查看原文
其他

བླ་མཚོ་དང་རི་སྐྱེས་སྲོག་ཆགས།

雪境 GangriNeichog雪境 2022-09-21

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཡུལ་ཁུངས་སུ་ཆགས་ཡོད།རི་སྐྱེས་སོགས་ཆགས་ཀྱི་སྣ་མང་རང་བཞིན་ཡངས་ཤིང་།གནས་འདིར་ང་ཚོས་མཐོང་ཐུབ་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་དྲེད་མོང་དང་སྤྱང་ཀི།གཡི་དཀར།ཝ།ཝ་དམར།གནའ།གླ།ཤྭ་དམར་སོགས་ཡོད་ལ།གནས་ལ་ལར་ད་དུང་གསའ་འགའ་ཤས་འགུལ་སྐྱོད་ཀྱི་རྗེས་ཤུལ་ཡང་རྙེད་ཐུབ།གནས་འདིར་སྤྱང་ཀི་མོད་ཅིང་།འགུལ་སྐྱོད་ཀྱི་ཁྱབ་ཀྱང་ཆེ།དེས་གནས་འདིའི་འབྲོག་པའི་འཚོ་བར་དཀྲོག་རྐྱེན་བཟོས།དེ་ལས་རྩེ་ཁོག་རྫོང་དང་སོག་རྫོང་ལ་ཚབས་ཆེའོ།།

༡ ཨ་མྱེ་མཚོ་རྒན།    
སྤྱང་ཀི་ནི་འབྲོག་ཁུལ་ཕལ་ཆེ་བར་གཏུམ་དྲག་པའི་སྲོག་ཆགས་ཤིག་ཏུ་འདོད་ཅིང་།རྒྱུན་པར་ཟོག་ལུག་ལ་གནོད་འཚེ་བྱེད།སྤྱང་ཀི་ནི་འབྲོག་པའི་གཡང་ཟོག་ནོར་ལུག་ཚེ་སྲོག་གི་གཤེད་མར་གྱུར་བའི་རྐྱེན་གྱིས།འབྲོག་པ་རྣམས་ཀྱིས་ཕྱིར་རྒྱང་ཕུད་དང་རྔོན་གསོད་མི་བྱེད་ཐབས་ཟད་དུ་གྱུར་ཡོད།སྨྱུག་ཐོགས་པས་རྩེ་ཁོག་རྫོང་མཚོ་རྒན་སྡེ་བའི་ཨ་ཁུ་ཕུར་བ་དང་འབྲེལ་འདྲེས་ཁྲོད་ཁོ་བོས་སྤྱང་ཀིར་བཟུང་བའི་རྣམ་འགྱུར་དང་གནས་འདིའི་མི་རྣམས་ཀྱིས་སྤྱང་ཀིར་བཟུང་བའི་རྣམ་འགྱུར་རྒྱུས་ལོན་བྱུང་།

ཨ་ཁུ་ཕུར་བས་བཤད་རྒྱུར།རྫི་བོ་ཕལ་མོ་ཆེ་སྤྱང་ཀི་ལ་མི་དགའ་ཞིང་།དེས་ཅིས་ཀྱང་རང་ཚོའི་སྒོ་ཟོག་ལ་གནོད་འཚེ་བྱེད་པས་རེད།ཀུན་གྱིས་གོ་ཐོས་བྱུང་བ་ལྟར།རྩེ་ཁོག་རྫོང་དང་སོག་རྫོང་དུ་དངོས་གནས་སྤྱང་ཀི་མང་པོ་འདུག།དགུན་སར་ཕལ་ཆེར་འདི་ལས་ཀྱང་ཅུང་ཚབས་ཆེ།སྔོན་ཆད་འདི་ནས་རི་སྐྱེས་སྲོག་ཆགས་རྔོན་གསོད་བྱེད་ཆོག་པ་མ་རེད།འོན་ཀྱང་སྤྱང་ཀིས་ཕྱུགས་ཟོག་གནོད་འཚེའི་ཤེད་ཆེ་བས།སྲིད་གཞུང་གིས་ཀྱང་སྲིད་ཇུས་འགའ་ཇེ་ཉུང་དུ་བཏང་སྟེ།གནས་འདིའི་མི་རྣམས་ཀྱིས་སྤྱང་ཀི་ཕྱི་བདའ་དང་རྔོན་གསོད་ཆོག་པའི་ཆོག་མཆན་གནང་།འོན་ཀྱང་།འདི་རུ་སྤྱང་ཀི་རྔོན་གསོད་བྱེད་པ་སུས་ཀྱང་དངོས་སུ་མཐོང་མ་མྱོང་།ངེད་ཚང་གི་ལུག་ཡང་སྤྱང་ཀིས་ཟོས་མྱོང་།ཡིན་ཡང་།ཇི་ལྟར་ཕྱི་བདའ་གཏོང་བར་ཐབས་འཐེན་པ་ལས་གནོད་འཚེ་གཏོང་བའི་འདུན་པ་སྔ་ནས་མེད་དོ།
 
