༡ མི་ཚེའི་དཀའ་སྡུག མཁན་པོ་བསོད་དར་རྒྱས་ཀྱིས་བརྩམས།
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
དོན་དངོས་སུ་ང་ཚོའི་སྡུག་བསྔལ་ནི་ཕྱི་རོལ་གྱི་ཡུལ་ལས་བྱུང་བ་མ་ཡིན་པར་ནང་སེམས་ཀྱི་འཛིན་པ་ལས་བྱུང་བ་རེད། གནའ་བོའི་རོམ་གྱི་མཚན་ཉིད་རིག་པ་བ་ཡེ་ཤེལ་ཁི་ཐེ་དྷི་ན་རེ། ང་ཚོ་སྒྲོག་ཏུ་དམ་པོར་བཅིངས་པའི་གནས་ཚུལ་འདི་ངེད་ཅག་རང་ཉིད་ཀྱི་སྟེང་ནས་བྱུང་བ་མ་ཡིན་པར་བྱ་བ་དེར་བཅངས་པའི་བསམ་ཚུལ་ལས་བྱུང་ངོ་ཞེས་ཟེར།
༡ མི་ཚེའི་དཀའ་སྡུག
མཐའ་མེད་པའི་འཇིག་རྟེན་འཁོར་བ་འདིར་ལུས་དང་སེམས་ཀྱི་སྡུག་བསྔལ་ནི་གང་སར་ཁྱབ་འདུག མཐོ་དམན་དྲག་ཞན་སུ་ཡིན་རུང་དཔེར་ན་རྒྱ་མཚོ་གཅིག་གི་གཏིང་རིམ་གྱི་ཉ་མོ་དང་ཆུ་ཁར་གཡེངས་པའི་ཉ་མོ་སོགས་གང་ཡིན་རུང་སྡུག་བསྔལ་གྱི་ཆུ་བོར་དུས་དང་རྣམ་པ་ཀུན་ཏུ་ནུབ་པ་དང་འདྲ་བར་སྡུག་བསྔལ་འདི་གཉིས་ཀྱིས་རྟག་ཏུ་འཇོམས་པར་བྱེད་པ་རེད།
འཇིག་རྟེན་འདིའི་སྟེང་གི་མི་ཐམས་ཅད་ཀྱིས་བདེ་བ་འདོད་ཀྱང་ཏག་ཏག་འདོད་པ་ཐོག་ཏུ་མི་ཁེལ། མི་རུ་སྐྱེས་པ་ནས་བཟུང་ཐོག་མར་སྐྱེ་བ་དང་བར་དུ་རྒ་བ་ཉམས་ཉེས་པ་དང་མཐའ་མར་འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་དགོས། འཇིག་རྟེན་འདིར་སླེབས་པ་ནས་བཟུང་སུ་ཞིག་སྐྱེ་རྒ་ན་འཆི་ལས་གཡོལ་ནུས།
མི་ལ་ལ་ཞིག་རྒྱུ་ནོར་སྒྲུབ་པར་དགའ་ཡང་འབྱོར་བས་ཕྱུག་པའི་རྒྱུ་ཡོད་དག་ལ་ནི་གསོག་སྲུང་འཕྲོག་པའི་སྡུག་བསྔལ་དང་ནོར་མེད་པའི་དབུལ་པོ་དག་ལ་ནོར་མེད་འཚོལ་སྒྲུབ་ཀྱི་སྡུག་བསྔལ་ཡོད་པ་མི་ཤེས། སྐད་ཆ་གཞན་ཞིག་གིས་བཤད་ན་མི་སྣ་ཆེན་པོ་རྣམས་ལ་མི་སྣ་ཆེན་པོའི་སྡུག་བསྔལ་ཡོད་ཅིང་མི་སྣ་ཆུང་ཆུང་དག་ལ་མི་སྣ་ཆུང་ཆུང་གི་སྡུག་བསྔལ་ཡོད།
ཇི་སྐད་དུ་དབུ་མ་བཞི་བརྒྱ་པ་ལས།
མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །
ཐ་མ་རྣམས་ལ་ལུས་སྐྱེས་སོ། །
སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །
ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་གསུངས་སོ། །
