查看原文
其他

གཉན་ཚོགས་ཀྱི་ངོས་གཅིག་གི་གཏམ་རྒྱུད། འཇུ་བཀྲ་ཤིས་བཟང་བོ།

Ju Tashi Sangpo 年保玉则生态环境保护协会 2020-02-24

    གཉན་ཚོགས་ནི་སྤྱི་ལོ༢༠༠༧ལོར་ཐོ་འགོད་དང་ཆོག་མཆན་ཐོབ་པའི་ཁེ་གཉེར་མ་ཡིན་པའི་མང་ཚོགས་ཀྱི་ཁོར་སྲུང་ཚོགས་པ་ཞིག་ཡིན།  ཐོག་མར་གྲ་འགྲིག་སྐབས་ཀྱི་མིང་ལ་ཤར་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ལྟ་སྲུང་ཚོགས་པ་ཟེར་ཡང་ད་ལྟ་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའམ་གཉན་ཚོགས་ཟེར།ཚོགས་པ་འདི་བཙུགས་ནས་མི་ལོ༡༡ཙམ་ཕྱིན་ཞིང་དེ་རིང་ཕྱིར་དྲན་ཙམ་བྱས་ན། དང་ཐོག་ཚོགས་པ་འདི་འཛུགས་སྐབས་མགོ་ལོག་ཁུལ་ཡོངས་སུ་དམངས་སྒྲུབ་ཚོགས་པ་གཅིག་ཀྱང་མེད་པས།ཆོག་མཆན་ཞུ་ཡུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཀྱང་ཐོ་འགོད་དང་ཡིག་ཆ་ཇི་ལྟར་བཟོ་བ་ལྟ་ཅི་ཐ་ན་དམངས་སྒྲུབ་ཚོགས་པ་ནི་ཁྲིམས་མཐུན་ཡིན་མིན་ཙམ་ཡང་ཤེས་ཀྱིན་མེད་དེ།ང་ཚོས་སྙན་ཞུ་འབུལ་སྐབས་མགོ་ཁྲིད་ཅིག་གིས་སྨིན་མ་བསྡུས་ཤིང་མེ་མདའི་ཕྱག་རྒྱ་དབུ་ལ་ཚད་དེ་ངས་འདི་འདྲ་ལ་ཆོག་མཆན་བཀོད་ན་ངའི་ཚེ་སྲོག་གི་ཉེན་ཁའི་འགན་སུས་འཁུར་དགོས་པ་རེད་ཅེས་བཤད་པ་དེ་ད་ལྟ་དྲན་ན་དགོད་ཤོར་བ་ཞིག་རེད་ཨང་།

སྨུག་སྤྲིན་ཀློང་གི་གཉན་པོ་གཡུ་རྩེ།

འོན་ཀྱང་སྐུ་རྒྱབ་ཚུལ་ཁྲིམས་དང་།མགོ་ལོག་ཤན་ཁོ། ནམ་མཁའ། ཏོང་ཅང་ཐེན་སོགས་གྲོགས་པོ་མང་པོས་རོགས་རམ་འོག་ཟླ་བ་གཅིག་ཙམ་གྱི་རིང་ལ་ཡིག་ཆ་སྐྱར་བཟོ་ཡང་བཟོ་དང་ཡར་སྤྲོད་མར་འཕེན་རབས་དང་རིམ་པར་བརྒྱུད་མཐར།སྤྱི་ལོ༢༠༠༧ལོའི་ཟླ༡༢པའི་ཚེས༢༤ཉིན་དངོས་སུ་ཆོག་མཆན་གྱི་ཡིག་ཆ་རེག་སོང་། སྐབས་དེར་ཡིག་ཆ་རེག་སོང་བ་ཙམ་ལས་ང་ཚོས་ཚོགས་པ་ཞིག་གི་འགྲོ་སྟངས་གང་ཡང་ཤེས་ཀྱིན་མེད་ལ།ཐ་ན་སྙན་ཞུ་དང་འབྱོར་འཛིན་ཙམ་ཡང་འབྲི་ཤེས་ཀྱིན་མེད་པས་པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་སྐབས་དེའི་ལས་བཟོ་བ་ལིས་ལིས་དང་བཡིས་ལོས་སོགས་ཀྱིས་རོགས་རམ་འཛད་མེད་གནང་བ་དེ་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད།

