འགན་འཁྲིའི་འདུ་ཤེས་ལས་འཕྲོས་ཏེ་ཁོར་ཡུག་སྲུང་སྐྱོབ་གླེང་བ། 责任心与环保
༢༠༡༨ ༩ ༡༢ མགོ་ལོག་ཁང་སར་གསར་རྙིང་ཇོ་གསུམ་གྱི་དགོན་སྡེ་གསུམ་གྱིས་མཉམ་དུ་བསྒྲུབ་པའི་མཐུན་གསུམ་བྱང་ཆུབ་ལོ་མའི་རྒྱུག་སྤྲོད་སྐབས་དགུ་བའི་སྟེང་གི་གཏམ་བཤད། མགོ་ལོག་ཀུན་དགའ་ཚངས་དབྱངས།
2018年9月12日,果洛康赛的格鲁派、宁玛派、觉囊派三个教派共同举办第九届“融洽菩提叶”考试,年措会长更尕仓洋受邀在此次教育活动上演讲。以下文章根据当天的讲话整理。
པར། ༢༠༡༥ ༧ པར་༼གད་སྙིགས་གླེང་བ།༽ཡི་ལག་དེབ་སྒོར་བུད་རྗེས་མགོ་ལོག་ཀུན་དགའ་ཚངས་དབྱངས་ཀྱིས་དེར་འབྲེལ་གྱི་སྦྱོང་བརྡར་ཐོག་མ་སྤེལ་སྐབས།
图:2015年7月《论垃圾》发行以后,更尕仓洋在牧区开展首次与垃圾有关的培训会
内容概译
任务与责任的区别——任务是别人交付的,而责任是自己认为有意义、有必要去做的一件事,是自觉的发心。做任何事情都需要有这样的责任心,环境保护也是一样。
年措成立以来,我们发现有一个对自然保护很重要的“因果三诀”——认识自然就会喜欢自然,喜欢自然才能保护自然。这来自佛经中用于修菩提心的因果七诀的前三个:“知母,念恩,报恩”。不仅是为了我们自己保护,而是为了向众生报恩来保护的。
青藏高原的生态环境十分脆弱,一旦破坏便很难恢复,因此这里的保护主要是靠སྲུང་སྐྱོབ།中的སྲུང(意为“不动”)。我们的环境就像人的眼睛一样,如果眼睛需要动手术的话,相比身体会更难以恢复。用最简单的语言来讲,浪费就是破坏环境,节约就是环保,因为我们使用的物品全都需要使用大自然的资源。
年措常说:年保玉则是两个中心和一个宝库。两个中心指的是文化多样性和宗教多样性的中心,因为这里是安多、卫藏和康巴三种文化以及六大教派51个寺院的集合地。历史上各教派关系非常融洽,我们应该把这样的传统保护下去。一个宝库则是说这里的生物多样性非常丰富。年措过去十年间用影像和文字记录了年保玉则当地400余种动物以及900余种植物和真菌,而现在已出版的一些三江源地区物种指南也没有超过这个数目。
点击图片,查看往期文章:
什么是生物多样性,什么又是保护?
