དྷཱིཿ སྤྲིང་ཡིག་སྤྲིན་དཀར་མཛེས་པའི་བླ་བྲེ། སྒྲ་ཡིག་གཉིས་ཆ་ཚང་།
དྷཱིཿ སྤྲིང་ཡིག་སྤྲིན་དཀར་མཛེས་པའི་བླ་བྲེ་ཞེས་བྱ་བ་བཞུགས་སོ། །
༄༅། །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་སྤྲོ་བསྡུའི་དཔྱིད། །ཞིང་འདིའི་མཁས་དང་གྲུབ་བརྒྱའི་གཙུག་རྒྱན་མཆོག །ཁོ་བོའི་རིགས་བདག་མི་ཕམ་རྒྱ་མཚོ་དེས། །བྱང་ཆུབ་བར་དུ་ཁྱོད་ཉིད་སྲུང་གྱུར་ཅིག །དལ་ཅིག་གསོན་དང་སྙིང་སྡུག་གཞོན་ནུ་ཀྱེ། །ད་རེས་རྒྱལ་བསྟན་མཆོག་དང་འཕྲད་གྱུར་ཅིང་། །མཐུན་རྐྱེན་མཐའ་དག་ལེགས་པར་འབྱོར་སྐབས་སུ། །གཏན་བདེའི་གོ་འཕང་སྒྲུབས་ཞེས་སྙིང་ནས་བསྐུལ། །བླང་དོར་གནས་དང་གཞུང་ལུགས་མང་པོ་ལ། །ཁྱོད་ཐུགས་སྦྱངས་པའི་རྩལ་ཤུགས་མི་དམན་ཕྱིར། །རྒྱ་ཆེར་སྤྲོས་ཏེ་བསླབ་སྟོན་མི་དགོས་པས། །ཐོས་དོན་རྒྱུད་ལ་སྦྱོར་ཅེས་ཞུ་མཆིད་འབུལ། །དྲི་བྲལ་ཆོས་ཀྱི་རྒྱལ་མཚན་བསྒྲེངས་ཙ་ན། །བདུད་སྡེའི་མདའ་ལྔས་རྒོལ་བ་ཆོས་ཉིད་ཕྱིར། །ཉམ་ངའི་གནས་སུ་བག་ཟོན་མ་བྱས་ན། །མི་ནག་སྐྱེ་བོའི་གྲལ་དུ་ལྷུང་ཏ་རེ། །བུ་རམ་ཤིང་པ་སྲས་བཅས་མ་གཏོགས་པ། །བསླུ་བྲིད་ཐབས་ལ་མཁས་པའི་ན་ཆུང་མའི། །འཛུམ་པའི་ཟུར་མིག་གཡོ་བའི་ཞགས་པ་འདིས། །ས་གསུམ་སྐྱེ་དགུ་བཅིངས་པའི་ཚུལ་སོམས་ལ། །འཇམ་པོར་སྙིང་ལ་གབ་པའི་ཆགས་སེམས་དང་། །ལྡེམ་འགྲོས་ལྷག་ལྷག་ངོམ་པའི་རྐེད་མེད་མའི། །ཕུགས་ཀྱི་གྲོས་གཞི་མཛའ་བར་གྱུར་ཙ་ན། །ཧ་ཅང་བསྒྲིམས་ཏེ་གཉེན་པོའི་ར་མདའ་སྤྲིན། །རང་གི་མདུན་གྲོས་རང་ལ་བཅོལ་བྱས་ནས། །མྱུར་དུ་དགྲ་སྡེ་ཆམ་ལ་མ་ཕབ་ན། །བསླབ་གསུམ་རྒྱན་གཏོར་དགེ་བློའི་སྲོག་བཅོམ་ཚེ། །འགྱོད་ཆེན་སྙིང་ལ་མཆེད་ཀྱང་ཅི་བྱར་ཡོད། །ཕྱི