སྤྱི་ལོ༢༠༠༨ལོའི་ལོ་མགོར་ཁྲིན་ཏུའུ་ནས་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་ལིས་ཧྲིན་ཀྲི་དང་ལིས་ལིས་གཉིས་ཚོགས་ཐོག་ཅིག་ནས་ཐོག་མར་ཐུག་འཕྲད་བྱུང་ཞིང་། ཁོང་གཉིས་ཀྱིས་དགའ་བའི་ཉམས་འགྱུར་བཅས་ང་ལ་སྐད་ཆ་མང་པོ་ཞིག་ལབ་སོང་ཡང་ངས་གང་ཡང་གོ་མ་སོང་བས་དགོངས་དག་ཞུ། སྐབས་དེའི་སྣང་ཚུལ་ད་དུང་ཡང་མི་བརྗེད་པ་ཞིག་ཡོད་པ་ནི་ནག་གྲིབ་འཁོར་བའི་ཚོགས་ཁང་དེའི་ནང་ནས་ལིས་ལིས་ཡིས་གཏམ་བཤད་གནང་སྐབས་གཡུ་ཡི་རྣ་རྒྱན་འོད་འཚེར་བ་ཞིག་འཕྱང་དྲིལ་བཞིན་གཡུག་གིན་ཡོད་པ་དེ་ཙམ་རེད། ལོ་དེའི་དབྱར་མགོར་མཚོ་སྔོན་ཞིང་ཆེན་ནགས་ལས་ཁང་དང་རི་ཆུ་རང་བྱུང་ལྟེ་གནས་སོགས་ཀྱིས་མཉམ་སྒྲུབ་བྱས་པའི་ཡོ་རོབ་ཀྱི་མ་དངུལ་ཆུང་བའི་རྣམ་གྲངས་ཤིག་གིས་ང་ཚོའི་ཚོགས་པ་གསར་བར་རོགས་སྐྱོར་ཐོབ་ཅིང་།  མགོ་ལོག་ཀུན་དགའ་ཚངས་དབྱངས་དང་ངེད་གཉིས་རྣམ་གྲངས་ཀྱི་མཛད་སྒོར་ཞུགས་ཤིང་གཏམ་བཤད་རྣམས་གཟབ་ནན་གྱིས་ཉན་ཡང་ཕལ་ཆེ་བ་གོ་མ་སོང་། འོན་ཀྱང་མགོ་ཁྲིད་དང་ལས་བཟོ་བ་སུ་ཡིན་ཡང་ཁོ་ཚོའི་སྐད་ཆའི་ནང་སྐྱེ་ཁམས་དང་། རྣམ་གྲངས། དཔང་འཛིན་ཞེས་པའི་མིང་ཚིག་དེ་ཡང་དང་སྐྱར་དུ་ཐོན་གྱིན་འདུག་པས་དེ་གལ་ཆེན་ཞིག་ཡིན་པ་ཚོད་དཔག་བྱས་ཀྱང་ནང་དོན་ཅི་ཡིན་ཤེས་མ་སོང་།དེའི་ལོ་མཇུག་ཏུ་ངས་བོད་སྐད་དང་རྒྱ་སྐད་ཀྱི་ཐང་གཟན་བླ་མའི༼ནུབ་སྐྱོད་ཟིན་བྲིས༽ཀྱི་ཟེར་སྡེར་ཞིག་ཉོས་ཤིང་ཐེངས་བཅུ་ཕྲག་ཁ་ཤས་ལ་བལྟས་ཏེ་བཙན་ཤེད་ཀྱིས་རྒྱ་སྐད་ལ་སྦྱང་བ་བྱས་ཀྱང་།ཡིད་ཕངས་པ་ཞིག་ལ་ལོ་དེའི་སྟོན་ཁར་རབ་འབྱམས་མ་བླེའུ་ཀྲི་དངོས་སུ་གཉན་པོ་གཡུ་རྩེ་རུ་ཕེབས་ཏེ་ང་ཚོའི་བྱ་བར་རྟོག་ཞིབ་གནང་ཡང་ཁོས༼ནུབ་སྐྱོད་ཟིན་བྲིས༽ནང་གི་སྐད་ཆ་གང་ཡང་བཀོལ་གྱིན་མི་འདུག།