འོ་ལགས་སོ།། ཐོག་མ་ཡིན་ན་མཐུན་གསུམ་བྱང་ཆུབ་ལོ་མའི་སྐབས་དགུ་བའི་རྒྱུགས་སྤྲོད་བྱ་འགུལ་འདིར་ཕེབས་པའི་བླ་སྤྲུལ་མཁན་གསུམ་རྣམ་པ་དང་། ལྷག་པར་དུ་མ་འོངས་པ་ན་ས་འདིའི་བདག་པོ་དང་། ཡུལ་འདིའི་སྣེ་ཁྲིད་པ། དགོན་པ་འདི་དག་གི་སྲོག་ཤིང་དུ་འགྱུར་ངེས་པའི་གྲྭ་བཙུན་རིག་སྨྲ་བ་རྣམས་ཀྱིས་གཙོས་རྣམ་པ་ལྷན་རྒྱས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ང་རང་ལ་མཚོན་ན་འདི་འདྲའི་བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་ཞིག་གི་སར་སྐད་ཆ་ཁ་ཤས་ལབ་སྟེ་རྣམ་པ་ལྷན་རྒྱས་ཀྱི་གསེར་ལྟ་བུའི་དུས་ཚོད་འཕྲོ་བརླག་གཏོང་བ་དེ་མི་འོས་པ་ལྟ་བུ་ཞིག་ཏུ་སོང་ཡོད་ན་ཡང་ལས་འཛིན་ལྷན་ཚོགས་ཀྱི་བཀའ་སྐུལ་ངོ་མ་ལྡོག་པ་ཙམ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ནས་སྐད་ཆ་ཁ་ཤས་ལབ་དགོས་བྱུང་། དེས་ན་གཙོ་བོ་གྲྭ་བཙུན་རིག་སྨྲ་བ་འདི་དག་ལ་ཁ་ཕྱོགས་ཏེ་ཁོང་ཚོའི་ཐུགས་ལ་ཅུང་ཙམ་རེ་ཡང་ཨེ་ཞོག་གི་ཀུན་སློང་གིས་ཚན་པ་གསུམ་དུ་བྱས་ཏེ་བཤད་རྒྱུ་ཡིན།
གཅིག། འགན་ཁུར་དང་འགན་འཁྲི་གཉིས་ཀྱི་ཁྱད་པར།
འགན་ཁུར་དང་འགན་འཁྲི་གཉིས་ཀྱི་ཁྱད་པར་དང་འགན་འཁྲིའི་འདུ་ཤེས་འདི་འགན་ཁུར་གྱི་འདུ་ཤེས་ལ་བལྟས་ན་གལ་ཆེ་ཚུལ། གཙོ་བོ་འགན་འཁུར་ནི་གཞན་ལ་ལྟོས་དགོས་པ་ཞིག་དང་འགན་འཁྲི་ནི་རང་ལ་ལྟོས་དགོས་པ་ཞིག་རེད་དེ་སློབ་བུ་ཞིག་ལ་ཆ་བཞག་ན་ང་རང་སློབ་མ་ཞིག་ཡིན་པས་ངས་དཔེ་ཆ་འདི་དང་འདི་ལ་བལྟ་དགོས་པ་དང་། སློབ་སྦྱོང་འདི་དང་འདི་འདྲ་བྱ་དགོས་པ། ལས་བྱ་འདི་དང་འདི་འགྲུབ་དགོས་སྙམ་པ་ནི་འགན་འཁྲིའི་འདུ་ཤེས་རེད་ལ། དགེ་རྒན་གྱིས་གསུངས་པ་ལྟར་ངས་དཔེ་དེབ་འདི་དག་ལ་བལྟ་དགོས་པ་དང་། ལས་བྱ་འདི་དག་འགྲུབ་དགོས་སྙམ་པ་ནི་འགན་འཁུར་གྱི་འདུ་ཤེས་རེད། དེ་བས་རང་རྟོགས་སམ་འགན་འཁྲིའི་འདུ་ཤེས་འདི་ཁ་སང་དེ་རིང་གི་འུ་ཚོར་མཚོན་ན་ཤིན་ཏུ་ནས་ཀྱང་གལ་ཆེ་སྟེ་དཔེ་ཞིག་བཞག་ན་སྐྱ་ཆད་སྔོ་རྡུག་ཏུ་གྱུར་བའི་ཕ་ཡུལ་མགོ་ལོག་ཙམ་མ་ཟད་ཁ་བ་ཅན་གྱི་ཡུལ་འདི་ལ་ཡང་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་ཨ་ཁུ་འཇིགས་མེད་རྒྱལ་མཚན་ཚང་དང་། མཆོག་སྤྲུལ་རྡོ་རྗེ་བརྟན། རྟའུ་ཐུབ་བསྟན་ཉི་མ་སོགས་ཀྱིས་འདི་ལྟ་བུའི་སློ་གྲྭ་བཙུགས། སློབ་གྲྭ་དེ་དག་གི་ཆེད་དུ་ཉིན་དཀར་གྱི་ཟས་བཅག། མཚན་མོ་ཡི་གཉིད་བཅག་སྟེ་འབད་པ་བླ་ལྷག་ཅིག་བྱས་པའི་འབྲས་བུར་འདི་ལྟའི་མི་སྣ་འཇོན་ཐང་ཅན་དང་། འདི་ལྟའི་མི་སྣ་ལྷག་བསམ་ཅན། འདི་ལྟའི་མི་སྣ་རིགས་ཞེན་ཅན་མང་བོ་ཞིག་སྐྱེད་སྲིང་བྱས་ཡོད་པ་རེད། ཁོང་རྣམ་པར་འགན་འཁྲིའི་འདུ་ཤེས་ཟབ་མོ་ཞིག་མེད་པ་ཡིན་ན་ཁོང་ཚོས་སློབ་གྲྭ་འདི་དག་འཛུགས་ཀྱི་མ་རེད་དེ་མི་གཅིག་གིས་ཀྱང་ཁོང་ཚོར་སློབ་གྲྭ་འདི་འདྲ་གཟུགས་དགོས་པའི་བཀའ་སྐུལ་གནང་མྱོང་ཡོད་པ་མ་རེད་ལ། སློབ་གྲྭ་དེ་དག་བཙུགས་མེད་པ་ཡིན་ན་མི་སྣ་དེ་དག་འབྱུང་བའི་གནས་མེད་པས་འདི་ལྟར་བསམ་དུས་འགན་འཁྲིའི་འདུ་ཤེས་དེ་གལ་ཆེན་པོ་ཡིན་པའང་ངང་ངམ་ཤུགས་ཀྱིས་རྟོགས་མི་ཡོང་ངམ། ད་དུང་གཞན་ཞིག་ནི་འགན་འཁྲིའམ་རང་རྟོགས་ཀྱིས་ལས་ཀར་ཞུགས་པ་ནི་སྤྲོ་སྣང་རང་བཞིན་ཅན་ཞིག་ཡིན་རྐྱེན་དེའི་གྲུབ་འབྲས་ཀྱང་འགན་ཁུར་རམ་བྱིན་རླབས་གཉའ་འཇོག་གི་འབྲས་བུ་དང་བསྡུར་ན་ལྡབ་ཀྱིས་མཐོ་ཞེས་བཤད་ཆོག་པ་ཡིན།
གཉིས། ཤེས་དགའ་སྲུང་གསུམ་དང་འབྲེལ་བའི་ཁོར་སྲུང་།
ཤེས་དགའ་སྲུང་གསུམ་ལས་འཕྲོས་ཏེ་ང་ཚོས་ཁོར་ཡུག་སྐྱོབ་པ་ལས་སྲུང་བ་གལ་ཆེ་ཚུལ་ནི། ཤེས་དགའ་སྲུང་གསུམ་ཟེར་བ་འདི་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཙུགས་ནས་མི་ལོ་བཅུ་ལྷག་གི་རིང་འདིར་ཉམས་མྱོང་གིས་རྙེད་པའི་ཁོར་སྲུང་གི་རྒྱུ་འབྲས་མན་ངག་ལྟ་བུ་ཞིག་ཡིན། དཔེར་ན་ང་ཚོས་བྱང་ཆུབས་ཀྱི་སེམས་བསྒོམ་པ་ལ་རྒྱུ་འབྲས་མན་ངག་བདུན་ལ་བསླབ་དགོས་པ་དང་འདྲ་མཚུངས་ཡིན། རྒྱུ་འབྲས་མན