་ཡི་ཡུལ་རྫོང་དཀོན་མཆོག་སྐྱབས་སུ་བསྙེན། །ནང་གི་མཁར་རྫོང་དྲན་ཤེས་བག་ཡོད་བསྟེན། །གསང་བའི་ཁྲབ་རྫོང་ཟང་ཐལ་རིག་སྟོང་བསྒོམ། །རྫོང་གསུམ་འཛོམས་ལ་བདུད་སྡེས་གླགས་མི་རྙེད། །ལུགས་གཉིས་ཆོས་ཚུལ་གང་དང་གང་ལ་ཡང་། །ད་སྔོན་ཇི་བཞིན་སློབ་པའི་རྒྱུན་བསྲིངས་ན། །བསྟན་འགྲོའི་དོན་འགྲུབ་འཆི་ཁར་གདེང་ཐོབ་པའི། །གཏན་སྲིད་ཟིན་ངེས་ཁོ་བོའི་གསང་གཏམ་ཡིན། །ལྐོག་གྱུར་གཞལ་བའི་མངོན་ཤེས་མི་ལྡན་ཡང། །བཟང་བརྒྱ་ངན་སྟོང་མཐོང་བའི་རྒན་བུ་ཡིས། །སྨྲས་པའི་གཏམ་ལ་བདེན་པའི་ཆ་མཆིས་ཕྱིར། །སྙིང་གི་བཅུད་དུ་སྟིམས་ཤིག་སྙིང་གི་བུ། །མཁས་པ་བརྒྱ་དང་གྲུབ་ཐོབ་སྟོང་མཇལ་ཡང་། །ད་སྔོན་ཐོས་པ་ལས་ལྷག་མན་ངག་གནད། །རྙེད་དུ་མེད་པས་བློ་སྣ་མི་མང་བར། །གནད་དོན་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །འདྲ་ནོར་འཕྲང་དང་ཉམས་ཀྱི་བྱེ་བྲག་ཚོགས། །དབྱར་དུས་རྩི་ཤིང་བཞིན་དུ་འབྱུང་བ་ན། །མཁས་བླུན་དུ་མའི་ངག་སྒོ་ལས་འོངས་པའི། །བདེན་རྫུན་སྣ་ཚོགས་གཏམ་ལ་མི་ཉན་པར། །སྙིང་ཐིག་ཡ་བཞི་མཛོད་ཆེན་བདུན་སོགས་ཀྱི། །ལེགས་བཤད་འདབ་སྟོང་བཞད་པའི་སྐྱེད་ཚལ་དུ། །རྣམ་དཔྱོད་རྐང་དྲུག་ཕོ་ཉས་རོལ་མཁས་ན། །ཉམས་རྟོགས་སྦྲང་རྩིའི་དགའ་སྟོན་ངང་གིས་རྙེད། །ཁྱད་པར་སེམས་ངོ་མཛུབ་བཙུགས་གདམས་པ་འདིའི། །ཚིག་དོན་གཉིས་ཆར་ཡིད་ལ་ངེས་བྱས་ལ། །ཟོལ་མེད་དད་པས་བླ་མར་གསོལ་བཏབ་ན། །དོན་རྒྱུད་རྟོགས་པའི་ཕ་ཕོག་རྙེད་པར་ངེས། །གངས་རིའི་ཕྲེང་བས་བསྐོར་བའི་ཡུལ་ལྗོངས་འདིར། །ཚིག་ཉུང་དོན་འདུས་ཟབ་གསལ་འདི་འདྲ་བ། །སྔར་ཡང་མ་བྱུང་ཕྱིས་ཀྱང་འབྱུང་དཀའ་བས། །རྨད་བྱུང་མན་ངག་ཡལ་བར་མ་འདོར་ཨང་། །མཁྱེན་པའི་རང་གཟུགས་ཀུན་མཁྱེན་མི་ཕམ་པས། །རང་རེ་བུ་སློབ་ཚོགས་ལ་ཐུན་མོང་དུ། །སྨོན་ལམ་གཏད་རྒྱས་གནང་བའི་གཞུང་བཟང་འདིར། །འཕྲད་པ་ཙམ་གྱིས་སྲིད་རྩ་ཧྲུལ་བོར་བྱེད། །གཞུང་འདིའི་ཆེ་བ་མང་དུ་བཤད་ཅི་དགོས། །ཚིག་དོན་དྲི་བྲལ་བདུད་རྩིའི་དྭངས་བཅུད་འདི། །སྙིང་གི་ཟ་མ་ཏོག་ཏུ་སྟིམས་མཛོད་དང་། །ངོ་མཚར་ལྟད་མོ་སེམས་ཀྱི་གསང་ནས་མཐོང་། །བདེན་ཞེན་བྲག་རིའི་བ་གམ་དཔངས་མཐོ་ཞིང་། །ཀུན་གཞིའི་ཆུ་གཏེར་རྦ་རླབས་དྲག་ཏུ་གཡོ། །ཆུ་བྲག་འཐབ་པའི་འཇིགས་རུང་འཕྲང་བརྒལ་ཏེ། །ཆོས་སྐུའི་ཐང་ལ་བདེ་བླག་ཕྱིན་དཀའ་བས། །འཐད་ལྡན་ལུང་རིགས་གཤོག་ཟུང་བསྐྱོད་མཁས་ཤིང་། །བྱིན་རླབས་མན་ངག་ལུས་སྟོབས་ཆེར་སྨིན་པའི། །ཆོས་ཚུལ་རྙེད་དཀའ་མཁའ་ལྡིང་བཞོན་པ་འདི། །འབྲལ་མེད་གྲོགས་སུ་སྟེན་ཅེས་སླར་ཡང་གསོལ། །སྐྱོན་ལྡན་ཡོན་ཏན་བྲལ་བའི་དམན་པ་བདག །བླ་མར་བཟུང་ནས་དུས་རྒྱུན་བཀུར་བྱས་ཀྱང་། །ངོ་འཛུམ་ཁ་ཡག་ཁྱེད་ལ་མ་འབྱོར་ཡང་། །སྙིང་དང་ངེས་པར་འདྲ་འོ་སྙིང་གཏམ་ཡིན། །འདི་ན་རིགས་གཟུགས་ནོར་གྱིས་ཁེངས་པ་འགས། །བསྙེན་བཀུར་ཐབས་ཀྱིས་བདག་ཡིད་འགུགས་བརྩོན་ཀྱང་། །གང་གི་བསླབ་གསུམ་ནགས་ཚལ་ཉམས་དགའ་རུ། །བདག་བློ་ཁུ་བྱུག་གཞོན་ཆུང་ལྷགས་པར་འདུག །ཁྱེད་དང་ང་གཉིས་ཚེ་རབས་ཐམས་ཅད་དུ། །འབྲལ་མེད་མི་ཕམ་རྒྱ་མཚོས་རྗེས་བཟུང་སྟེ། །སྲས་བཅས་རྒྱལ་བའི་སྤངས་རྟོགས་མངོན་གྱུར་ནས། །མཐའ་ཀླས་འགྲོ་ཀུན་འདྲེན་པའི་མཐུ་ཐོབ་ཤོག །
ཅེས་སྙིང་གྲོགས་འཇིགས་མེད་དབང་པོ་ལ་སྤྲིང་ཡིག་འདི་ནི་རབ་རྒྱལ་ཤིང་སྦྲུལ་ཟླ་༤ཚེས་༡ཀྱི་ཕྱི་དྲོའི་ཐུན་བར་ཞིག་ཏུ་ངག་དབང་བློ་གྲོས་མཚུངས་མེད་དུ་འབོད་པས་བྲིས་པའོ།།