བྲག་ཕུག་རྒན་པོའི་འདར་གླུ་སྒྲ་ཡིག་གཉིས་ཆ་ཚང་། བསྟན་འཛིན་ནོར་བུ།
དྷཱི༔ བྲག་ཕུག་རྒན་པོའི་འདར་གླུ་ཞེས་བྱ་བ།
མགོན་སྲས་བཅས་རྒྱལ་བའི་གསང་གསུམ་གར། །ཆོས་ཐེག་དགུ་འདྲེན་པའི་
ཤིང་རྟ་པ། །ཕ་དྲིན་ཆེན་བླ་མར་གསོལ་བ་འདེབས། །གཏམ་གང་སྨྲས་འགྲོ་ལ་སྨན་པར་མཛོད། །
རྟེན་བཟང་པོ་མི་ལུས་ཐོབ་དུས་འདིར། །རྣམ་གྲོལ་གྱི་བཙན་ས་མ་ཟིན་ན། །གནས་གཅོང་རུང་ངན་འགྲོར་འཁྱམས་སྐབས་སུ། །བདེ་དགུ་ཡི་མིང་ཡང་ཐོས་པར་དཀའ། །ཚེ་མི་རྟག་ཉི་མ་ནུབ་ཁ་འདྲ། །ཁོ་མི་སྡོད་འཆི་ལ་ཇེ་ཉེར་འགྲོ། །ཆོས་ཟབ་མོ་མྱུར་དུ་མ་བསྒྲུབས་ན། །ལུས་ཐིམ་རིམ་ཐོན་དུས་སེམས་རེ་འགྱོད། །གནས་རིགས་དྲུག་མཐོ་དམན་གར་སྐྱེས་ཀྱང་། །སྡུག་མ་གཏོགས་བདེ་བའི་གོ་སྐབས་མེད། །དུས་ནམ་ཡང་མི་འགྱུར་གཏན་བདེ་མཆོག །ཟག་མེད་ཀྱི་གོ་འཕང་བསྒྲུབས་ན་འཐད། །ལས་རྒྱུ་འབྲས་བསླུ་བ་མེད་པ་ལ། །ལྷོད་མེད་ཀྱིས་སྤང་བླང་མ་བྱས་ན། །སྡུག་བསྔལ་གྱི་འདམ་དུ་ཚུད་དུས་སུ། །བློ་ཉེས་པའི་རང་རྟགས་རྗེན་ལ་འབུད། །ལུས་གཞོན་པའི་ན་ཆུང་ཕོ་མོ་ཚོར། །འཆི་དགོས་སྙམ་ཡིད་ལ་མེད་ན་ཡང་། །དགྲ་འཆི་བདག་གནམ་ལྕགས་ཐོག་དང་འདྲ། །དུས་ནམ་ཐོན་མི་ཤེས་སྙིང་རེ་རྗེ། །ཐོབ་མངའ་ཐང་ཅན་གྱི་དཔོན་པོ་ཚོའི། །སེམས་ཁེངས་པའི་རུ་དར་དཔངས་མཐོ་ཡང་། །ཡུལ་ཆ་མེད་འཕྲང་རིང་བར་དོ་རུ། །གྲོགས་མེད་པར་འཁྱམས་དུས་ཡི་རེ་མུག །ནོར་འབྱོར་པས་བརྒྱན་པའི་ཕྱུག་པོ་ཚོས། །ཚེ་འདི་དོན་སྒྲུབ་པས་གཡེང་ཆེ་ན། །མིག་ཁྲ་ཆུང་སྔོན་པོར་འགྱུར་སྐབས་སུ། །སེམས་རྒྱུ་ལ་འཕྲེང་ཡང་སྡོད་དབང་མེད། །དཔའ་ང་བཟང་སྙམ་པའི་བཙན་པོ་ཚོས། །ཡུལ་སྡེ་བའི་འདུག་ཆུས་སྒྲུབ་འདོད་ཀྱིས། །དོན་