་ངག་བདུན་གྱི་དང་པོ་གསུམ་ནི་སེམས་ཅན་ཐམས་ཅད་མར་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དྲིན་དྲན་པ། སེམས་ཅན་ཐམས་ཅད་ལ་དྲིན་གཟོ་བ་གསུམ་སྟེ་དྲིན་གཟོ་བ་ལ་དྲིན་དྲན་དགོས་པ་དང་། དྲིན་དྲན་པ་ལ་དྲིན་ཅན་ཡིན་པར་ཤེས་དགོས་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་གསུང་གིན་ཡོད་པ་ནང་བཞིན། ང་ཚོས་ཕ་ཡུལ་སྲུང་དགོས་ན་དེ་ལ་དགའ་དགོས་པ་དང་། དེར་དགའ་བ་ལ་དེ་ཤེས་དགོས་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་གྲུབ་བསྡད་ཡོད་དེ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་དང་། ཕྱི་མ་ཕྱི་མ་སྔ་མ་སྔ་མའི་འབྲས་བུར་སོང་གཤིས་འདི་གསུམ་ཤིན་ཏུ་ནས་ཀྱང་གལ་ཆེ་བའི་རྒྱུ་འབྲས་ཀྱི་མན་ངག་ལྟ་བུ་ཞིག་ཏུ་བརྩི་བཞིན་པ་ཡིན། དཔེ་ཞིག་བཤད་ན་སྲང་ལམ་ག་གེ་མོ་ཞིག་ཏུ་མི་ཆ་མེད་ཅིག་གིས་གཞན་ཆ་མེད་ཅིག་ལ་ཐུབ་ཚོད་དམ་བརྙས་བཅོས་བྱེད་ཀི་ཡོད་ཚེ་ལ་ཐང་ན་ང་ཚོས་བར་འདུམ་ཞིག་བྱེད་ངེས་ལ་ལ་ཐང་ན་ང་ཚོས་སྣང་མེད་དུ་འཇོག་ཡང་སྲིད། ཡིན་ན་ཡང་ང་ཚོ་དགའ་སའི་མི་ཞིག་གནས་སྟངས་དེ་འདྲར་ཁེལ་ཡོད་ན་ང་ཚོས་ཅིས་ཀྱང་རོགས་རམ་མམ་སྲུང་སྐྱོབ་གང་ཞིག་བྱ་དགོས་ན་བྱེད་ངེས་ཏེ་རྒྱུ་མཚན་ནི་ང་ཚོ་མི་དེར་དགའ་བས་རེད། དེ་བཞིན་ང་ཚོ་རང་གི་ཁོར་ཡུག་འདི་ལ་དགའ་སོང་ཕྱིན་གཞན་སུས་ཀྱང་སྲུང་སྐྱོབ་བྱོས་ཞེས་སྐུལ་མ་མི་དགོས་པར་ངང་ངམ་ཤུགས་ཀྱིས་སྲུང་སྐྱོབ་བྱེད་འགྲོ་བ་རེད།
པར། ༢༠༡༨ ༧ པར་གཡུ་རྩེའི་ཨཏྤལ་སྲུང་སྐྱོབ་ཚན་ཆུང་འཛུགས་སྐབས་བྱིས་པ་རྣམས་ལ་གཡུ་རྩེའི་ཨུཏྤལ་ངོ་སྤྲོད་བྱེད་ཀྱིན་པ།
图:2018年7月成立久治绿绒蒿保护小组时,更尕仓洋在向孩子们介绍这种年保玉则特有植物