ཞ་ལུ་རབ་འབྱམས་པ། ༼གཡོན།༽ རབ་འབྱམས་མ་བླེའུ་ཀྲི། ༼དཀྱིལ།༽ ང་རང་བཅས་གཉན་པོ་གཡུ་རྩེར་མཉམ་དུ་སོང་བ།

༢༠༠༩ལོའི་ཟླ༧པར་རབ་འབྱམས་མ་བླེའུ་ཀྲི་དགེ་རྒན་གྱིས་ང་རང་སྐབས༢༣པའི་རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་སྟེང་གདན་འབོད་བྱས་ཤིང་།སྐར་མ་བརྒྱད་ཀྱི་ཡུན་ལ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་ཀྱང་སྤྲད་པར་མ་ཟད་ཁོང་དང་ཁོང་གི་སློབ་མ་བང་ཧྥང་གིས་ང་ལ་གཏམ་བཤད་དང་PPTབཟོས་ཏེ་ཁྲིགས་ཁྲིགས་བྱས། ངས་རྒྱ་སྐད་ཀྱི་སྒྲ་བོད་ཡིག་གིས་བྲིས་ཏེ་སྐར་མ་བརྒྱད་ཀྱི་གཏམ་བཤད་དེ་ཉིན༡༥ཙམ་ལ་བློ་འཛིན་དང་སྐྱར་སྦྱངས་བྱས།དགོད་བྲོ་བ་ཞིག་ལ་ངའི་རྒྱ་སྐད་ཀྱི་གཏམ་བཤད་དེ་ང་རང་གིས་ཀྱང་ཡག་པོ་ཞིག་གོ་གི་མེད་དོ།།

རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་སྟེང་གཏམ་བཤད་བྱེད་བཞིན་པ།

སློབ་སྦྱོང་གི་ལོ་ན་ཡོལ་བའི་གྲྭ་རྒན་ཞིག་གིས་རང་གིས་རང་ལ་གཤག་བཅོས་བརྒྱབ་ཏེ་སྤྱི་ཚོགས་ཀྱི་འགྲོས་དང་འཕྲོད་པ་ཞིག་ཏུ་བཟོ་བ་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད།སྐབས་འགར་ངས་རང་གིས་རང་ལ་བཞད་གད་དང་སྙིང་རྗེ་ཤོར་གྱིན་ཡོད། གོང་སྨྲས་རྣམས་ནི་གཙོ་བོ་ང་རང་སྤྱི་ཚོགས་ཁྲོད་ཇི་ལྟར་ཞུགས་ཤིང་གཉན་ཚོགས་བཙུགས་པའི་གཏམ་རྒྱུད་ཅིག་ལས།གཉན་ཚོགས་འཚར་ལོངས་བྱུང་བ་ནི་རྒན་འབྲུག་སྐྱབས་དང་། མཚོ་ཀླུ་དབང་།  ཁྲ་སོག་ཕུར་བ་སྐྱབས། ཨ་སྐོང་ཨ་བོ་ཀི་ལིས། གཏུག་རྒྱལ་ཐུབ་པ།གངས་པ། ཚ་དཔའ་རྩེ། རྒྱ་ཚོགས་བཟའ་སྣང་མཚོ། འབེ་རིག་མཆོག། རོང་དཔལ་ཁོ། བེ་རི་ཕྱུག་འཛིན།དོམ་ཚ་གདུགས་དཀར་སྐྱབས། ཀོ་བཡིས་ཧྥང་། སྨར་རོང་གྲགས་པ། མཁས་དབང་དགེ་འདུན་བསྟན་པ། མཁན་པོ་བརྩོན་འགྲུས།སྨར་རོང་མཆོག་ཁོ། སྨར་རོང་འཕྲིན་ལྡན། སྨར་རོང་བློ་གྲོས། མཁན་པོ་དགེ་འདུན་རབ་རྒྱས། ལྡོང་འཇམ་དཔལ་བསམ་གཏན།རྒྱལ་རོང་བྱམས་པ་ལྷ་མོ། དམེ་གུ་ཐོ། སོག་དབང་འབུམ། ཆོས་སྐྱབས། བསོ་རིས།ཆོས་སྐྱབས་ཆེ་བ། འཇུ་འཇམ་གྲགས། རྒྱ་ཚོགས་ཟླ་མཛེས། མདའ་སྙན་གྲགས། འཇུ་ཅོ་ཡག། ཆོས་ཉིད་མཚོ།གཡས་ཚུལ་ཁྲིམས་ཉི་མ། རྡོ་བ་ཆོས་གྲགས། སྨིན་དབུས་པོ། བེ་རི་བློ་བཟང་། རྗེས་དཀར་སྐལ་ལྷུན།འཇུ་བཟའ་རིན་ཆེན་ལྷ་མོ་སོགས་ཚོགས་མི་བརྒྱ་ལྷག་གི་གཏམ་རྒྱུད་ཀྱིས་གྲུབ་ཡོད་པ་ཞིག་ཡིན་ནོ།།

ད་ལོའི་སྤྱི་ཟླ་༧པར་འཇིག་ཁོག་ཏུ་གཉན་ཚོགས་ཀྱི་ཚོགས་མི་དག་ལྷན་དུ་འཛོམས་པ།

ད་དུང་མཚོ་སྔོན་ཞིང་ཆེན་ནགས་ལས་ཐེན་དང་། གཙང་གསུམ་བདག་དམ་ཅུའུ།གཅིག་སྒྲིལ་རྫོང་དམངས་སྲིད་ཁང་། གཅིག་སྒྲིལ་རྫོང་ཡུལ་སྐོར་ཅུའུ།གཅིག་སྒྲིལ་རྫོང་སློབ་གསོ་ཅུའུ། དཔལ་ཡུལ་སྲིད་གཞུང་། པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་དང་།རྒྱལ་སྤྱིའི་ཝིན་རོག་ཐེབས་རྩ་ཚོགས་པ། ཨ་ལག་ཤ་ཐེབས་རྩ་ཚོགས་པ་སོགས་རྒྱལ་ཕྱི་ནང་གི་རྩ་འཛུགས་དང་།བྲ་ཁྱོམ་དཀོན་མཆོག་དཔལ་བཟང་དང་ཧ་ཤུལ་བཀྲ་ཤིས་རྡོ་རྗེ་སོགས་མི་སྒེར་གྱིས་བླ་ན་མེད་པའི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ཏེ་དེ་རིང་གི་གཉན་ཚོགས་འདི་གྲུབ་ཅིང་མུ་མཐུད་དུ་གནས་པའི་ཆོད་སེམས་ཀྱང་བྱུང་བ་ཡིན་ནོ།།


འཇུ་བཀྲ་ཤིས་བཟང་བོ། ༢༠༡༧-༨-༢༢

འཇུ་བཀྲ་ཤིས་བཟང་བོ་ནི་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཐོག་མར་འཛུགས་མཁན་ཡིན།


    您可能也对以下帖子感兴趣

    文章有问题?点此查看未经处理的缓存