查看原文
其他

རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ།

ཕེབས་ཤོག 藏家韵味 2020-02-15












རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ།

རྩོམ་འབྲི་བ། ཁུ་ཡེ་ཤེས་རྒྱལ་པོ།

གྱེར་འདོན་པ། འཇམ་དབྱངས་བློ་གྲོས།

སྒྲ་ལེན་པ།  བློ་བཟང་ཡར་འཕེལ། 


ངའི་སེམས་ཀྱི་ཉི་མ།

བཀའ་དྲིན་གསུམ་ལྡན་གྱིརྩ་བའི་བླ་མ། 

རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ། 

དུས་རབས་ཉེར་གཅིག་པའི་བྱང་ཆུབ་སེམས་མ་ཆེན་མོ། 

ཆོས་རྗེ་ཡིད་བཞིན་ནོར་བུའི་རྒྱལ་ཚབ་དམ་པ།

མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་བླ་ན་མཐོ་བས་ཆེན་པོ་དག་གིས་གཙུག་གི་ཏོག་ཏུ་བཀུར།



དབང་ལུང་མན་ངག་གི་བང་མཛོད། 

མཁའ་མཉམ་རྟོགས་པའི་དབང་ཕྱུག། 

བཙུན་མའི་རྣམ་ཐར་གྱིས་གླིང་ལྔ་མཚོ་བཞི་བསྒུལ། 

གྲགས་པའི་སྒྲ་དབྱངས་སྙན་མོ་གོ་ལའི་དབུ་རྩེ་ན་ལྡིར། 

པདྨ་དཀར་པོའི་སྦུབས་ལྟར་གཙང་བའི་ཚུལ་ཁྲིམས་ཀྱི་

དྲི་ངད་ཕྱོགས་སུ་ཁྱབ།


གསེར་གྱི་རི་བོ་ལྟ་བུའི་ཐུགས་ཀྱི་བུ་ཆེན། 

མཁན་སྤྲུལ་ནམ་མཁའི་ཉི་ཟླ་འདྲ་བ་མང་པོ་ཚར་དུ་དངར།

དགུང་གི་སྐར་ཚོགས་འདྲ་བའི་འཁོར་གྱི་འདུ་བ། 

རྒྱ་མཚོའི་རླབས་འཕྲེང་ཇི་བཞིན་མཐའ་ནས་མཐའ་རུ་རྒྱས། 

བདུད་ཀྱི་འཚེ་བ་ཇི་ལྟར་རྒོད་ན་སེམས་ཀྱི་དཔའ་གདེང་དེ་ལྟར་ཆེ། ངེས་དོན་གྱི་བྱང་ཆུབ་སེམས་མ་ཆེན་མོ། བདག་ཅག་གི་སྐྱབས་གནས་དམ་པ།

བསོད་ནམས་གསེར་གྱི་འཁོར་ལོས་ཡངས་པའི་ས་ཆེན་པོ་

དབང་དུ་བྱས་ཏེ། གསང་ཆེན་བསྟན་པའི་འོད་སྣང་ཕྱོགས་བཅུར་འགྱེད།སྨིན་བྱེད་དབང་གི་ཆུ་མགོ། གྲོལ་བྱེད་ཁྲིད་ཀྱི་གཏེར་མཛོད།

མན་ངག་སྙིང་པོའི་མཛོད་ཁང་། རིག་འཛིན་ཌཱ་ཀྐི་བྱེ་བའི་བདག་མོ། 

ཁྱེད་ཀྱི་སྐུ་ཚེ་བསྐལ་བའི་མཐའ་དང་མཉམ་པར་སྨོན། ཁྱེད་ཀྱི་མཛད་བཟང་དབྱར་གྱི་མཚོ་ལྟར་རྒྱས་པར་སྨོན།


ལྔ་རིག་ཆོས་ཀྱི་གླིང་ག་མཛེས་པའི་རྒྱན་ཆ། 

འཁོར་ཚོགས་ཁྲི་མ་འབུམ་གྱི་སེམས་ཀྱི་གཏད་སོ། 

རེ་བའི་མིག་འབུར་གཏོད་ས། དད་པའི་ལྷ་ཕྱག་འཚལ་ས། 

ཐུགས་རྗེ་གློག་ལྟར་མྱུར་བའི་སེམས་མ། བརྩེ་བ་མཁའ་ལྟར་ཡངས་པའི་བླ་མ། བྱིན་རླབས་ཀྱི་འབབ་ཁ་མ་ཆུང་། དངོས་གྲུབ་ཀྱི་སྐལ་བ་

མ་ཉུང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་

འཛིན་པར་མཛོད་ཅིག་གུ། 


རླབས་ཆེ་བའི་རྗེ་བཙུན་མ། གངས་ཅན་སྐྱེས་མ་ཡོངས་ལ་ལ་རྒྱ་དང་སྤོབས་པ་བསྩལ། ཉམ་ཆུང་བཙུན་མའི་སྡེ་ལ་རེ་བ་དང་ཡིད་ཆེས་བསྩལ།ཆོས་པ་ཡང་དག་པར་མིག་དཔེ་བཟང་པོ་བསྟན།

སྐྱབས་དང་སྐྱོབ་པ་ཁྱེད་ལས་གཞན་ན་མེད།

མགོན་དང་དཔུང་གཉེན་ཁྱེད་ལས་ལོགས་སུ་མེད།


ཆོས་དབྱིངས་ཀུན་ཏུ་བཟང་མོ་འགྲོ་བ་མི་ཡི་གར་དུ་རོལ།

ངག་དབང་དབྱངས་ཅན་ལྷ་མོ་ཞི་དུལ་བཙུན་མའི་གཟུགས་སུ་བྱོན།

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གསེར་ལྗོངས་ཆོས་ཀྱི་ཞིང་དུ་བལྟམས།

མི་འགྱུར་དཔལ་གྱི་སྒྲོལ་མ་ལྔ་རིག་ཆོས་སྡེ་ཆེན་མོའི་མགོན་དུ་

ཕེབས་པ་ཅི་ལ་མིན།


ཁྱད་པར་དུ། ཆོས་རྗེ་ཡིད་བཞིན་ནོར་བུས་སྤྱན་གྱི་འབྲས་བུ་བཞིན་དུ་གཅེས་པར་བསྐྱངས། འཕགས་མཆོག་ཕྱག་ན་པདྨོས་ཞབས་པད་བརྟན་པའི་བདེན་ཚིག་དཔལ་གྱི་མགུལ་ནས་བསྩལ། 

 ད་དུང་། མཁན་སྤྲུལ་གསེར་རིའི་འཕྲེང་བ་དག་གི་གཙོ་བྱས་པའི་སྡེ་བཞིའི་འཁོར་ཚོགས་ཡོངས་དང་གདུལ་བྱའི་འགྲོ་བ་ཐམས་ཅད་ཀྱིས། སྙིང་དབུས་དད་པའི་གུར་ཁང་ན་རྟག་ཏུ་བཞུགས་པ་ཁྱེད་ཁོ་ནའོ།། །།


2019  5  3   ཉིན། སློབ་བུ་ཁུ་ཡེ་ཤེས་རྒྱལ་པོས་ཡུལ་གྲོང་པདྨ་ཅན་གྱི་རང་ཁྱིམ་མོས་གུས་གཙང་མའི་ལྡིང་ཁང་ནས་བྲིས་པ་དགེ་ལེགས་འཕེལ།།  །།









    您可能也对以下帖子感兴趣

    文章有问题?点此查看未经处理的缓存