བོད་ཁ་བ་ཅན་གྱི་ཁོར་ཡུག་མང་ཆེ་བ་ཞིག་ལ་སྐམ་ཤེད་ཆེ་ཞིང་སྐྱེ་ནུས་ཞན་པ། མཚོ་འཕགས་མཐོ་ཞིང་རླན་གཤེར་ཉུང་བ། ས་སྤགས་སྲབ་ཅིང་འགལ་རྐྱེན་མང་བ་སོགས་ཀྱིས་སྲུང་མ་ནུས་པར་སྐྱོབ་དགོས་པ་བྱུང་ཚེ་ཧ་ཅང་ཁག་པོ་རེད། མི་ཞིག་གི་ལུས་ལ་དཔེར་བླངས་ན་མི་དེའི་མིག་འབྲས་དང་ཆ་མཚུངས་པས་མི་ཞིག་གི་ལུས་ཀྱི་ཆ་ཤས་གཞན་ཞིག་ལ་རྨ་བཏོད་དེ་གསོ་བཅོས་བྱ་དགོས་ན་སླ་མོར་ཆགས་ཡོད་ཅེས་བཤད་ཆོག་ན་ཡང་མི་ཞིག་གི་མིག་འབྲས་ལ་རྨ་ཞིག་བཏོད་ཚར་ཕྱིན་དེར་སྨན་ཁང་ནས་བཤའ་བཅོས་བྱས་ཏེ་དྲག་སྐྱེད་ཡོང་བ་ནི་ཧ་ལམ་མི་སྲིད་པ་ལྟ་བུ་ཡིན་པས་ང་ཚོ་བོད་ཁ་བ་ཅན་གྱི་ཁོར་ཡུག་ནི་རང་གི་མིག་འབྲས་བཞིན་སྐྱོབ་པ་ལས་སྲུང་བ་འདི་གལ་ཆེན་པོ་ཡིན་པ་ཤེས་དགོས། སྤྱིར་ཁོར་ཡུག་ཟེར་བ་ནི་རང་གི་མལ་ས་དང་དེ་ནས་རང་གི་མལ་ས་ཡོད་པའི་ཁང་བ། ཁང་བ་ཡོད་སའི་དགོན་སྡེ། དགོན་སྡེ་ཡོད་སའི་ང་ཚོའི་ཕ་ས་ཕ་ཡུལ། དེ་ནས་ཕར་སོང་ན་སྐྱེ་ལྡན་དངོས་པོ་དང་སྐྱེ་མེད་དངོས་པོ་ཀུན་གནས་བཅའ་སའི་ས་ལྒང་རིལ་མོ་འདི་ལྟ་བུ་རེད། དེ་སྲུང་སྐྱོབ་ཟེར་བ་དེ་གོ་སླ་མོ་དང་སྟབས་བདེ་མོས་བཤད་ན་བསྲི་ཚགས་སམ་གྲོན་ཆུང་ནི་ཁོར་ཡུག་སྲུང་སྐྱོབ་དང་། འཕྲོ་བརླག་ནི་ཁོར་ཡུག་གཏོར་བརླག་ཡིན་པས་རང་གི་ཟས་གོས་གནས་མལ་ནས་འགོ་བརྩམས་ཏེ་གྲོན་ཆུང་བྱེད་པའི་ཕྱོགས་ལ་བསམ་གཞིག་དང་འབད་བརྩོན་གནང་དགོས་པ་ཡིན། དཔེར་ན་ལོ་ལྔར་བཀོལ་རུང་བའི་དངོས་པོ་ཞིག་གཅེས་སྤྲས་ཀྱི་ལོ་ལྔ་བོར་ལེགས་པོར་བཀོལ་ཐུབ་པ་བྱུང་ན་དེས་ཁོར་ཡུག་སྲུང་སྐྱོབ་བྱས་བཏང་བ་དང་། ལོ་དྲུག་ནས་བདུན་བར་འཀོལ་ནུས་སོང་ཕྱིན་དེས་ཁོར་སྲུང་ལ་ལག་རྗེས་བཞག་ཟིན་དང་། དེ་ལྟ་མིན་པར་ལོ་གཉིས་ཙམ་མ་གཏོགས་བཀོལ་མ་ནུས་པར་ཆག་སྐྱོན་བཏང་བ་ཡིན་ན་དོན་གྱིས་ཁོར་ཡུག་ལ་གཏོར་བརླགས་བྱས་ཟིན་པ་རེད་དེ་ཐོན་རྫས་གང་འདྲ་ཞིག་ཡིན་ཡང་རང་བྱུང་ཁམས་དང་མ་འབྲེལ་བ་ཞིག་མེད་པས་ཐོན་རྫས་རེ་རེ་བསྐྲུན་པ་ལ་རང་བྱུང་ཁམས་གཏོར་ཞིང་བརླག་དགོས་པའི་ཆོས་ཉིད་ཅིག་གམ་གནས་ལུགས་ཤིག་གྲུབ་ཡོད་པས་རེད།
པར་བ། གཡས་ཆོས་པོ།
摄影:曲保
གསུམ། གཉན་པོ་གཡུ་རྩེ་ངོ་སྤྲོད་རགས་ཙམ།
