་དུ་བྱས་ན་ཕའི་ཁུ་བའི་ཤས་ཆེ་བ་ལས་མངལ་གནས་ཀྱི་རུས་པའི་ཆ་ཤས་རྣམས་སྐྱེད་པར་བྱེད་ཅིང་། དེ་བཞིན་འབྱུང་བའི་དབང་དུ་བྱས་ན་སྤྱིར་འབྱུང་བ་ལྔ་པོ་ཚོགས་པ་ལས་མངལ་དུ་ཆགས་པ་ཡིན་ཡང་། ཤས་ཆེ་ཆུང་གི་དབང་དུ་བྱས་ན་འབྱུང་བ་ས་ཡི་ཁམས་ཤས་ཆེ་བས་མངལ་གནས་ཀྱི་རུས་པའི་ཆ་རྣམས་སྐྱེད་པར་བྱེད་པ་ཡིན་ནོ།།      

       གནས་སམ་གྲངས་ཀྱི་དབང་དུ་བྱས་ན་མི་ལ་རུས་པའི་དུམ་བུ་༣༦༠་ཡོད་དེ། མགོ་ལ་རུས་པའི་དུམ་བུ་༦༡་དང་། བྱང་ཁོག་ལ་རུས་པའི་དུམ་བུ་༡༥༩་དང་། ཡན་ལག་ལ་རུས་པའི་དུམ་བུ་༡༤༠་བཅས་རུས་པའི་དུམ་བུ་༣༦༠་ཡོད་པ་ཡིན། དེ་བཞིན་རུས་གནད་སུམ་ཅུ་རྩ་གཉིས་ཡོད་དེ། མགོ་ལ་རུས་གནད་༡༤་དང་། སྐེ་ལ་རུས་གནད་༥་དང་། བྱང་ཁོག་ལ་རུས་གནད་༧་དང་། ཡན་ལག་ལ་རུས་གནད་༦་བཅས་ཡོད་པ་ཡིནནོ།།


གསུམ་པ། བོད་ཀྱི་གསོ་རིག་ལས་ཤ་ཡི་གནས་ལུགས་གསལ་བའི་དཔེ་རིས།

      ཤ་ནི་འབྱུང་བ་ས་ཁམས་ཤས་ཆེ་བ་ལས་འབྱུང་ཞིང་ཕ་མའི་ཁུ་ཁྲག་གཉིས་ལས་མའི་ཁམས་དམར་ཤས་ཆེ་བ་ལས་གྲུབ་པ་ཞིག་ཡིན། ཤ་ཡིས་ནང་དོན་སྣོད་དང་རྩ་རུས་སོགས་གཡོགས་ཤིང་སྲུང་སྐྱོབ་བྱེད་ཅིང་ཡན་ལག་གི་བརྐྱང་བསྐུམ་སོགས་འགུལ་སྐྱོད་ཀྱི་བྱ་བའི་གྲོགས་བྱེད་པ་དང་། ནང་གི་བུ་ག་འབྱེད་འཛུམ་གྱི་ལས་སོགས་བྱེད་པ་ཡིན། སྤྱིར་ཤ་ནི་ལུས་ཀྱི་ཆ་ཤས་ཀུན་ལ་གནས་ཤིང་དེའི་ལྡང་ཚད་ནི་རང་སོ་སོའི་སྦར་ཚད་ལྔ་བརྒྱ་ཙམ་མཆིས་སོ།།      

    དེ་ལས་གཉན་པའི་ཤ་གནད་ལ་བཞི་བཅུ་རྩ་ལྔ་ཡོད་དེ། ༡ མགོ་ལ་ཤ་གནད་ལྔ་ཡོད་པ་ནི། བཞག་སྒོར་འཁྱིལ་འདྲ་སྤྱི་བཙུག་གི་ཤ་དང་། ཉ་ལྡང་གཤིབས་འདྲ་ལྡང་པའི་ཤ གཞུ་ཤུལ་བཏང་འདྲ་མཚོགས་མའི་ཤ། ལུག་མཁལ་བརྩེགས་འདྲ་མུར་གོང་གཡས་གཡོན་གྱི་ཤ་བཅས་སོ།། 

