༡ ཆོས་ལ་བསླབས་རྗེས་མྱོང་བ་འགའ་ཞིག་ནི་ཤིན་ཏུ་ངོ་མཚར་བ་ཞིག་ཡིན།
ལེའུ་ལྔ་པ།
སངས་རྒྱས་བྱིན་རླབས་བསམ་མི་ཁྱབ།
ཆོས་ལ་བསླབས་པའི་སྐྱེ་བོ་མི་ཉུང་བ་ཞིག་གི་ལུས་སྟེང་ལ་ངོ་མཚར་བའི་གནས་ཚུལ་ཁ་ཤས་བྱུང་མྱོང་ན་ཡང་ཐང་།སངས་རྒྱས་ཀྱི་སྐུ་བརྙན་དང་བླ་མ་དང་དགོན་པའི་བྱིན་རླབས་ལ་བརྟེན་ནས་མྱོང་བ་འགའ་ཞིག་བརྗོད་དུ་མེད་ཅིང་ཤིན་ཏུ་ངོ་མཚར་བ་ཡིན་ནོ།།
དཀོན་མཆོག་རྗེས་དྲན་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱེད་པའི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་གསུངས་སོ།།
གསང་བ་སྔགས་ཀྱི་གྲུབ་བརྙེས་དམ་པ་ཧ་ཅང་མང་པོས་ཡི་དམ་གྱི་བསྙེན་པ་བསྒྲུབས་པ་ལ་བརྟེན་ནས་ཡི་དམ་གྱི་དགྱེས་ཞལ་དངོས་སུ་མཇལ་ཞིང་དབང་བསྐུར་བྱིན་རླབས་བསྩལ་རྗེས་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཤིན་ཏུ་མང་པོ་ལ་མངའ་དབང་འབྱོར་བ་རེད།
དག་ཞིང་པའི་སྐྱེས་ཆེན་རྣམས་ལ་ཡང་འདི་དང་འདྲ་བའི་གནས་ཚུལ་ཡོད། ཁོང་ཅག་སྐུ་གཤེགས་ཁར་སངས་རྒྱས་འོད་དཔག་ཏུ་མེད་པའི་སྐུའི་རྣམ་རོལ་དངོས་སུ་མཇལ་ནས་སྐད་ཅིག་ཉིད་དུ་རྫུ་འཕྲུལ་ལ་མངའ་དབང་འབྱོར་ཏེ་བདེ་བ་ཅན་གྱི་ཞིང་དུ་བགྲོད་པ་རེད། དེ་ལས་གཞན་གྲུབ་རྫས་ཁ་ཤས་ཀྱིས་ཀྱང་འཕྲལ་དུ་གྲུབ་པ་འཐོབ་པར་བྱེད་ནུས།དཔེར་ན་སྔགས་དང་མིག་སྨན་སོགས་ལ་བརྟེན་ནས་ལས་སླ་མོའི་སྒོ་ནས་ཐུན་མོང་གི་གྲུབ་པ་ཆེན་པོ་བརྒྱད་མངོན་དུ་བྱེད་ཐུབ་པ་ལྟ་བུའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཏེ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ལ་དད་པས་མཇལ་ན་བྱིན་རླབས་ཆེན་པོ་རྒྱུད་ལ་ཐོབ་ནས་རང་ཉིད་ཀྱི་སེམས་ལ་འགྱུར་བ་གཏོང་ནུས།
མི་ཧ་ཅང་མང་པོ་རི་བོ་གྲུ་འཛིན་དང་རི་བོ་རྩེ་ལྔ་ལ་ཕྱག་བསྐོར་མཆོད་མཇལ་དུ་སོང་ནས་དགོན་པའི་ནང་གི་སངས་རྒྱས་ཀྱི་སྐུ་བརྙན་ལ་མཇལ་སྐབས་ཁམས་དབང་སྔར་དང་མི་འདྲ་བར་འགྱུར་འགྲོ་བས་དེ་ནི་སངས་རྒྱས་ཀྱི་བྱིན་རླབས་ཡིན་ནོ།།
ངས་རྡོ་རྗེ་གཅོད་པའི་ཞུས་ལན་ཞེས་པའི་དེབ་གཅིག་ཀློག་མྱོང་།དེའི་ནང་དུ་རྒན་མོ་ཞིག་ཡོད་ཅིང་ཉིན་རྟག་པར་མོའི་རྒད་པོ་ལ་གཤེ་གཤེ་གཏོང་བས་མིང་ལ་ཡང་རྒད་པོར་གཤེ་ཞེས་ཐོགས།ཕྱིས་སུ་མོས་སངས་རྒྱས་ཀྱི་རྗེས་འཇུག་པ་དང་སངས་རྒྱས་ཀྱི་སྐུ་བརྙན་མཇལ་བས་སེམས་ངོ་འཕྲོད་ཅིང་། གཞན་གྱིས་རྒན་མོ་ལ་དེའི་རྒྱུ་རྐྱེན་དྲིས་པས་མོས།ཆོས་ཀྱི་བྱིན་རླབས་བསམ་མི་ཁྱབ་ཅེས་སྨྲ་བ་རེད།
དངོས་གནས་དེ་ལྟར་ཡིན་པ་རེད།ཆོས་ལ་བསླབས་པའི་སྐྱེ་བོ་མི་ཉུང་བ་ཞིག་གི་ལུས་སྟེང་ལ་ངོ་མཚར་བའི་གནས་ཚུལ་ཁ་ཤས་བྱུང་མྱོང་ན་ཡང་ཐང་། སངས་རྒྱས་ཀྱི་སྐུ་བརྙན་དང་བླ་མ་དང་དགོན་པའི་བྱིན་རླབས་ལ་བརྟེན་ནས་མྱོང་བ་འགའ་ཞིག་བརྗོད་དུ་མེད་ཅིང་ཤིན་ཏུ་ངོ་མཚར་རོ།། ལ་ལ་ཞིག་ལ་འདི་དང་འདྲ་བའི་ཉམས་མྱོང་མེད་ན་ཆོས་ལ་དད་པ་སྐྱེ་བའི་ངེས་པ་ཡང་མེད་པས་ད་ལྟར་ཐུག་གི་བར་དུ་ཡང་འཁོར་བའི་འདམ་རྫབ་ཏུ་འགྲེ་ལྡོག་རྒྱག་པ་ཁོ་ནས་དུས་འདའ་བ་རེད།དེའི་ཕྱིར།ནང་ཆོས་ཀྱི་ནང་གི་གནས་ཚུལ་འགའ་ཞིག་ནི་དངོས་གནས་བསམ་གྱིས་མི་ཁྱབ་པ་ཡིན་པས་དེ་དག་ལ་ཀུན་གྱིས་རང་གར་ལོག་ལྟ་སྐྱེ་བར་མི་རིགས་སོ།།