ང་ཚོའི་ཕ་ཡུལ་ནི་གཉན་པོ་གཡུ་རྩེ་རེད། དེའི་ཕྱིར་ཁྱོད་རྣམ་པར་གཉན་པོ་གཡུ་རྩེ་ལ་ཆ་རྒྱུས་ཅུང་ཙམ་འབྱུང་སླད་མཚམས་སྦྱོར་ཉུང་བསྡུས་ཤིག་བྱེད་འཆར་ཡོད་དེ་ངེད་གཉན་ཚོགས་ཚང་གིས་ནམ་ཡང་གཉན་པོ་གཡུ་རྩེ་ནི་ལྟེ་གནས་ཆེན་པོ་གཉིས་དང་། བང་མཛོད་ཆེན་པོ་གཅིག་ཡིན་ཞེས་རྟག་ཏུ་ལབ་ཀིན་ཡོད།
ལྟེ་གནས་ཆེན་པོ་གཉིས་ནི་སྣ་མང་ཆོས་ལུགས་ཀྱི་ལྟེ་གནས་དང་། སྣ་མང་རིག་གནས་ཀྱི་ལྟེ་གནས་ཏེ་གཉན་པོ་གཡུ་རྩེའི་ཉེ་འཁོར་འདིར་ཆོས་རྒྱུད་ཆེན་པོ་དྲུག་གི་དགོན་སྡེ་ལྔ་བཅུ་ལྷག་ཅིག་ཡོད་པ་རེད་ལ། ཡོད་པ་ཙམ་དུ་མ་ཟད་སྣང་ཞུགས་དགོན་པ་ནི་བོན་ཕྱོགས་ནས་དགོན་པ་ཆེས་ཆེ་ཤོས་ཀྱི་གྲས་དང་། དཔལ་ཡུལ་དར་ཐང་དགོན་ནི་སྔ་འགྱུར་རྙིང་མའི་དགོན་སྡེ་ཆེ་ཤོས། གཞན་བསེ་དགོན་པ་དང་ལྕམ་མདའ་དགོན་པ་གཉིས་ཀྱང་དཔལ་རྒྱལ་བ་ཇོ་ནང་བའི་དགོན་པ་ཆེ་ཤོས། ཀིརྟི་དགོན་པ་དང་སྒོ་མང་དགོན་གཉིས་ཀྱང་རི་བོ་དགེ་ལུགས་པའི་ཕྱོགས་ན་དགོན་སྡེ་ཆེ་ཤོས་ཀྱི་གྲས་ཡིན་པ་བཤད་མ་དགོས་པ་དེ་འདྲ་རེད། འདི་ལྟའི་ཆོས་རྒྱུད་ཆེན་པོ་དྲུག་གི་དགོན་སྡེ་མང་བོ་ཞིག་ཡོད་པ་ཙམ་གྱིས་མི་ཚད་གནའ་ནས་ད་བར་དུ་ཆོས་རྒྱུད་ཆེན་པོ་འདི་དག་གི་མཛའ་འབྲེལ་གསེར་གྱི་ཟམ་པ་ལ་གས་ཆག་ཤོར་མ་མྱོང་བ་ནི་དངོས་གནས་གྲང་གནས་ང་ཚོས་སློབ་སྦྱོང་བྱ་དགོས་ཤིང་བྱེད་རིན་ཡོད་པ་ཞིག་རེད་ལ་དགོན་པ་འདི་གསུམ་གྱི་རྒན་རབས་པ་རྣམ་པས་ཀྱང་བཟང་སྤྱོད་དེ་རིགས་ཁྱོད་རྣམས་ཀྱི་ཕྱག་ཏུ་འཇོག་བཞིན་པ་ཡིན་ན་ཁྱོད་རྣམས་པས་ཀྱང་བཟང་བོའི་སྤྱོད་པ་གང་དེ་མི་རབས་ནས་མི་རབས་པར་འཕྲོད་པ་ཞིག་ཅིས་ཀྱང་འཁྱོངས་དགོས་པ་ཡིན། ཐུགས་ལ་ཟུངས།
གཉན་པོ་གཡུ་རྩེ་རིག་གནས་སྣ་མང་གི་ལྟེ་གནས་སུ་བསྔགས་དོན་འདིའི་ཤར་རྒྱུད་དེ་རྔ་བ་ནི་སྟོད་མངའ་རིས་ནས་ཆད་འོང་བས་རྒྱུ་མཚན་གྱིས་ཡུལ་འདིའི་རིག་གནས་ཀྱང་དབུས་ཀྱི་རིག་གནས་སུ་བསྡུ་ཆོག་པར་འདོད་ལ། འདིའི་ལྷོ་རྒྱུད་པདྨའི་ཕྱོགས་ཀྱི་སྡོད་ཁང་ཕུབས་སྟངས་དང་མི་ཡི་གཤིས་ཀ་སོགས་ཆ་ཐམས་ཅད་ཁམས་ཀྱི་རིག་གནས་སུ་གཏོགས་ལ། དེ་ནས་ནུབ་དང་བྱང་གཉིས་ནི་ཨ་མདོའི་རིག་གནས་སུ་གཏོགས་པས་ཡུལ་འདིར་མདོ་དབུས་ཁམས་གསུམ་གྱི་རིག་གནས་འཛོམས་པས་ཡིན།