འཇིག་རྟེན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལྡན་པའི་མི་སྟེ་ད་ལྟའི་མགོ་ཁྲིད་དང་ཕྱུག་པོ་ལྟ་བུ་ལ་རྒྱུ་ནོར་དང་གོ་ས། ཟས་གོས་སོགས་འདོད་རྒུ་འཛོམས་ཀྱང་ནང་སེམས་སུ་ནི་གནོན་ཤུགས་ཆེན་པོས་ཁེངས་འདུག དཔེར་ན། རང་ཉིད་ཀྱི་དབང་ཆ་སྲ་བརྟན་དུ་གཏོང་ཆེད་ཉིན་རྟག་པར་མི་སྐྱིད་ཅིང་གོ་ས་ལས་ལྷུང་བར་དོགས་ཤིང་མཉམ་པ་དག་གིས་བརྒལ་བར་འཇིགས། གཞན་གྱི་རྒྱུ་ནོར་འཕེལ་བ་ལ་ཕྲག་དོག་མི་དམན་པ་བྱེད། ལག་འོག་གི་མི་དང་རྒྱུ་ནོར་ལ་སྟངས་འཛིན་བྱེད་ཆེད་བསམ་བློ་གཏིང་སྒྲུག་བྱེད་པ་སོགས་སོ། །
འཇིག་རྟེན་གྱི་སྐྱེ་བོ་ཕལ་བའམ་མི་སྣ་ཆུང་ཆུང་དག་ལ་འདི་འདྲའི་ནང་སེམས་ཀྱི་སྡུག་བསྔལ་མེད་ཀྱང་ཚད་ལས་བརྒལ་བའི་ངལ་རྩོལ་དང་ལྟོ་སྐྱ་གོས་ཧྲུལ། སྡོད་ཁང་། སྨན་བཅོས་ཆ་རྐྱེན་ལ་འགན་སྲུང་བྱེད་མི་ཐུབ་པ་སོགས་ལ་བརྟེན་ནས་ལུས་པོའི་ངལ་དུབ་དང་རྨ་ཁ། བཀྲེས་ལྟོགས། ནད་རིགས་སོགས་ཀྱི་སྡུག་བསྔལ་སྣ་ཚོགས་ཡོད།
ཇི་སྐད་དུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
ཕྱུག་པོ་ཕྲུག་པོའི་ས་ནས་སྡུག་གཏམ་རེ། །
དབུལ་པོ་དབུལ་པོའི་ས་ནས་སྨྲེ་ངག་རེ། །ཞེས་གསུངས་སོ། །
སོ་སྐྱེ་ཕལ་བ་ཞིག་ཡིན་པའི་ཆ་ནས་སྡུག་བསྔལ་གྱིས་མི་མནར་བ་ཞིག་གང་ན་ཡང་མེད་དོ། །
རྒྱུན་ལྡན་འཚོ་བའི་ཁྲོད་དུ་ང་ཚོའི་ལུས་སྟེང་དུ་ད་དུང་འདི་འདྲའི་གནས་ཚུལ་དག་འབྱུང་སྟེ་འཕྲད་བསམ་པའི་གཉེན་ཉེ་ལ་མི་འཕྲད་པར་སྡང་དགྲ་བོ་ལ་ནི་མ་བགྲོས་ཐོལ་གྱིས་འཕྲད། ཉན་བསམ་པའི་གཏམ་འཕྲིན་བཟང་བོ་མི་ཐོས་པར་ཉན་མི་འདོད་པའི་གཏམ་ངན་ནི་རྟག་ཏུ་སྒྲོག་ཅིང་ཐོས། གཟུགས་ཕུང་བདེ་ཞིང་ཐང་བར་ཤིན་ཏུ་འདོད་ཀྱང་ཏག་ཏག་དྲག་ནད་ཀྱིས་བཟུང་ནས་རང་དབང་གི་བདེ་སྐྱིད་ལ་ལོངས་སུ་སྤྱོད་པའི་སྐལ་བ་མེད་པ་སོགས་མདོར་ན་ཅི་ཞིག་བསྒྲུབས་རུང་ཅི་ཞིག་འདོད་རུང་མཇུག་མཐར་ཐམས་ཅད་ཕྱིན་ཅི་ལོག་ཁོ་ནར་འགྲོ།
མཐའ་མེད་པའི་འཇིག་རྟེན་འཁོར་བ་འདིར་ལུས་དང་སེམས་ཀྱི་སྡུག་བསྔལ་ནི་གང་སར་ཁྱབ་འདུག མཐོ་དམན་དྲག་ཞན་སུ་ཡིན་རུང་རྒྱ་མཚོ་གཅིག་གི་གཏིང་རིམ་གྱི་ཉ་མོ་དང་ཆུ་ཁར་གཡེངས་པའི་ཉ་མོ་སོགས་གང་ཡིན་རུང་སྡུག་བསྔལ་གྱི་ཆུ་བོར་དུས་དང་རྣམ་པ་ཀུན་ཏུ་ལུས་པ་དང་འདྲ་བར་སྡུག་བསྔལ་འདི་གཉིས་ཀྱིས་རྟག་ཏུ་འཇོམས་པར་བྱེད་པ་རེད།