སྐྱེ་དངོས་མཐའ་དག་ལ་གཞི་རྐྱེན་མཛོད་དམིགས་བསལ་བ་ཞིག་ལྡན།གཞི་རྐྱེན་མཛོད་གཅིག་ལ་སྐྱེ་དངོས་རིགས་གཅིག་མཆིས།སྤྱང་ཀི་ཤིན་ཏུ་གཏུམ་པར་མ་ཟད་རྒྱུན་དུ་ཕྱུགས་ཟོག་ལ་འཚེ་ཡང་།གལ་ཏེ་རྩ་མེད་བཟོས་ཚེ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉུང་བར་འགྲོ་སྲིད་ལ་སྤྱང་ཀིའི་དམིགས་བསལ་གཞི་རྐྱེན་ཡང་མེད་པ་ཆགས་ངེས།སྤྱང་ཀི་ཡང་སྐྱེ་ཁམས་མ་ལག་ཁྲོད་ཀྱི་འཛད་སྤྱོད་མཁན་ཞིག་ཡིན་སྟབས་མང་དྲག་པ་དང་ཉུང་དྲག་པ་གང་ཡིན་ཡང་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་འབྱུང་ངོ་།ང་ཚོས་སྤྱང་གི་སོགས་གཅན་གཟན་གཏུམ་པོའི་རིགས་ཀྱི་ཡང་འཕེལ་ཚད་ལ་ཚོད་འཛིན་པ་ལས་རྩ་བརླག་བཟོ་མི་རུང་།
 
ཚོ་རྒན་སྡེ་བར་ཨ་མྱེ་མཚོ་རྒན་ཟེར་བ་ཞིག་ཡོད་ལ།དེ་ང་ཚོའི་དད་པ་བྱ་ཡུལ་ཡིན།ཨ་མྱེ་མཚོ་རྒན་སྔོན་ཆད་སྐམ་པར་གྱུར།དེ་དུས་ང་ལོ་ན་ཆུང་བས་དེ་ཙམ་མཉམ་འཇོག་མ་མྱོང་།རྒན་པ་ཚོས་བཤད་པ་ལྟར་ན་མཚོ་ངོས་སྐམ་པ་ནི་ལྟས་ངན་ཞིག་ཡིན་ཟེར།རྗེས་སུ་ངས་ཀྱང་ལོ་དེ་དག་ལ་དོན་ཅི་བསྒྲུབ་དེ་འདྲའི་ལམ་ལྷུང་མིན་པ་ཤེས།ཆར་ཆུ་དཀོན་པས་རྩྭ་དང་ཕྱུགས་ཟོག་བཤད་མི་དགོས།

རྗེས་སུ་སྡེ་བར་བླ་མ་གདན་དྲངས་པས་ཚང་མས་ད་གཟོད་གནས་འདིའི་མིས་བླ་མཚོའི་ཁོ་ར་ཁོར་ཡུག་ཏུ་ལས་མི་ལེགས་པ་རེ་བསྒྲུབས་པས་མཚོ་རྒན་སྐམ་པ་ཡིན་པར་ངེས་ཤེས་རྙེད།བླ་མའི་བཀའ་བཞིན་ཚང་མས་ལྷན་དུ་གསོལ་མཆོད་དང་མཚོའི་གྲོག་ནང་གི་གད་སྙིགས་བཏུས་པ་ན་མཚོ་རྒན་ཡུན་གྱིས་རྒྱས།དེ་བས་སྤྱིར་བཏང་གནས་འདིའི་མིས་འདིར་རྒྱུ་འབྲས་མེད་པའི་ལས་མི་བྱ།མཚོ་རྒན་ཉེ་འགྲམ་དུ་སྲོག་གཅོད་བྱས་མི་ཆོག།གལ་རེ་གཞན་གྱི་ལུག་སྤྱང་ཀིས་ཁུར་ཡང་མི་དེས་ཐོག་མར་རང་ཉིད་ཀྱིས་ཉེ་སྔོན་བླ་མཚོར་གནོད་པ་བྱས་ཡོད་མེད་ལ་འདང་རྒྱག་ཅིང་སྙིང་ནས་བསྔོ་སྨོན་ཞུ་བ་ལས་དམིགས་ཀྱིས་གསོད་པར་མི་བྱ། 
ཟླ་བཅུ་བའི་མཚོ་རྒན།པར་ལེན་མཁན་སྟག་རྩེ་རྒྱལ།