གཉན་པོ་གཡུ་རྩེ་ནི་སྣ་མང་སྐྱེ་དངོས་ཀྱི་བང་མཛོད་དེ་ལོ་ངོ་བཅུ་ཙམ་རིང་གཉན་ཚོགས་ཀྱིས་བལྟ་ཞིབ་བྱས་པའི་གྲུབ་འབྲས་སུ་སྐྱེ་དངོས་རིགས་མི་འདྲ་བ ༩༠༠ ལྷག་ཅིག་པར་དང་ཡི་གེའི་ལམ་ནས་ཟིན་བྲིས་བཏབས་ཟིན་པས་མི་ཚད་དེ་དག་རིགས་དང་སྡེ་ཚན་དུ་དགར་ནས་ད་ལྟ་དངོས་སུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་སྐྲུན་བྱེད་བཞིན་པའི༼མདོ་དབུས་མཐོ་སྒང་གི་རི་ཆུའི་རིག་གནས་ལས། གཉན་པོ་གཡུ་རྩེའི་གླེགས་བམ།༽དུ་བཀོད་ཟིན་ཡོད་ལ།
ཡོང་ཁུངས། གཉན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི༼མདོ་དབུས་མཐོ་སྒང་གི་རི་ཆུའི་རིག་གནས། གཉན་པོ་གཡུ་རྩེའི་གླེག་བམ།༽གྱི་ནང་དོན་གནད་བསྡུས་གཉན་པོ་གཡུ་རྩེའི་ཕྱི་ནང་གསང་གསུམ།
来源:年措自主编写的《青藏高原环境与山水文化(年保玉则卷)》
དཔེར་ན་ཟུར་སྐྱེས (ཤ་མོ) གཅིག་པོར་མཚོན་ན་ཡང་རིགས་མི་འདྲ་བ ༣༠༠ལྷག་ཅིག་རྙེད་ཡོད་ན་ཡང་དེ་ལས ༢༥༢ མ་གཏོགས་གཏན་ལ་ཕབ་ཐུབ་ཡོད་པ་མ་རེད། རྒྱུ་མཚན་ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་ཟུར་སྐྱེས་ཀྱི་ཆེད་མཁས་པ་དང་། བྲག་རྩིའི་ཆེད་མཁས་པ་ཤིན་ཏུ་དཀོན་པོ་རེད། གོ་ཚུལ་ལ་ལོ་ཁ་ཤས་ཀྱི་སྔོན་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་དང་ཡུལ་ཤུལ་གྱི་སྐྱེ་ཁམས་ལ་དགའ་བའི་མི་སྣ་སྐོར་ཞིག་གིས་མཉམ་རུབ་ཀྱིས་ཡུལ་ཤུལ་ནས་སྣ་མང་སྐྱེ་དངོས་ལ་བལྟ་ཞིབ་བྱས་པའི་ཟིན་བྲིས་ནི་སྐྱེ་དངོས་བཞི་རྒྱ་ལྷག་ཅིག་ལས་མེད་སྐད་ཐོས་ལ། གཙང་གསུམ་མགོ་ཁུངས་ས་ཁུལ་ནས་སྣ་མང་སྐྱེ་དངོས་ཀྱི་ལག་དེབ་རེ་ཡང་ཕུད་ཡོད་ལ་དེར་ཡང་སྐྱེ་དངོས་དེ་ཙམ་ལས་མི་འདུག་པ་དེ་འདྲ་རང་རེད།
