查看原文
其他

【教义阐释】落桑旦杰经师对“扶贫济苦 善愿同行”的观点

罗桑 中国藏语系高级佛学院 2022-05-02

↑↑↑

经师落桑旦杰发言精彩回顾


ནང་བསྟན་གྱི་གཞི་རྩ་ལས་འཕྲོས་ཏེ་དགེ་སྨོན་མཉམ་འཇུག་གིས་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པའི་སྐོར་མདོ་ཙམ་གླེང་བ


བློ་བཟང་བསྟན་རྒྱན།



མཁྱེན་པས་སྟོང་པ་རྟེན་འབྲེལ་རབ་གཟིགས་ནས། །

ཐུགས་བརྩེས་དབང་གྱུར་འགྲོ་ལ་རྟག་དགོངས་པས། །འཁོར་འདས་ཞི་བདེའི་ལམ་བཟང་སྟོན་མཛད་པ། །མཚུངས་མེད་དྲང་སྲོང་ཆེན་པོར་གུས་ཕྱག་འཚལ། ། དང་པོ།  རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གཞི་འདིང་བའི་ཆེད་དུ་སྐྱེ་བ་སྔ་ཕྱི་གཏན་ལ་འབེབས་པ།     མདོ་ལས། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོའི་སྐྱེ་བའི་ཆར་གཏོགས་པ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་འབྱུང་ངོ་། །ཞེས་དང་། མདོ་ལས།དེ་བཞིན་དུ་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དུས་འགྱུར་བ་དང་འདྲ་བའི་དབང་གིས་སྐྱེ་བ་དང་འཆི་བར་འགྱུར་རོ།།དེའི་ཕྱིར་ན་རྒྱལ་པོ་ཆེན་པོ་ཚེ་ཕྱི་མ་ངེས་པར་ཡོད་པར་མཁྱེན་པར་མཛོད་ཅིག །ཅེས་སོགས་གསུངས་ལ།     དེ་ལ་སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་མཚན་ནི་རིགས་འདྲ་སྔོན་སོང་དང་། ཉེར་ལེན་སྔོན་སོང་། གོམས་པ་སྔོན་སོང་། མྱོང་བ་སྔོན་སོང་བཞི་ཡི་རིགས་པ་ལ་བརྟེན་ནས་སྐྱེ་བ་སྔ་མ་ཡོད་པ་གྲུབ་ཅིང་དེའི་སྟོབས་ཀྱིས་སྐྱེ་བ་ཕྱི་མ་ཡོད་པ་ཡང་འགྲུབ་སྟེ། སྐྱེ་བ་སྔ་མའི་གང་ཟག་འདིར་འོང་ལ་སྐྱེ་བ་འདིའི་གང་ཟག་སྐྱེ་བ་ཕྱི་མར་མི་འགྲོ་བའི་རྒྱུ་མཚན་ནམ་འགལ་བ་མེད་པའི་ཕྱིར། ཚུལ་འདི་ལ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ལུང་རིགས་དང་དེང་གི་ཚན་རིག་བཅས་ཀྱི་ལམ་ནས་དྲངས་པའི་ངེས་པ་བརྟན་པོ་ཚོལ་ཞིག དེ་ལྟར་སྐྱེ་བ་སྔ་ཕྱི་ཡོད་པར་རིགས་པའི་ལམ་ནས་གོ་ཤེས་ཡང་དག་བྱུང་ན་ལས་འབྲས་ལ་ཡིད་ཆེས་པར་འགྱུར་ཏེ། སྐྱེ་བ་ཕྱི་མར་ངན་སོང་དུ་འགྲོ་བར་འཇིགས་ནས་བྱ་བ་གང་ལའང་ངོ་ལྐོག་རྒྱབ་མདུན་མེད་ཅིང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། དོན་དངོས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་འབྲས་བླང་དོར་ཚུལ་བཞིན་བྱེད་པ་ཞིག་ཡོང་བ་ཡིན། དེ་ལས་གནས་སྐབས་བདེ་འགྲོའི་གོ་འཕང་ཐོབ་ཐབས་ལ་འབད་པ་མ་ཟད། འཁོར་བ་སྤྱིའི་སྡུག་བསྔལ་ལ་མཐའ་མེད་པར་རྟོགས་ཏེ་ངེས་འབྱུང་སྐྱེ་བ་དང་། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མ་བྱེད་མྱོང་བར་རྟོགས་ཏེ། གཞན་ལ་འཚེ་བའི་བསམ་སྦྱོར་གང་ཡང་མི་བྱེད་པར་དེ་དག་གི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བ་དང་། རིམ་བཞིན་ས་ལམ་རྣམས་ལ་འཇུག་པ་སོགས་འབྱུང་བ་ཡིན་ནོ། ། གཉིས་པ། སྐྱེ་བ་སྔ་ཕྱིའི་སྟེང་ནས་ལས་འབྲས་ཀྱི་རྣམ་གཞག་བཤད་པ།   སྐྱེ་བ་སྔ་ཕྱིའི་སྟེང་ནས་ལས་འབྲས་ཀྱི་རྣམ་གཞག་མདོ་ཙམ་བཤད་པ་ལ། མདོ་ལས། སྡུག་བསྔལ་སྡིག་པའི་རྒྱུ་ལས་སྐྱེ། །སྡིག་མེད་བྱེད་པ་བདེ་ཡིན་ནོ། །ཞེས་དང་། དེ་ཉིད་ལས། རྒྱུ་རྣམས་ཅི་འདྲ་བ་ཡི་ནི། །འབྲས་བུ་དེ་དང་འདྲ་བ་མཐོང་། །ཞེས་གསུངས་པ་ལྟར། དགེ་བ་ལ་བརྟེན་ནས་བདེ་བ་འབྱུང་བ་དང་སྡིག་པ་ལ་བརྟེན་ནས་སྡུག་བསྔལ་འབྱུང་བ་སོགས་ནི་ལས་འབྲས་མི་བསླུ་བའི་ཆོས་ཅན་དུ་ངེས་པ་ཡིན། རྟེན་འབྲེལ་བསྟོད་པ་ལས། རང་བཞིན་འགའ་ཡང་མེད་པ་དང་། །འདི་ལ་བརྟེན་ནས་འདི་འབྱུང་བའི། །རྣམ་གཞག་ཐམས་ཅད་འཐད་པ་གཉིས། །མི་འགལ་འདུ་བ་སྨོས་ཅི་དགོས། ཞེས་གསུངས་པ་ལྟར། རང་ངོས་ནས་མ་གྲུབ་པར་གཞན་ཞིག་ལ་བརྟེན་ནས་གྲུབ་པའམ་ཡོད་པས་རྟེན་འབྲེལ་ཞེས་བྱ་ལ། འདིའི་སྟེང་ནས་རྟག་ཆད་ཀྱི་མཐའ་གཉིས་ལས་གྲོལ་ཐུབ་པའང་ཡིན་ཏེ། མདོ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པས་ཆད་པ་དང་རྟག་པར་ལྟ་བར་མི་འགྱུར་བ་སྟེ།ཞེས་གསུངས་པའི་ཕྱིར། འདི་ལ་རྒྱུ་འབྲས་ཀྱི་རྟེན་འབྱུང་དང་བརྟེན་ནས་བཏགས་པའི་རྟེན་འབྱུང་གཉིས་ཡོད།  དང་པོ་རྒྱུ་འབྲས་ཀྱི་རྟེན་འབྲེལ་ནི། རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་འབྲས་བུ་འབྱུང་ཚུལ་ཞིག་གི་རྟེན་འབྱུང་དེ་ཡིན། འདི་ལ་སྤྱིར་མང་དུ་ཡོད་ཀྱང་ནང་བསྟན་གཞུང་ལུགས་ལས་གཙོ་ཆེ་བ་འཁོར་བར་འཇུག་པ་དང་། དེ་ལས་ལྡོག་པའི་དབང་དུ་བྱས་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་སམ་བདེན་པ་བཞི་ལྟ་བུ་བཤད་པ་ཡིན། འདིས་སྡུག་བསྔལ་ཕྲ་རགས་གང་དང་གང་མི་འདོད་ན། དེ་དང་དེའི་རྒྱུ་ལ་ཞིབ་འཇུག་བྱས་ནས་སྤང་དགོས་པ་དང་།  བདེ་སྐྱིད་ཕྲ་རགས་གང་དང་གང་འདོད་ན། དེ་དང་དེའི་རྒྱུ་གང་ཡིན་པ་ཤེས་པར་བྱས་ནས་སྒྲུབ་དགོས་ཚུལ་གྱི་རྣམ་གཞག་བསྟན་པ་ཡིན།   དེ་ཡང་རྟེན་འབྲེལ་གྱི་ལྟ་བ་ལ་གོམས་པ་ཡོད་ན་ཕན་ཚུན་བཟོད་སྒོམ་དང་གུ་ཡངས་ཆེ་ལ། རྟེན་འབྲེལ་གྱི་ལྟ་བ་ལ་གོམས་པ་མེད་ན་རྒྱུ་རྐྱེན་གཞན་ལ་བརྟེན་ནས་འབྱུང་བའམ་བཏགས་པའི་རྣམ་གཞག་ཤེས་མི་ཐུབ་པས། བློ་རྒྱ་ཆུང་ཆུང་ལས་མི་ཡོང་། དེས་ན་རྟེན་འབྱུང་གི་ལྟ་བ་འདི་ལ་གོམས་ན་ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་ཕན་པ་ཤིན་ཏུ་ཆེའོ། །    