    ༢ སྐེ་ལ་ཤ་གནད་བཞི་ཡོད་པ་ནི། རྒྱངས་ཤ་ལས་བྱེད་གཉིས་དང་། ཨོལ་གོང་པ། མིད་པ་བཅས་སོ།། 

    ༣ བྱང་ཁོག་གི་ཤ་གནད་བཅོ་བརྒྱད་ནི། སྒལ་ཚིགས་གཡས་གཡོན་ཕྱི་ནང་གཉིས་ཀྱི་བཤུལ་ཤ་བཞི་དང་། བྲང་གི་ནུ་ཤ་གཡས་གཡོན་གཉིས། དཔྱི་ཡི་སྟ་ཟུར་གཡས་གཡོན་གྱི་རྟ་ཤ་གཉིས། མཆན་ཁུང་གཡས་གཡོན་ཕྱི་ནང་དང་བཅས་པ་བཞག་ཤ་དཀར་ནག་བཞི། གཉའ་ཡི་སྟེང་དུ་གཉའ་ཤ་གཉིས། སོག་པའི་མཐིལ་ལ་འབྲོས་ཤ་གཡས་གཡོན་གཉིས། སོག་པའི་ཁ་འཁོར་ལ་འདར་ཤ་གཡས་གཡོན་གཉིས་བཅས་བཅོ་བརྒྱད་དོ།། 

    ༤ ཡན་ལག་གི་ཤ་གནད་བཅོ་བརྒྱད་ནི། དཔུང་པའི་ལུག་གཞུག་གཡས་གཡོན་གཉིས་དང་། ལག་ངར་གྱི་ཤ་གནད་ནི། གནད་ཀྱི་ལྡེ་མིག་ལས། ཉྭ་སྙིང་བཞི་ནི། མཁྲིག་མ་ནས་གྲུ་མོའི་ཕྱོགས་མར་ཐུར་དུ་རང་སོར་དྲུག་བཅལ་བའི་གནས་ཀྱི་ཉྭ་སྙིང་གོང་མ་གཉིས་བཅས་བཞིའོ།།ཞེས་གསུངས་པ་ལྟར་དང་། ལག་མགོའི་མཐེབ་མཛུབ་བར་གྱི་གར་ཤ་གཡས་གཡོན་གཉིས། པུས་མོའི་སྟེང་ལ་སྦལ་པ་ནག་པོ་གཡས་གཡོན་གཉིས། བྱིན་པའི་དབུས་ལ་བྱིན་སྙིང་གཡས་གཡོན་གཉིས། བྱིན་པའི་མགོ་ལ་བྱིན་མགོ་གཡས་གཡོན་གཉིས་བཅས་བཅོ་བརྒྱད་དོ།།      

      དེ་ལྟར་ཤ་གནད་བཞི་བཅུ་རྩ་ལྔ་དེ་དག་གི་ཐ་སྙད་ནི་ཤ་དེ་དག་ནི་དབྱིབས་དང་བྱེད་ལས། གནས་བཅས་ཀྱི་སྒོ་ནས་བཏགས་པའོ།།    

རྩོམ་སྒྲིག་པ། སྙིང་དཀར།

སྔོན་མའི་ལེ་ཚན་འོས་སྦྱོར།

👇ལྟ་ཐབས་འཇུག་སྒོ།👇

རྒྱ་གར་གློག་བརྙན་བསྡུ་བསྒྲིགས།(གནོན།)རྒྱ་གར་བརྩེ་གཞས་སྐད་གྲགས་ཅན།(གནོན།)རྒྱ་གར་མཛེས་མ་སྐད་གྲགས་ཅན།(གནོན།)རྒྱ་གར་བརྩེ་གཞས་སྐད་གྲགས་ཅན།(གནོན།)སངས་རྒྱས་བོད་སྐད་གློོག་བརྙན།(གནོན།)རྒྱ་གར་གློག་བརྙན་སྐད་གྲགས་ཅན།༡༠(གནོན།)རྒྱ་གར་འཁྲབ་སྟོན་པ་གྲགས་ཅན།༡༠(གནོན།)རྒྱ་གར་བརྩེ་གཞས་སྐད་གྲགས་ཅན།(གནོན།)

爱情热线

བརྩེ་དུང་གི་ཚོམས།


    您可能也对以下帖子感兴趣

    文章有问题?点此查看未经处理的缓存