ད་དུང་ཆུ་བཞི་སྒང་དྲུག་གི་ནང་ཚན་ཟལ་མོ་སྒང་རྒྱུད་ཀྱི་སྟོད་ན་གཡག་ར་སྟག་རྩེ་དང་། བར་ན་ཀླུ་ནག་མདུང་རྩེ། གཉན་པོ་གཡུ་རྩེ། བཞར་གྱི་འོ་མ་སྟག་རྩེ་གསུམ་དང་། སྨད་ན་སྐ་བར་སྟག་རྩེ་སྟེ་རྩེ་ལྔ་བོ་ལས་གཉན་པོ་གཡུ་རྩེ་ནི་རྒྱ་ཁྱོན་ཆེས་ཆེ་ཤོས་དང་མཚོ་འཕགས་ཆེས་མཐོ་ཤོས་ཡིན་པས་རི་རྒྱུད་འདིའི་གཙོ་རིར་བཤད་ཆོག་ལ། གཉན་པོ་གཡུ་རྩེ་ནི་ཆུ་བོ་རྨ་འབྲི་གཉིས་ཀྱི་ཕྱེ་མཚམས་ཀྱི་རི་བོ་ཆེན་པོ་ཞིག་སྟེ་མཛོག་གི་ཉག་ག་ནས་བུད་དེ་གཡས་བསྐོར་གྱི་དམར་འཛོམས་ཉག་གའི་བར་གྱི་ཆུ་རྣམས་འབྲི་ཁོག་དུ་འབབ་བཞིན་ཡོད་པས་འབྲི་གཞུང་དང་དེ་ནས་དམར་འཛོམས་ཉག་ག་ནས་མཛོག་གི་ཉག་ག་མ་ཐོན་བར་གྱི་ཆུ་རྣམས་རྨ་ཆུར་འབབ་བཞིན་ཡོད་པས་རྨ་གཞུང་ཏུ་གཏོགས་པ་འདི་ཡང་སྣ་མང་སྐྱེ་དངོས་འཛོམས་པའི་རྒྱུ་རྐྱེན་གཅིག་ཏུ་བགྲང་མི་རུང་ངམ་སྙམ་པ་བྱུང་།
ད་དུས་ཚོད་ལ་བསླེབས་སོང་བས་དེ་འདྲ་བྱེད།། མཇུག་གོང་དུ་མཁས་པ་རྣམས་ཀྱིས་ཞུས་པ་ནང་བཞིན་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་མཉམ་ལས་འདི་འདྲ་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད་ལ་འདི་ལྟའི་སྲོལ་རྒྱུན་གྱི་བཟང་སྤྱོད་རྣམས་མི་རབས་ཕྱི་མར་འཕྲོད་པ་ཞིག་ཐུགས་ལ་ནན་ཏན་དུ་བསྣམ་རོགས་ཞེས་ཡང་ཡང་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས།།
པར་པ། གཡས་ངྷ་ཏུ།
摄影:伊达得
མགོ་ལོག་ཀུན་དགའ་ཚངས་དབྱངས། མགོ་ལོག་གཅིག་སྒྲིག་ལུང་དཀར་དགོན་པའི་གྲྭ་བ། གཡུ་རྩེའི་ཨུཏྤལ་ཤེས་རིག་སྒྱུ་རྩལ་དར་སྤེལ་གླིང་འཛུགས་མཁན་དང་། གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ།
果洛·更尕仓洋:年措现任会长,2007 年与堪布扎西桑俄共同创办年保玉则生态环境保护协会。青海省久治县隆格寺僧人。2015 年与家人创办久治绿绒蒿艺术文化中心,现已支持 26 个孩子在中心学习传统唐卡和现代绘画。
རྩོམ་སྒྲིག་པ། ཨེ་མ།
编辑/Emma
更多阅读
བཤེར་རིས་འདི་བརྒྱུད་དེ་གཉན་ཚོགས་ཀྱི་ཕྲིན་སྟེགས་ལ་དོ་ཁུར་གནང་རོགས།།
想了解更多年措故事,欢迎扫码关注公众号哦~