གཉིས་པ་བརྟེན་ནས་བཏགས་པའི་རྟེན་འབྱུང་ལ་རང་གི་ཆ་ཤས་བརྟེན་ནས་བཏགས་པའི་རྟེན་འབྱུང་དང་མིང་རྐྱང་བཏགས་ཡོད་ཙམ་གྱི་རྟེན་འབྱུང་གཉིས་ལས། དང་པོ་ནི། ཆ་ཤས་ལ་བརྟེན་ནས་འབྱུང་བའི་རྟེན་འབྱུང་དེ་ཡིན། གཉིས་པ་ནི། འདོགས་བྱེད་ཀྱི་མིང་དང་རྟོག་པས་གདགས་གཞི་ལ་བརྟེན་ནས་བཏགས་པ་ཙམ་གྱི་འབྱུང་བའི་རྟེན་འབྱུང་དེ་ཡིན། ནང་པའི་ལྟ་གྲུབ་འདི་དག་གི་དམིགས་ཡུལ་ལམ། ཉམས་སུ་བླང་བས་འབྲས་བུ་ནི་ཚེ་འདི་ལ་ལུས་སེམས་གཉིས་ཞི་བདེ་དང་། སྐྱེ་བ་ཕྱི་མར་འབྲས་བུ་བཟང་པོ་འཁོར་བ་ལས་ཐར་ཞིང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བཞི་པོ་གང་རུང་དུ་ངེས་པ་ཡིན་ནོ། །  སྐབས་དོན་དགེ་སྨོན་མཉམ་འཇུག་གི་ཆེད་དུ་རྟེན་འབྲེལ་གྱི་ལྟ་བས་འཚེ་བ་མེད་པའི་ལམ་ལ་འཇུག་ཚུལ་ཞིག་བཤད་ན། སྤྱིར་ཆོས་ཁས་ལེན་ཀྱང་རུང་མ་ལེན་ཀྱང་རུང་གཞན་ལ་གནོད་པ་བྱས་ན་རང་ལ་སྡུག་བསྔལ་ཡོང་བ་དང་། གཞན་ལ་ཕན་པ་བྱས་ན་རང་ལ་བདེ་སྐྱིད་འབྱུང་བ་ནི་མིག་མཐོང་ལག་ཟིན་ཡིན་པས། རང་གི་བདེ་བ་ཕྲན་ཚེགས་ཀྱི་ཆེད་དུ་གཞན་ལ་གནོད་པ་སྐྱེལ་བ་ནི་ཤིན་ཏུ་ནས་ཡ་ང་བ་བློ་དམན་གྱི་བྱ་བ་གཅིག་པུ་ལས་མ་འདས་པའོ། ། མདོར་ན་རྟེན་འབྱུང་གི་ཐོག་ནས་འཇིག་རྟེན་མི་ཆོས་ལ་བརྟེན་པའི་ཞི་བདེ་དང་དམ་པའི་ལྷ་ཆོས་ལ་བརྟེན་པའི་ཞི་བདེ། གནས་སྐབས་དང་མཐར་ཐུག་གི་ཞི་བདེ་ཐམས་ཅད་འབྱུང་ཐུབ་པས་ན། རང་རྒྱལ་གཞན་ཕམ་གྱི་བསམ་ངན་གྱིས་ཀུན་ནས་བླངས་པའི་ལུས་ངག་ཡིད་གསུམ་གྱི་བྱ་བར་མི་འཇུག་པར། ལྟ་བ་རྟེན་འབྱུང་ལ་བརྟེན་ནས་སྤྱོད་པ་འཚེ་བ་མེད་པའི་དོན་ཉམས་སུ་བླངས་ཏེ། རྒན་བཀུར་གཞོན་གཅེས་དང་། རང་ཉིད་ཀྱི་ཡོན་ཏན་ཆེ་ཆུང་ཐམས་ཅད་གཞན་སེམས་ཅན་གྱི་དྲིན་ལས་བྱུང་བ་ཡིན་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སངས་རྒྱས་དང་སེམས་ཅན་གྱི་དྲིན་ལ་ཆེ་ཆུང་མེད་པ་དེ་ཤེས་པར་བྱ་རིགས་སོ། །


—落桑旦杰 :西藏自治区日喀则地区昂仁县曲德寺经师


【内容摘编:白玛江培】

【藏文审校:环多加】

往期精彩回顾

【教义阐释】土登曲觉堪布对“扶贫济苦 善愿同行”的观点

【教义阐释】甘旦群培经师对“扶贫济苦 善愿同行”的观点

【教义阐释】索巴叶西经师对“扶贫济苦 善愿同行”的观点

【教义阐释】智华经师对“扶贫济苦  善愿同行”的观点

回放 |2020年藏传佛教教义阐释研讨会

【扶贫济苦·善愿同行】多吉扎西堪布在研讨会上这么说

【扶贫济苦·善愿同行】勒绘活佛谈慈悲心

【扶贫济苦·善愿同行】嘎让罗周坚措活佛在研讨会上说了什么?

【扶贫济苦·善愿同行】听彭措朗加堪布说

 

您可能也对以下帖子感兴趣

文章有问题?点此查看未经处理的缓存