མེད་ཀྱི་སྡིག་ལ་འབད་ཆེ་ན། །གནས་དམྱལ་ཁམས་འགྲིམ་དུས་སྙིང་རྩ་འདར། །ལུས་འབྱུང་བཞི་རྒུད་པའི་རྒན་པོ་ཚོས། །ལོ་མང་བོའི་འདུག་ཆུས་སྒྲུབ་ལུགས་ལ།།ཁོང་འཆི་བདག་གཤིན་རྗེའི་སྡེ་ཆེན་དང་། །གྲོས་མཐུན་མོར་བྱས་པ་ཡིན་ཚོད་འདྲ། །སྐུ་བགྲེས་པའི་ཤེས་ལྡན་ཨ་ཁུ་ཚོས། །ཆོས་བསླབ་གསུམ་ཉམས་བཞེས་ཡེངས་ལ་བོར། །དཀོར་ནག་པོས་བཟའ་ཚང་གསོ་ལུགས་ལ། །ཚེ་ཕྱི་མར་བཟའ་ཚང་འགྲོག་ངེས་འདྲ། །མཚན་སྙན་གྲགས་ཅན་གྱི་བླ་ཆེན་འགས། །གོང་དཔོན་པོའི་ལད་མོ་ལེན་ལུགས་ལ། །དགྲ་གྲགས་རྒྱ་ཆེ་བའི་གཤིན་རྗེ་ལ། །དཔུང་མང་པོས་འཐབ་ན་ཐུལ་ཚོད་འདྲ། །དུས་དེང་སང་ས་སྟེང་སྐྱེ་བོ་ཚོས། །ཆོས་དགེ་བ་ཆམ་གྱིས་འཇོག་ལུགས་ལ། །གནས་དམྱལ་ཁམས་ཞིག་རལ་སོང་ཚོད་འདྲ། །དེ་མིན་ན་ཐམས་ཅད་སྨྱོན་པར་འདུག །ལས་ལྡན་གྱི་སྐྱེ་བོ་ཕོ་མོ་ཚོ། །སེམས་རྣལ་དུ་ཕོབ་ལ་བསམ་བློ་ཐོངས། །དུས་ད་རེས་དགེ་ལ་མ་འབད་ན། །ད་ཕྱིན་ཆད་ཆོས་དང་འཕྲད་པར་དཀའ། །ཁོང་མཚན་ཉིད་ལྡན་པའི་བླ་མ་ཡི། །ཐུགས་དགྱེས་བཞིན་གདམས་ངག་གནང་བ་འདི། །རྙེད་དཀའ་བ་ནོར་བུས་འགྲན་རབས་མེད། །དེ་ཡལ་བར་མ་འདོར་ཉམས་སུ་ལོངས། །ཆོས་ཐེག་གསུམ་གྲུ་དང་འཕྲད་སྐབས་སུ། །གནས་འཁོར་བའི་མཚོ་ལས་བརྒལ་བྱས་ཏེ། །དོན་ཐར་པའི་སྐམ་སར་མ་བགྲོད་ན། །བློ་འདི་ལས་ཉེས་པ་གཞན་ཅི་ཡོད། །ལམ་བསླབ་གསུམ་བསྟན་པའི་རི་མོ་དེ། །ཡིད་མི་འགྱུར་ངོས་ལ་འབྲི་མཁས་ན། །ཡོངས་སྐྱེ་དགུས་བསྟོད་དམ་སྨད་ཀྱང་རུང་། །གནད་མ་འཆུགས་བདེ་ནས་བདེ་བར་འགྲོ། །གླུ་འདི་ཐོས་སེམས་ཅན་ཐམས་ཅད་ཀུན། །ཆོས་དགེ་བཅུའི་སྤྱོད་ལ་རབ་གཞོལ་ཏེ། །ཞིང་བདེ་ལྡན་གླིང་དུ་དབུགས་ཕྱུང་སྟེ། །སྐུ་གསུམ་གྱི་རྒྱལ་སར་དབང་འབྱོར་ཤོག །ཅེས་རབ་རྒྱལ་ཤིང་སྤྲུལ་ཟླ་ཚེས་ཀྱི་ཉི་ནུབ་ཀྱི་དུས་སུ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྲས་པ་དགེ་ལེགས་འཕེལ། །