༢ བོར་སོང་བའི་ལུག་དེ་དག་གང་ལ་བུད་སོང་བ་ཡིན་ནམ།

ཕྱུགས་འཚོ་བ་ནི་འབྲོག་ཁུལ་དུ་རྒྱ་ཆེར་གནས་པའི་སྣང་ཚུལ་ཞིག་ཡིན།འབྲོག་པ་ཚོའི་བློ་ངོར་འབྲོག་ཁུལ་གྱི་ཁྱིམ་ཚང་སོ་སོ་ནས་ལུག་འཚོ་སྐྱོང་བྱ་དགོས་སྙམ།ཐེངས་འདིའི་བརྟག་དཔྱད་བརྒྱུད་ང་ཚོས་ཤེས་རྟོགས་བྱུང་བ་ནི་ཁྱིམ་ཚང་ཕལ་མོ་ཆེའི་ལུག་ཉུང་དུ་ཕྱིན་ཡོད་པ་དང་།ཐ་ན་ས་ཆ་ཁ་ཤས་སུ་ཕྱུགས་འཚོ་སྐྱོང་མི་བྱེད་པའང་བྱུང་འདུག་པས་ན།ལུག་ཚང་མ་གང་དུ་བུད་སོང་ངམ་ཞེས་ཐེ་ཚོམ་དང་བཅས་ཁྲུའུ་དང་པོའི་འབྲོག་པ་ལ་འཚམས་འདྲི་བྱས་རྗེས་ད་གཟོད་དྲིས་ལན་རྙེད་པ་སྟེ་མ་གཞི་ལུག་ཡོད་ཚད་ཚོང་རར་བུད་སོང་བ་རེད།

 

རྡོ་ཟོང་ཡུལ་ཚོ་བྱ་དར་སྡེ་བའི་ཨ་ཁུ་བློ་གྲོས་ཀྱིས་བཤད་རྒྱུར།བསྡོམས་རྩིས་བྱས་པ་ལྟར་ན།༢༠༡༢ལོར་རྨ་ལྷོ་སོག་རྫོང་ཡོངས་ལ་ལུག་ཁྲི༧༠ལྷག་ཡོད་མོད།ཉེ་བའི་ལོ་འདི་དག་གི་ནང་དུ་མར་ཆག་ནས་ཁྲི༢༠གཡས་གཡོན་དུ་ལྷུང་འདུགལུག་ཉུང་དུ་ཕྱིན་པ་ལ་རྒྱུ་རྐྱེན་གཉིས་ཡོད་དེ།དེ་ཡང་ཆེས་གལ་འགངས་ཆེ་བ་ནི་ང་ཚོའི་ཉེ་འཁོར་གྱི་སྤྱང་ཀི་ཡི་ཁ་གྲངས་ཇེ་མང་དུ་སོང་བས་ལོ་གཅིག་གི་གོད་ཀ་ཡང་འདི་ལྟར་མི་ཉུང་བ་ཞིག་ཡོད།མ་ཟད།མི་རྣམས་རྔོན་འཛིན་ལ་མི་དགའ་བས་ནོར་འཚོ་སྐྱོང་བྱེད་པ་ལས་ལུག་འཚོ་སྐྱོང་བྱེད་པར་མོས་མཐུན་ཡོད་མ་རེད།གཞན་རྩ་ཕྱུགས་དོ་མཉམ་ལམ་ལུགས་ལའང་འབྲེལ་བ་ཡོད་དེ།དེང་དུས་ཚད་བརྒལ་གྱི་ཕྱུགས་འཚོ་བར་རྒྱབ་སྐྱོར་མེད་པའང་གཅིག་རེད།མ་ཟད་ངལ་རྩོལ་ནུས་ཤུགས་ལའང་འབྲེལ་བ་ཡོད།ད་ལྟའི་དུས་སུ་བྱིས་པ་ཚང་མས་འོས་འགན་སློབ་གསོ་མྱོང་དགོས་པས།ཁྱིམ་ཚང་དུ་མི་མང་པོ་མེད་པ་དག་གིས་ལུག་བཙོང་རྗེས་ནོར་འཚོ་སྐྱོང་བྱས་པ་རེད།རྒྱུ་མཚན་ནོར་འཚོ་སྐྱོང་བྱེད་པ་ལུག་འཚོ་སྐྱོང་བྱེད་པ་ལས་ཅུང་ལས་སླ་བས་སོ།།

༣ ལྷ་མོའི་བླ་མཚོ། །

ལྷ་མོའི་བླ་མཚོ་ནི་རྨ་ལྷོ་སོག་རྫོང་གི་མདོ་གསུམ་ཡུལ་ཚོ་ཤར་ཏ་བ་སྡེ་བའི་མངའ་ཁོངས་སུ་ཡོད་ཀྱང་།ཡུལ་འདི་བརླན་གཤེར་གྱི་ས་ཁུལ་དུ་གཏོགས་པས་འདབ་ཆགས་ཀྱི་རིགས་མང་པོ་འཚོ་སྡོད་བྱས་ཡོད་པ་མ་ཟད།ཁྲུང་ཁྲུང་སྐེ་ནག་གི་འབབ་སྡོད་བྱེད་སའི་གནས་ཤིག་ཀྱང་ཡིན།ཤར་མདའ་སྡེ་བའི་ལས་བྱེད་པ་ཟླ་བ་དོན་འགྲུབ་དང་འབྲེལ་འདྲིས་བྱས་པ་བརྒྱུད་ང་ཚོས་ས་གནས་ཀྱི་མིས་འདབ་ཆགས་ཇི་ལྟར་སྲུང་སྐྱོབ་བྱེད་པའི་ཐད་རྒྱུས་ལོན་བྱུང་བ་ནི་འདི་ལྟར།


༼ བྱ་རིགས་མང་ཆེ་བར་དོན་དམ་དུ་ང་ཚོ་ལའང་སྲུང་སྐྱོབ་བྱ་ཐབས་དམིགས་བསལ་བ་ཅི་ཡང་མེད།རང་ངོས་ནས་བསམ་ཚུལ་ཞིག་ཡོད་པ་ནི་དེ་ཚོར་བར་ཆད་མི་བཟོ་རྒྱུ་ནི་ཆེས་ལེགས་པའི་སྲུང་སྐྱོབ་བྱ་ཐབས་ཤིག་རེད་འདོད།ས་གནས་ཀྱི་མི་མང་པོ་ཞིག་གིས་བྱ་རིགས་དེ་ཚོ་རིན་ཐང་ལྡན་པ་ཞིག་ཡིན་པ་ཕལ་ཆེར་མི་ཤེས་པ་དང་།ཆེད་དུ་སོང་ནས་པར་ལེན་པ་སོགས་དེ་ཚོའི་འཚོ་བ་ལ་བར་ཆད་བྱེད་པའི་གོམས་གཤིས་མེད་ལ་འཛིན་བཟུང་བྱེད་པ་སོགས་གནོད་པའི་ལས་ནི་དེ་ལས་ཀྱང་མི་བྱེད་ལ་བླ་མཚོའི་མཐའ་འཁོར་གྱི་མིས་ཀྱང་དེ་ལྟར་བྱེད་དུ་མི་འཇུག ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་འདུ་ཤེས་འཛིན་སྟངས་འདིས་ན་གཞོན་ཚོར་གནས་ལུགས་ལ་བརྩི་སྲུང་བྱེད་པར་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད།གལ་ཏེ་མི་ཚང་མར་སྲུང་སྐྱོབ་བྱེད་པའི་བསམ་པ་བླ་ལྷག་ཅིག་ཡོད་ན།སྒྲིག་ཁྲིམས་དང་ལམ་ལུགས་ཤིག་བཟོས་ནས་ཚང་མར་དེས་ཚོད་འཛིན་མི་དགོས་པས།རེ་བར་གོམས་གཤིས་ཡག་པོ་མུ་མཐུད་དུ་རྒྱུན་སྐྱོང་རྒྱུ་དེའོ།


ཤར་ཏ་བ་སྡེ་བའི་སྡེ་དམངས་ཀྱིས་རང་མོས་ངང་རུ་ཁག་རྩ་འཛུགས་བྱས་ཏེ་བླ་མཚོའི་མཐའ་འཁོར་དུ་གད་སྙིགས་འཐུ་བ་རེད།སྡེ་དམངས་ཀྱིས་བཤད་ན་༼ སྔོ་ཆད་གནས་འདི་ནས་གད་སྙིགས་འཐུ་བའི་སྲོལ་མེད་དེ་རྒྱུ་མཚན་མ་གཞི་ནས་གད་སྙིགས་མེད་པས་རེད།ད་ལྟ་བླ་མཚོའི་མཐའ་འཁོར་དུ་ཡུལ་སྐོར་སྒོ་འབྱེད་བྱེད་མགོ་བརྩམས་པས་འགྲོ་འོང་བྱེད་པའི་མི་ཇེ་མང་དུ་སོང་བ་དང་།ལམ་མཐའི་གད་སྙིགས་ཀྱང་རིམ་བཞིན་ཇེ་མང་རེད་ལ།སྲིད་གཞུང་གིས་གནས་ཚུལ་འདི་ལ་མཐོང་ཆེན་བྱས་ཏེ་སྡེ་བ་ནས་འཁོར་སྲུང་མི་སྣ་རྩ་འཛུགས་བྱས་ནས་གད་སྙིགས་ལ་བདག་དམ་བྱེད་པ་དང་།ཁོ་ཚོར་གླ་ཆའང་ཉུང་ཙམ་འདུག གཞན་པ་ཚོས་ཀྱང་གད་སྙིགས་ལ་སྣང་འཇོག་བྱེད་བཞིན་ཡོད་ལ།ཚང་མར་ཕ་ས་འདི་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་༽ཟེར།

ལྷ་མོའི་བླ་མཚོ།པར་ལེན་མཁན།སྟག་རྩེ་རྒྱལ། །པར་

མི་མང་བོ་ཞིག་གིས་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་དེ་སྒྲིག་སྲོལ་གང་རུང་ཞིག་ལག་བསྟར་བྱེད་པ་མ་ཡིན་ལ།ཕལ་ཆེར་མི་མང་བོ་ཞིག་གིས་ཆེད་དུ་དེ་ལ་བཟོས་པའི་སྒྲིག་ཁྲིམས་ཤིག་ཡོད་པའང་མི་ཤེས་སོ།ཁོ་ཚོ་ནི་རང་ལ་སློབ་གསོས་ཐེབས་པའི་ལྟ་བའི་ཤུགས་རྐྱེན་དང་རང་བྱུང་ཁམས་ཀྱི་བཀའ་དྲིན་བསམ་ནས་སྲུང་སྐྱོབ་ལས་ལ་བརྩོན་པ་ལགས་སོ།དེ་བས་སྒྲིག་སྲོལ་ལ་བརྩི་སྲུང་མི་བྱེད་མཁན་ཚོའང་ཤེས་རྒྱ་མེད་པ་མ་ཡིན་པར་དེ་ལྟ་བའི་བླ་མེད་ཀྱི་བསམ་བློ་མེད་སོང་བ་རེད།ས་གནས་ཀྱི་མིས་བཤད་པ་ནང་བཞིན།ལག་ལེན་གང་ལས་ཀྱང་ཁོ་ཚོ་ནི་སྲོལ་རྒྱུན་གྱི་ཡུལ་ལྷ་གཞི་བདག་དང་ལྷ་རི་བླ་མཚོ་སོགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་རྒྱུན་སྐྱོང་བ་དགའ།དེའི་མཇུག་འབྲས་ཀྱང་ང་ཚོ་མིའི་རིགས་དང་རང་བྱུང་ཁམས་མཉམ་གནས་ཀྱི་ལྟ་སྤྱོད་དང་མཐུན་པ་རེད།འདི་ནི་ང་ཚོ་ཚང་མས་རེ་སྙེག་བྱེད་བཞིན་པའི་དམིགས་འདུན་ཞིག་མ་ཡིན་ནམ།ང་ཚོས་སྒྲུབ་དགོས་པ་ནི་ལྟ་བ་ལེགས་པོ་དང་གོམས་གཤིས་བཟང་བོ།ཐབས་ཤེས་ཡང་དག་སོགས་མུ་མཐུད་དུ་གོང་སྤེལ་དང་རྒྱུན་འཛིན་བྱེད་རྒྱུ་ནི་ང་ཚོ་འཚོ་བའི་ས་ཆེན་གྱི་གོ་ལ་འདིའི་དྲིན་ལན་གཞལ་ཐབས་ལེགས་ཤོས་དེ་ཡིན་ངེས་སོ།

上篇翻译:李措吉,兴海县人,就读于青海师范大学藏英专业

下篇翻译:齐迈多杰,青海果洛人,毕业于西北民族大学藏学院,现已在久治县民族中学任教。

如果您恰好是三江源当地老百姓或是本地兽医,希望你可以扫描下方二维码,参与野生动物救助的调查问卷,帮助我们找到最优的解决方案。

 

欢迎大家扫描填写【三江源地区野生动物救助的问卷调查】

也欢迎您扫码支持雪境的野生动物救助众筹项目

帮助我们让每一个生命都能共享雪山圣境

温馨提示:欢迎大家转发

       转载或应用文字和图片请与我们联系!


您可能也对以下帖子感兴趣

文章有问题?点此查看未经处理的缓存